པདྨ་གར་དབང་གི་བསྒྱུར་རྩོམ་དང་ཁོའི་སྙན་ངག་བདམས་བཀོད།

རྩོམ་པ་པོ།:པདྨ་གར་དབང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-06 10:58:00 ཀློག་གྲངས།:

ཨན་ནཱ།
ཐོ་ཨུ་སི་ཐཱེའི་སྨྱུག་འོག་གི་ཨན་ནཱ་ཁ་ལེ་ཉིའི་ན་ལ་བྲིས་པ།
པདྨ་གར་དབང་།
མགོ་ལོག

              1
བུ་ཆུང་སྨྲེང་ཞིང་སྨྲེང་ཞིང་སྒྱུ་མའི་རྣང་ཞིང་འཕྲེད་ཀྱིས་བརྒལ་ཙ་ན།།
ཡིད་ཀྱི་ནང་ཤག་ལ་གོར་འཕུར་བའི་ཁྱོད་ཀྱི་སེམས་མམ་ཡང་ན་ཅིས།།
སྒོམ་གཟུགས་འཛིན་པའི་བདག་གི་ཏིང་འཛིན་རླུང་ཡང་དྲག་ཏུ་དཀྱུ་བྱུང་བས།
ད་ནི་དོ་ཤི་དོ་ཆད་ལགས་པས་ཡུན་རིང་སྦས་པའི་གབ་དོན་དག།
ལན་མང་བསྐྱར་དུ་མི་ཟློ་འཕྲིག་གིས་རྟོགས་དགོས་བདག་གི་སྙིང་ཉེ་ལགས།།
ལས་ཀྱི་བུ་དང་བུ་མོ་སྦྲང་ཚོགས་ཇི་བཞིན་འཛོམས་པའི་སྐལ་བ་ཡག།
ཡས་ན་ཕ་དང་མ་ཡང་ད་དུང་འཆི་བའི་ཐོ་ཡིས་མ་བསྣུན་ན།།
མས་ཀྱི་གྲོགས་དང་འཁོར་ཡང་མ་གྲོས་ཁྱོད་ཀྱི་གམ་དུ་བྲིད་ཅིང་འདུ།།
ཁྱོ་གས་མི་གཅར་སྒྱུག་མོས་ཀྱང་ནི་ངུད་པ་མི་འཐེན་ཐམས་ཅད་མཐུན།།
ལས་ཀྱི་མཐུན་སྣང་སད་དེ་ཡོད་ཀྱང་སེམས་ན་ས་མཐའི་མི་ཞིག་སྦས།།
དགའ་བར་འོས་པ་ཞིག་ལ་མི་དེས་ཁྱོད་ཀྱང་དེ་ལྟར་ཞེད་པ་ཐོས།།
ཀུན་ཀྱིས་ཡོངས་སུ་བསྐོར་བའི་དབུས་ན་ཉིད་ནི་བློང་ཞིང་བློང་བ་འདི།།
ས་མཐའི་མི་དེ་དྲན་པས་མ་ལགས་སྐྱོ་གདུང་ཞིག་གིས་ཞི་ཚོར་གྱིས།།
ཡུན་ནས་ཡུན་དུ་བསྲིང་བའི་ལག་ཟུང་དེ་ཡིས་སྨྲེང་དབྱངས་དཀྲོལ་བས་སམ།
ཡང་ན་སྲིད་པ་སྐྲ་དཀར་རྒན་པོའི་སྤྱན་ཆབ་པང་དུ་ཁྲུལ་བ་དེས།།
              2
ལན་ཆགས་སྟོང་དང་ལེ་འདེད་བརྒྱ་ཡི་རི་སུལ་འདི་ཡང་ལན་རེར་ངུ།།
ལས་དང་ལམ་གྱིས་ཐེག་པའི་སྡིག་སྒྲིབ་དེ་ཀོ་ཁྱེད་ཀྱི་སྙིང་གར་ཐིམ།།
དེ་ན་སྨག་རིམ་བ་གམ་བརྩེགས་པའི་ལྷ་དང་ཀླུ་ཡི་ཕོ་བྲང་གདའ།།
དེས་ཀྱང་ཡུལ་དེའི་མི་དང་མི་དེའི་འཛུམ་མདངས་ལ་ཐོད་སྤྲས་པ་ལགས།།
2015.10.24ལ་སྒྲུང་གཏམ་ཞིག་གི་ཚན་པ་འགའ་ཤས་བཀླགས་པས་དེ་མུར་བྲིས།
          ལམ་གྱི་བར་དག་ནས་དྲན་པ།
རྡུལ་གྱིས་བཟོས་པའི་སྒེའུ་ཁུང་དག་ལས་སྤྲིན་དང་བྱེའུ་ཆུང་མཐོང་།།
གཤོག་པ་ཞིག་གིས་སྤྲིན་གྱི་བང་རིམ་གཞི་ནས་གཏོར་བའང་མཐོང་།།
ཕྱོགས་སུ་ཡལ་བའི་སྤྲིན་པ་དེ་ཡང་ས་དང་ཆུ་ལ་ཕོག།
སྒྲིབ་པ་དག་གིས་སྲིད་པ་སྨག་ལ་སྦྱར་ཞིང་སླར་ཡང་སྦྱོར།།
འདོད་པའི་མེ་ལྕེ་ཆུ་ཡི་འཇིངས་སུ་འཕག་འཚག་རབ་བྱས་ཏེ།།
གྲགས་སྐམ་ཐོགས་པའི་ལས་ཀྱི་སྡོང་བོ་དེ་ཡང་གཡོ་ཙམ་བྱེད།།
ཤིན་ཏུ་ལྷིང་ཞིང་འཇགས་པའི་ཞིང་གྲོང་དེ་ན་རྨི་ལམ་གྱི།།
བདེན་པའི་ཁུར་ཙ་སྒྱུ་མའི་རྣང་ཞིང་འཕྲེད་ཀྱིས་བརྒལ་བ་མཐོང་།།
ད་ནི་འོད་ཀྱི་ལམ་དང་ལྷ་ཡི་ཕུགས་ལ་དམིགས་པ་གཏད།།
ཁྱོད་ནི་རྡོག་ཁྲེས་ཤིག་གི་ཡས་དང་མས་ཀྱི་སྣེ་ལ་ཐོགས།།
བྱེའུ་ནི་སྤྲིན་གྱི་ཕག་ལ་ཡིབ་ཅིང་སླར་ཡང་མཐོང་དུ་མེད།།
མི་ནི་ཉག་ག་ཕ་གིའི་རྒྱབ་ལ་སྨྲ་བ་བསྙུངས་ནས་འདུག།
དོ་ནུབ་མཁའ་ན་སྐར་མའི་མིག་དང་ཟླ་བའི་གདོང་ཡང་མེད།།
ང་ནི་གཞས་ཆུང་ཟ་ཟིའི་ངག་དང་སྨྲེང་བའི་དབྱངས་ལ་འཕྱན།།
གཅིག་པུར་གཉིད་ལ་ཆགས་པའི་རི་བོར་བལྟས་ཤིང་ཅེར་བ་ན།
གཅུད་ལས་བྱོལ་བའི་རི་སྤྱང་ག་ཤེད་ཅིག་ནས་བསད་པ་ཐོས།།
མི་ཤིགས་ཏིང་འཛིན་བརྟན་པོའི་བདག་སེམས་དྲག་ཏུ་དཀྱུས་ན་ཡང་།།
མིག་གི་སྒོ་ལས་ཤེས་པ་གྱར་བོ་དེ་ཡང་སྡོམ་ལས་ཤོར།།
སླར་ཡང་སྒོམ་གཟུགས་དེ་ཡིས་སྒོ་ཀུན་རབ་ཏུ་གཅུན་ཙ་ན།།
གཉིད་ཐེངས་ཤིག་གིས་གྱང་ངོར་བཀལ་བའི་འཇམ་དཔལ་འཛུམ་པ་མཐོང་།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།