མོ་ཡན་གྱིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩངས་སྒྲུང《མགོ་རྟིང་སློག་པ》།

རྩོམ་པ་པོ།:མོ་ཡན་གྱིས་བརྩམས། སྙིང་མོ་སྐྱི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-20 15:05:00 ཀློག་གྲངས།:

མགོ་རྟིང་སློག་པ།
མོ་ཡན་ནས་བརྩམས། སྙིང་མོ་སྐྱིད(ལྷ་ས)ཀྱིས་བསྒྱུར།

     མག་མོག་གི་གློག་འོད་དང་ལྗོན་ཤིང་གི་གྲིབ་མའི་གར་སྟབས། ད་དུང་རྡོ་ཀ་མ་རུ་ཆག་གྲུམ་ལས་གྲུབ་པའི་ལམ་ཆུང་དེ་བརྒྱུད་ནས་ང་རང་མགྲོན་ཁང་གི་སྦུག་དུ་ཡོད་པའི་རྒྱས་ཤོམ་ཅན་གྱི་ཁང་བརྩེགས་དང་པོར་གཟས་ནས་སོང་། དོ་དགོང་ཞིང་ཆེན་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་སུའུན་ཏཱ་ཧྲིན་གྱིས་ཁང་བརྩེགས་དང་པོའི་ནུབ་ཟས་ཁང་གི་ཁང་བ་ལྔ་པ་རུ་ང་ཚོ་སྟེ། ཁོའི་སློབ་འབྲིང་གི་སློབ་གྲོགས་རྣམས་ལ་གསོལ་སྟོན་བཤམས་ནས་སྣེ་ལེན་བྱས་ཡོད།
     སུན་ཏཱ་ཧྲིན་མི་མ་བསླེབས་སྔོན་ལ་དགོད་སྒྲ་ཐོན་ཚར་འདུག ཁོའི་དབུགས་སྔ་མས་རྗེས་མས་གཞུག་ཆོད་ཐུབ་མེད་པའི་དགོད་སྒྲ་དེ་ཐོས་མ་ཐག ང་ཚོ་ཚང་མ་བྲེལ་འཚུབ་ངང་ཡར་ལངས། མ་རེད། ང་ཕུད་པའི་ཁོ་ཚོ་ཚང་མ་མ་གཞི་ནས་ལངས་བསྡད་ཡོད། སུན་ཏཱ་ཧྲིན་གྱི་དགོད་སྒྲ་ཐོས་མ་ཐག་ཁོ་ཚོའི་ལྷོད་ལྷོད་ངང་གནས་པའི་གཟུགས་པོ་གློ་བུར་དུ་ཤ་སྒྲིམ་པས། ད་སོ་མ་འབོལ་ཁྲི་ལས་ཡར་ལངས་བ་འདྲ་བའི་ཚོར་སྣང་ཞིག་སྦྱིན་ཡོང་། ཐ་ན་བལྟས་ཚོད་དུ་མཚོ་ངོས་བཞིན་ལྷིང་འཇགས་ཡིན་པའི་ཞེ་ལན་དབྱིན་གྱིས་ཀྱང་སྐེད་པ་ཅུང་ཇེ་དྲང་དུ་བཏང་རྗེས་རྐུབ་སྟེགས་ཀྱི་རྒྱབ་བསྙེས་སུ་ཁེན་པའི་ལག་པ་གཉིས་ཀ་མར་བླངས་ནས་བསྣོལ་ཏེ་ལྟོ་བའི་མདུན་དུ་བཞག བྲེལ་འཚུབ་ངང་ཡར་ལངས་མཁན་ངོ་མ་དེ་ང་ཡིན། མ་གཞི་ང་རང་ཡར་ལངས་རྩིས་མེད་མོད། ངའི་ལུས་པོ་རང་ཉིད་ཡར་ལངས་སོང་།
     ཡག་ཕོ་སྒོ་འཛོམས་པའི་གསར་བུ་དེས་སྒོ་ཕྱེ་རྗེས་སྐེད་པ་སྒུར་སྒུར་དང་གདོང་ལ་སྦྱོང་བརྡར་ལས་གྲུབ་པའི་འཛུམས་ཀྱིས་ཁེངས་ཏེ་མགྱོགས་མྱུར་ངང་ཕྱོགས་ཅིག་ཏུ་གཞོལ། མི་སྣ་གྲགས་ཅན་ཞིག་གར་སྟེགས་བུད་པ་ཇི་བཞིན་སུན་ཏཱ་ཧྲིན་གཟི་འོད་ཆེམ་ཆེམ་དང་བཅས་ང་ཚོའི་མིག་མདུན་དུ་མངོན་བྱུང་། ཁོའི་ཁོག་སྟོད་ལ་གསེར་མདོག་གི་ལྭ་བ་ཕུ་ཐུང་ཅན་ཞིག་གྱོན་ལ། ཁོག་སྨད་དུ་རྐང་སྣམ་ནག་པོ་ཞིག་གྱོན་འདུག ལྟོ་བ་ཅུང་འབུར་རུང་ཆེ་རྒྱུ་མེད། ཀླད་དཀྱིལ་དུ་སྐྲ་མེད་པས་གཞོགས་གཉིས་ཀྱི་སྐྲས་བཀབ་འདུག ཁོའི་སྐྲ་རྐང་རེ་རེ་གསལ་བོར་དགར་ཐུབ་ཅིང་། བལྟས་ཚོད་དུ་ཧ་ཅང་རྩ་ཆེན་ཡིན་པར་སྣང་། ལོ་ཉི་ཤུའི་སྔོན་གྱི་མ་རབས་པྲ་ཆལ་གྱི་སུན་ཏཱ་ཧྲིན་གྱི་སྣང་བརྙན་དེ་ཨུ་ཚུགས་མཐར་སྐྱེལ་གྱིས་ངའི་བློ་ངོར་ཤར་ཏེ་མིག་མདུན་གྱི་ལས་བྱེད་སུན་ཏཱ་ཧྲིན་དང་མངོན་གསལ་གྱི་སྡུར་བ་ཞིག་གྲུབ་བྱུང་། ངའི་མིག་མདུན་དུ་ལངས་བའི་དཔོན་ཆེན་འདི་ཆུང་དུས་སིལ་ཏོག་བརྐུ་དུས་སྟབས་མ་ལེགས་པར་ངེད་ཚང་གི་ཕག་ཁང་དུ་ལྷུང་བའི་སུན་ཏཱ་ཧྲིན་དེ་ནར་སོན་པ་རེད་ཟེར་ན་ངོ་མ་རློམ་དཀའ་སྟེ། རྟོའུ་ལུ་ནར་སོན་རྗེས་བོང་བུ་ལོ་ལོན་ཞིག་ཏུ་ཆགས་པ་རེད་ཅེས་བརྗོད་པ་བཞིན་ནོ། ཡིན་ནའང་་གཞན་དང་མི་མཚུངས་ཞིང་སུས་ཀྱང་ལད་ཟློས་བྱེད་མི་ཐུབ་པའི་ཁོའི་དགོད་སྒྲ་དེས་མིག་མདུན་གྱི་དཔོན་ཆེན་རྒྱགས་པ་དེ་ནི་ཆུང་དུས་ནས་གཞན་དངོས་བརྐུ་མཁན་གྱི་མི་ངན་སུན་ཏཱ་ཧྲིན་ཡིན་པ་ར་སྤྲོད་བྱས།
     "ཧི་ཧི་་་་་་་་་་་་་ཧོ་ཧོ་་་་་་་་་་་ཧི་ཧི་་་་་་་་་་་་"སུན་ཏཱ་ཧྲིན་གྱི་གདོང་ཡོངས་འཛུམ་གྱིས་ཁེངས་ཏེ་ང་ཚོར་ཕྱོགས་ནས་བསླེབས་བྱུང་། ཀོ་བས་བཏུམས་པའི་སྒོ་མཐུག་པོ་དེ་གྲག་འགུལ་ཅི་ཡང་མེད་པར་བརྒྱབ་པ་དང་། ཡག་ཕོ་སྒོ་ཅན་གྱི་གསར་བུ་དེ་ཡང་དུ་བ་ཇི་བཞིན་གར་སོང་ཆ་མེད་དུ་གྱུར།
     "ཧི་ཧི་་་་་་་་་ཧོ་ཧོ་་་་་་་ཏུང་ལའང་ཆིན་་་"སུན་ཏཱ་ཧྲིན་གྱིས་ཏུང་ལའང་ཆིན་གྱི་ལག་པ་འཇུས་ནས་དགོད་ཞོར་དུ་བཤད་རྒྱུར། "དཔོན་མཛོད་ནང་གི་བྱི་བའི་ཆེ་ཆུང་བྲེ་གང་ཡོད། མཛོད་སྒོ་ཕྱེ་རུང་འབྲོ་མཁན་མེད།"
     "ཧི་ཧི་་་་་་་་་་ཧོ་ཧོ་་་་་་་་་་ཀྲང་ཧྥ་ཀྲན་་་་་་་་་་་་་་"་སུན་ཏཱ་ཧྲིན་གྱིས་ཀྲང་ཧྥ་ཀྲན་གྱི་ལག་པ་འཇུས་ནས་དགོད་ཞོར་དུ་བཤད་རྒྱུར། "ཕྱུག་འགྱུར་བྱེད་འདོད་ན་ཐོག་མར་ལམ་ལས་དགོས།"
     "ཧི་ཧི་་་་་་་་་་་ཧོ་ཧོ་་་་་་་་སང་ཙི་ལའན་་་་་་་་་་་་"སུན་ཏཱ་ཧྲིན་གྱིས་སང་ཙི་ལའན་གྱི་ལག་པ་འཇུས་ནས་དགོད་ཞོར་དུ་བཤད་རྒྱུར། རིམ་གསུམ་མི་སྣས་ཞྭ་ཆེན་མདའ་གཡབ་ཅན་གྱོན། ཞུ་སྦྱོར་སྔ་མ་ཟོས་རྗེས་ཕྱི་མ་ཟ།
     "ཧི་ཧི་་་་་་་་་་་ཧོ་ཧོ་་་་་་་་"ཞའོ་མོ་ཧྥང"་་་་་་་་་་་་"སུན་ཏཱ་ཧྲིན་གྱིས"ཞའོ་མོ་ཧྥང་"གི་ལག་པ་འཇུས་ནས་དགོད་ཞོར་དུ་བཤད་རྒྱུར། "དཔེ་ཆའི་ནང་དུ་གསེར་ཁང་ཡོད། དཔེ་ཆའི་ནང་དུ་སྒེག་མོ་ཡོད།"
     སུན་ཏཱ་ཧྲིན་གྱི་གདོང་ལ་འཛུམ་གྱིས་ཁེངས་ནས་ཞེ་ལན་དབྱིན་མདུན་དུ་ལངས་ཏེ་མོའི་མགོ་ནས་རྐང་བར་ཐེངས་འགར་བལྟས་རྗེས་མིག་གཉིས་ཁོ་མོའི་སྐེག་རྡོག་ལྟ་བུའི་གདོང་ཆེན་པོ་དེའི་སྟེང་ཅེར་ནས་དགོད་ཞོར་དུ" ཞུའུ་ལྕམ་མོ་རྒས་མི་འདུག"ཟེར།
     ཞེ་ལན་དབྱིན་གྱི་གདོང་ལམ་སེང་དམར་པོར་གྱུར།
     སུན་ཏཱ་ཧྲིན་ཀྱིས་ལག་པ་བརྐྱངས་ནས"མ་འཇལ་ཡུན་རིང་། ལག་འཇུ་ཞིག་བྱེད།"ཟེར།
     ཞེ་ལན་དབྱིན་གྱིས་ཐེ་ཚོམ་དང་བཅས་ལག་བརྐྱངས་ནས་སུན་ཏཱ་ཧྲིན་ལ་ཡིད་ཚིམ་པ་ཞིག་འཇུ་རུ་བཅུག་པ་དང་། གདོང་ཕྱོགས་གཞན་ཞིག་ཏུ་གཅུས་ནས་བསྡད་པ་ན། ཧ་ཅང་ངོ་ཚ་བའི་རྣམ་པ་དེ་བུ་མོ་ལོ་ཆུང་ཅིག་དང་ཨ་ན་མ་ན་རེད།
     "ཞའོ་མོ་ཧྥང"ཁྱོད་ཀྱིས་ཞེ་ལན་དབྱིན་ཚོད་འཛིན་བྱས་པ་མང་དྲགས་པ་མིན་ནམ།"སུན་ཏཱ་ཧྲིན་གྱིས་ཞེ་ལན་དབྱིན་གྱི་ལག་པ་འཇུ་བཞིན་མགོ་བོ་གཅུས་ཏེ"ཞའོ་མོ་ཧྥང"ལ་དྲིས།
     "མ་ཉེས་ཁ་གཡོག་རེད་ཡ། སུན་པུའུ་ཀྲང་།" ཞའོ་མོ་ཧྥང་གིས་འུད་བརྗོད་ངང་བཤད་རྒྱུར། "ཁྱོད་ཀྱིས་ངའི་ཚུགས་ཀར་ཅིག་ལྟོས་དང་། ངས་ཁོ་མོ་ཚོད་འཛིན་བྱེད་ཐུབ་རྒྱུ་ཨེ་རེད།"
     "ཁོག་ན་སྡུག་ཅི་ཞིག་ཡོད་རུང་ང་ལ་ཤོད་དང་།"སུན་ཏཱ་ཧྲིན་གྱིས་ཞེ་ལན་དབྱིན་གྱི་གདོང་ལ་ཅེར་ནས"དཔོན་པོ་ངས་ཁྱོད་ལ་ཐག་གཅོད་བྱས་ཆོག"ཟེར།
     སུན་ཏཱ་ཧྲིན་གྱིས་ཞེ་ལན་དབྱིན་གྱི་ལག་པ་བཏང་བ་དང་འཛུམ་ཤིག་ཤིག་གིས་ང་གཟས་ནས་བསླེབས་བྱུང་། མ་གཞི་ངས་ཁོར་ཨ་ཁུ་རྟ་རྫི---(འདི་ནི་སློབ་ཆུང་འགྲིམས་དུས་ངས་དངོས་སུ་ཁོར་གཏགས་པའི་འཚང་མིང་ཡིན)ཞེས་ལན་ཅིག་འབོད་འདོད་མོད། ཡིན་ནའང་སྐད་ཆ་ལྕེ་རྩེར་བསླེབས་མ་ཐག་ཕྱིར་ཁོག་ཏུ་མིད། ཁོའི་ལག་པ་རྒྱགས་པ་ཆུང་ཆུང་དེ་ཚུར་བསྲིངས་བ་མཐོང་དུས་ངའི་ལག་པས་སྒུག་ཐབས་བྲལ་བའི་ངང་མྱུར་མོར་ཁོའི་ལག་པར་འཇུས། ངའི་ལག་པས་ཁོའི་ལག་པ་རྒྱགས་པ་ཆུང་ཆུང་དེ་སྒོ་ང་ལས་ཕྱིར་བུད་མ་ཐག་པའི་བྱ་ཕྲུག་ཇི་བཞིན་དྲོད་ཅིང་སྙི་བ་ཚོར་བྱུང་།
     "ཝེའེ་སྡེར་མོ་ཆེན་པོ། དོ་དགོང་ཁྱོད་ངོ་མ་ནམ་རྒྱུན་དང་མི་འདྲ་བར་ཆགས་འདུག"སུན་ཏཱ་ཧྲིན་གྱིས་ངའི་ཕུ་ཐུང་ལ་མཛུབ་མོས་ཕུར་ཙམ་བྱས་རྗེས་དགོད་ཞོར་དུ"སྔོན་ལ་ས་རྒྱུས་བླངས་མེད་དམ།"ཟེར།
      "མགྲོན་ཁང་སྣ་ཤོ་འདི་ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་ཨར་འདམ་གྱིས་གཡོགས་འདུག་པས་ས་སྤར་མོ་བཙལ་རྒྱུ་ཀྱང་དཀའ་མོ་རེད།"ངས་སྣང་མེད་ངང་ལན་བཏབ། ཞའོ་མོ་ཧྥང་གིས"ང་ཚོ་བསླེབས་དུས་ཁོས་ལྭ་བ་ཚང་མ་ཕུད་རྗེས་ནུབ་ལྭར་རྐང་བས་ཕུར་ཀྱིན་འདུག"ཟེར།
     ཚང་མ་སྐད་ཆེན་པོས་བགད།
     "ཆོག་གི ཆོག་གི མི་དྲང་མོར་བརྙས་བཅོས་མ་བྱེད"སུན་ཏཱ་ཧྲིན་ཚང་མར་ཁ་གཏད་ནས"མར་སྡོད། མར་སྡོད།"ཟེར། ཁོས་འཁྲིས་ཀྱི་རྐུབ་བཀྱགས་རྒྱབ་བསྙེས་མར་རྡེབ་ཙམ་བྱས་ཏེ" ཞེ་ལན་དབྱིན། ཁྱོད་ངའི་འགྲམ་དུ་སྡོད"ཟེར།
     ཞེ་ལན་དབྱིན་གྱིས་དོགས་མི་བདེ་བའི་ངང"ང་རང་འདིར་བསྡད་ན་ཆོག"ཟེར།
     "མི་ཆོག "སུན་ཏཱ་ཧྲིན་གྱིས"ད་ལྟ་ནུབ་ཕྱོགས་དང་འབྲེལ་མཐུད་བྱེད་རྒྱུ་དར་ཁྱབ་ཆེ་བས། སྐྱེས་མར་ཁྱད་དབང་སྤྲོད་དགོས"ཟེར།
     "སུན་པུའུ་ཀྲང་གིས་ཁྱོད་རང་དེར་སྡོད་ཟེར་ན་དེར་སྡོད་ཅིག"ཞའོ་མོ་ཧྥང་གིས་བཤད།
     "ཕར་སྡོད་དང་། ཕར་སྡོད་དང་།"ཏུང་ལའང་ཆིན་གྱིས་ཞེ་ལན་དབྱིན་ཡར་འཐེན་ནས་དྲུད་དེ་སུན་ཏ་ཧྲིན་གྱི་འཁྲིས་སུ་སྡོད་དུ་བཅུག
     ཅོག་ཙེ་སྒོར་སྒོར་དེ་ཧ་ཅང་ཆེ་བས་མི་དྲུག་པོ་ཐར་ཐོར་དུ་བསྡད་འདུག
     "ཚང་མ་རུབ་རུབ་ངང་སྡོད་དང་།" སུན་ཏཱ་ཧྲིན་གྱིས་བཤད།
     མི་གཅིག་ཀྱང་མ་འགུལ།
     སྒེག་ཉམས་ཀྱིས་ཕྱུག་པའི་ཞབས་ཞུ་མ་ཞིག་སུན་ཏཱ་ཧྲིན་གྱི་རྒྱབ་ཏུ་ཕྱིན་ནས་སྐད་དམའ་མོས"སུན་པུའུ་ཀྲང་། ཆང་ཅི་ཞིག་འཐུང་ངམ"ཞེས་དྲིས།
     སུན་ཏཱ་ཧྲིན་གྱིས་ང་ཚོར་ལན་ཅིག་བལྟས་བ་དང"སློབ་གྲོགས་རྙིང་བའི་ལྷན་འཛོམས་ལ་ཆང་དཀར་འཐུང་བ་དཔེ་ཡིན། "ཟེར།
     "ངས་ཆང་དཀར་མི་འཐུང"ཞེ་ལན་དབྱིན་གྱིས་བཤད།
     "ཡང་ཁྱོད་ཀྱིས་སྤྲོ་བ་བཅོམས་འདོད་དམ།"ཞའོ་མོ་ཧྥང་གིས་ཞེ་ལན་དབྱིན་ལ་མིག་ལོག་ཅིག་བལྟས།
     "ཆང་དཀར་ལ་མོའོ་ཐའེ་དང་ཝུའུ་ལའང་ཡེ། ཅོ་ཀའེ། ཧྥིན་ཅོ་སོགས་ཡོད་པས་ཁྱོད་རང་གིས་གང་ཞིག་མཆོད་དམ།"ཞབས་ཞུ་མས་དྲིས།
     "ཅོ་ཀའེ།"སུན་ཏཱ་ཧྲིན་གྱིས་བཤད།
     ཞབས་ཞུ་མས་ཆང་དམ་གྱིས་ཁ་ཕྱེས་བ་དང་མི་རེ་རེའི་མདུན་གྱི་ཆང་དཀར་དུ་ཆང་བླུགས། ཞེ་ལན་དབྱིན་གྱིས་ཆང་དཀར་གྱི་ཁ་བཀབ་ནས"ངས་ངོ་མ་འཐུང་མི་ཐུབ་ཀི"ཟེར།
     "འཐུང་མི་ཐུབ་རུང་གང་བླུགས་ཏེ་བལྟས་ན་ཆོག" སུན་ཏཱ་ཧྲིན་གྱིས་བཤད།
     "སུན་པུའུ་ཀྲང་གི་ཁར་ཉན་རྒྱུ་བྱས།"ཀྲང་ཧྥ་ཀྲན་གྱིས་ཞེ་ལན་དབྱིན་གྱི་ལག་གི་ཆང་དཀར་འཕྲོག་སྟེ་བཤད།
     ཞབས་ཞུ་མ་གཅིག་གིས་ཆང་ལྡུག་པའི་དུས་ཡུན་ཐུང་ཐུང་དེའི་ནང་དུ་ཞབས་ཞུ་མ་འགས་ཞ་ཆེན་པོ་དང་སྡིག་སྲིན། ཧའེ་ཧྲིན། ཉ་བསྙལ་མ་སོགས་མཚོ་འབུ་དག་སྡེར་མ་ཆེན་པོ་རེ་རེའི་ནང་བླུགས་ཏེ་ཅོག་ཙེ་ཐོག་བསྒྲིགས།
     སུན་ཏཱ་ཧྲིན་གྱིས་ཆང་དཀར་བཀྱགས་ནས་བཤད་རྒྱུར།" སློབ་གྲོགས་རྣམ་པ། མ་མཇལ་ཡུན་རིང་། ཆང་འདི་ངས་ཁྱོད་ཚོར་བཀྱགས་པ་ཡིན། ཚང་མ་ཞབས་དག་ཡོན་ནོ"ཟེར།
     ང་ཚོ་ཡར་ལངས་ནས་ཆང་དཀར་བཀྱགས་ཏེ་མར་སྒུར་ནས་སུན་ཏཱ་ཧྲིན་གྱི་ཆང་དཀར་དང་གཏུག་ཙམ་བྱས། སུན་ཏཱ་ཧྲིན་གྱིས་ཆང་དཀར་ཅོག་ཙེ་སྟེང་བརྡབ་ཙམ་བྱས་ཏེ་བཤད་རྒྱུར།"མར་ཙོག་སྡོད། མར་ཙོག་སྡོད།"ཟེར།
     ཁོས་ཆང་དཀར་བཀྱགས་ནས་དབུགས་ཐེངས་གཅིག་གིས་བཏུང་རྗེས་ཆང་དཀར་མགོ་རྟིང་སློག་ནས་ཚང་མར་ལྟ་རུ་བཅུག
     ཆང་ཉུང་ཉུང་འདི་འདྲ་ཅིག་ཅི་ཡང་མ་རེད། ངས་ཀྱང་ལམ་སེང་ཞབས་བཏགས་བརྒྱབ་པ་ཡིན། ཀྲང་ཧྥ་ཀྲན་དང་ཞའོ་མོ་ཧྥང་གིས་ཀྱང་ཞབས་བཏགས་བརྒྱབ། ཞའེ་ལན་དབྱིན་གཅིག་པུས་ཞབས་བཏགས་བརྒྱབ་མི་འདུག སུན་ཏཱ་ཧྲིན་གྱིས་ཁོ་མོའི་ཆང་དཀར་ཅིག་བལྟས་ཏེ་བཤད་རྒྱུར། "ཁྱོད་ཀྱི་ཁ་ཤས་ཆང་ལ་ཐུག་ཙམ་ཡང་བྱས་མི་འདུག འདི་ལྟར་ག་ལ་འགྲིག"ཟེར།
     "ངས་ངོ་མ་འཐུང་མི་ཐུབ་ཀི"ཞེ་ལན་དབྱིན་གྱིས་བཤད།
     སུན་ཏཱ་ཧྲིན་གྱིས་མོའི་ཆང་དཀར་བཟུང་ནས་མོའི་མདུན་དུ་བཀྱགས་ཏེ་བཤད་རྒྱུར། "ཁྱོད་ཀྱིས་ང་ལ་ཁ་ངོ་འདི་འདྲ་ཞིག་ཀྱང་མི་སྟེར་རམ།"ཟེར།
     "ངས་ངོ་མ་འཐུང་མི་ཐུབ་ཀི"
     "ཁྱོད་ཀྱིས་ཆུ་འཐུང་ཨེ་ཐུབ།"
     "ཆུ་འཐུང་ལོས་ཐུབ།"
     "ཆུ་འཐུང་ཐུབ་ན་ཆང་ཡང་འཐུང་ཐུབ།"
     "དེ་ན་འདི་ལྟར་བྱས།"སང་ཙི་ལན་གྱིས་ཁ་གྲག་བྱུང་།"ཞའོ་མོ་ཧྥང་གིས་ཁྱོས་ཚབ་ཏུ་འཐུང་རྒྱུ་བྱས།"
     "མི་ཆོག"སུན་ཏཱ་ཧྲིན་གྱིས"ཆང་འཐུང་དུས་བཟའ་ཟླའི་འབྲེལ་བ་མེད"ཟེར།
     ཞའོ་མོ་ཧྥང་གིས་ཁོང་ཁྲོའི་ངང"ཙི་གུའི་སྨན་ཡིན་རུང་ཁྱོས་འཐུང་དགོས།"ཟེར།
     སུན་ཏཱ་ཧྲིན་གྱིས་མིག་ཆེས་ཆེར་གདངས་ཏེ"ཁྱོད་ཀྱིས་འདི་ལྟར་བརྗོད་དོན་ཅི་ཡིན"ཟེར།
     ཞའོ་མོ་ཧྥང་ཅུང་ཙམ་ཧད་རྗེས་ལམ་སེང་གདོང་ལ་འཛུམ་ཞིག་ལངས་ནས"ཁ་འཕྱུགས་སོང་། ཆད་པ་ཆང་དཀར་གསུམ་འཐུང་ཆོག"ཞེས་བཤད་མ་ཐག་ལག་པ་བསྲིངས་ནས་ཆང་དམ་ལ་འཇུས།
     "ཁྱོས་འཐབ་རྩོད་ཀྱི་ཁ་ཕྱོགས་གཙོ་བོ་མ་བསྒྱུར་ཅིག"སུན་ཏཱ་ཧྲིན་གྱིས"ཞེ་ལན་དབྱིན་ཁྱོས་འཐུང་ངམ་མི་འཐུང་། ཁྱོས་མི་འཐུང་ན་ང་ཚོས་ཀྱང་མི་འཐུང"ཟེར།
     ཞེ་ལན་དབྱིན་གྱིས"ཁྱོད་འདི་ད། ར་བཟི་སྟེ་བཟོ་ལྟ་འཆོར་ན་ཁྱོད་ཚོས་ང་ལ་འཕྱ་སྨོད་མ་བྱེད་ཅིག"ཟེར།
     སུན་ཏཱ་ཧྲིན་གྱིས"སུས་ཕོད་དམ། ང་རང་འདིར་ཡོད་པས་སུས་ཁྱོད་འཕྱ་སྨོད་བྱེད་ཕོད་དམ། ཡང་གཅིག་བཤད་ན་ངས་ཁྱོད་བཟི་རུ་འཇུག་མི་སྲིད།"ཟེར།
     ཞེ་ལན་དབྱིན་གྱིས"དེ་ན་ཆོག་གི ངས་བཏུང་ཆོག"ཟེར། ཁོ་མོས་ཆང་དཀར་བཀྱགས་ནས་ཧུབ་གང་བཏུང་རྗེས་ཁ་སྙེར་སྙེར་ངང་ཁ་ཚ་བ་ལ་ཨང་།"ཟེར། དེ་རྗེས་མགོ་བོ་ལྟག་རྒྱབ་ལ་དགྱེ་ཙམ་བྱས་ཏེ་ཆང་དཀར་ནང་གི་ཆང་གཙང་མར་བཏུང་བ་དང་། ཆང་དཀར་དེ་ཅོག་ཙེའི་སྟེང་ཁ་སྦུབ་དུ་བཞག་སྟེ"ངའི་ལས་འགན་འགྲུབ་སོང"ཟེར།
     "ཁྱོས་ལས་འགན་ཅི་ཞིག་འགྲུབ་སོང་། གསར་བརྗེར་རྒྱལ་ཁ་ཐོབ་མེད་པས། བློ་མཐུན་ཚོས་མུ་མཐུད་དུ་འབད་པ་བྱེད་དགོས"སུན་ཏཱ་ཧྲིན་གྱིས་སྤྱི་སྤྱོད་ཐུར་མས་ཆུ་འབུ་གློ་ཉ་ཆེན་པོ་ཞིག་ཞེ་ལན་དབྱིན་གྱི་སྡེར་མའི་ནང་བཞག་རྗེས"ཟ་མ་ཏོག་ཙམ་ཟོ་དང་། མུ་མཐུད་དུ་འཐབ་རྩོད་བྱེད་དགོས། ཚང་མས་ཟ་མ་ཟོ"ཟེར།
     ཆང་དཀར་གསུམ་བཏུང་རྗེས་ཞེ་ལན་དབྱིན་ཁྱ་ར་ཁྱོ་རེའི་ངང་ཡར་ལངས་ཏེ"ངས་ཁམ་གང་ཡང་འཐུང་མི་སྲིད"ཟེར།
     སུན་ཏཱ་ཧྲིན་གྱིས་ཁོ་མོའི་དཔུང་བར་འཇུས་ཏེ"ཁྱོད་གང་ལ་འགྲོ་རྒྱུ་ཡིན་ནམ།"ཞེས་དྲིས།
     ཞེ་ལན་དབྱིན་གྱིས"ངས་མི་འཐུང་། ངོ་མ་མི་འཐུང"ཟེར།
     སུན་ཏཱ་ཧྲིན་གྱིས"མི་འཐུང་རུང་མར་ཙོག་སྡོད"ཟེར།
     "ལེགས་སོ། ལེགས་སོ། ང་བསྡད་ཆོག"
     ཏུང་ལའང་ཆིན་གྱིས་ཆང་དཀར་བཀྱགས་ཏེ་སུན་ཏཱ་ཧྲིན་གྱི་འཁྲིས་སུ་ཕྱིན་ནས"སུན་པུའུ་ཀྲང་། ངས་ཁྱེད་ལ་ཆང་གང་འདྲེན།"ཞེས་སྨྲས།
     སུན་ཏཱ་ཧྲིན་གྱིས"ཆང་འཐུང་དུས་སློབ་གྲོགས་མ་གཏོགས་པུའུ་ཀྲང་དང་ཅུའུ་ཀྲང་མེད། སུས་ལུགས་སྲོལ་འདི་བརྩི་སྲུང་མ་བྱས་ན་ཆད་པ་ཆང་དཀར་གསུམ་ཡིན"ཟེར།
     ཏུང་ལའང་ཆིན་གྱིས"རྗེས་མར་མཉམ་འཇོག རྗེས་མར་མཉམ་འཇོག"ཟེར།
     སུན་ཏཱ་ཧྲིན་གྱིས"ཐོག་མར་ཆད་པའི་ཆང་བཏུང་ཅིག"ཟེར།
     "སུན་པུའུ་ཀྲང་།"
     "ཡང་ནོར་སོང་།
     "ཏུང་ལའང་ཆིན་གྱིས"ཆོག་གི ངས་བཏུང་ཆོག"ཟེར།
     ཏུང་ལའང་ཆིན་གྱིས་བསྟུད་མར་ཆང་དཀར་གསུམ་བཏུང་རྗེས་གང་བླུགས་ཏེ་བཤད་རྒྱུར།" སློབ་གྲོགས། ངས་ཁྱེད་ལ་ཆང་གང་འདྲེན"ཟེར།
     ཚང་མས་རེས་མོས་སྒོས་སུན་ཏཱ་ཧྲིན་ལ་ཆང་དྲངས། འཁོར་ཏེ་ཞའོ་མོ་ཧྥང་བསླེབས་དུས། ཁོས་རང་ཉིད་ཀྱིས་ཆང་དཀར་གསུམ་བཏུང་རྗེས"ངས་སྔོན་ལ་ཆད་པ་ཆང་དཀར་གསུམ་བཏུང་བ་ཡིན། སུན་པུའུ་ཀྲང་། སློབ་གྲོགས་ངས་ཁྱོད་ལ་ཆང་གང་འདྲེན།"ཞེས་སྨྲས།
     སུན་ཏཱ་ཧྲིན་གྱིས"འདི་མི་ཆོག བསམ་གཟས་ནས་སྒྲིག་སྲོལ་ལས་འགལ་བས་ད་རུང་ཆད་པ་ཆང་དཀར་གསུམ་བཏུངས།"ཟེར།
     ཞའོ་མོ་ཧྥང་གིས་བརྗིད་ཉམས་ངང་བཤད་རྒྱུར"འཐུང་ན་འཐུང་། ཕོ་ཁྱོ་ག་ཞིག་ལ་མཚོན་ན་ཆང་དཀར་གསུམ་
ཅི་ཡང་མ་རེད།"ཟེར།
     ཞེ་ལན་དབྱིན་གྱིས་སྐད་དམའ་མོས"སྨྱོན་པ་རེད།"ཟེར།
     སུན་ཏཱ་ཧྲིན་གྱིས་"སེམས་ན་བྱུང་ངམ།"ཟེར།
     ཞེ་ལན་དབྱིན་གྱི་གདོང་དམར་ནག་ཏུ་གྱུར་ནས"སུས་ཁོར་ཁ་ཡ་བྱེད་འདོད།"ཟེར།
     ཞའོ་མོ་ཧྥང་གིས་ཞབས་བཏགས་ལན་གསུམ་བརྒྱབ་རྗེས"གཉིས་གསུམ་དྲུག གསུམ་གསུམ་དགུ སུན་པུའུ་ཀྲང་ད་ངས་ཁྱེད་རང་ལ་ཆང་གང་དྲངས་ན་ཨེ་ཆོག"ཟེར།
     སུན་ཏཱ་ཧྲིན་གྱིས་ཆང་དཀར་ཞའོ་མོ་ཧྥང་དང་གཏུགས་ཙམ་བྱས་ནས"རྩིས་རིག་ཡག་པོ་སྦྱངས་འདུག"ཟེར།
     "ང་ལོ་བཅུ་ལྷག་ཙམ་ལ་དཔེ་ཁང་གི་རྩིས་པ་བྱས་པ་དང་། ལོ་བརྒྱད་ལྷག་ལ་སྤྱི་གཉེར་གཞོན་པ་དང་རྩིས་པའི་འགན་གཅིག་ལྕོགས་སུ་བཞེས་པ་ཡིན"ཞའོ་མོ་ཧྥང་གིས་སེམས་ཅུང་སྡུག་པའི་སྒོ་ནས་བཤད།
     ཞེ་ལན་དབྱིན་གྱིས"བཤད་རྒྱུ་ངོ་མི་ཚའམ། ཁྱོས་རང་ཉིད་ཀྱི་ད་ལྟའི་གནས་ཚུལ་ལ་ཅིག་ལྟོས་དང་།"ཟེར།
     ཀྲང་ཧྥ་ཀྲན་གྱིས"སྤུན་ཟླ་ཞའོ་ཡིས་དབང་ཆ་ལོན་མེད་རུང་བརྩེ་དུང་ལོན་ཡོད་པ་མ་ཡིན་ནམ། འོན་ཀྱང་དབང་ཆ་ལོན་མེད་པ་ཡང་མ་ཡིན་ཏེ། སྤུན་ཟླ་ང་ཡང་ལོ་མང་པོར་གཞོན་པ་བྱས་པ་མ་ཡིན་ནམ། གལ་ཏེ་ཞེ་ལན་དབྱིན་ངའི་ཆུང་མ་ཡིན་ཚེ་ང་རང་གསང་སྤྱོད་བསྔོགས་སུ་མངགས་ན་འཐད་པ་ཡིན"ཟེར།
     ཞེ་ལན་དབྱིན་གྱི་གདོང་དམར་རྐྱང་དུ་ཆགས་སོང་། "ཁྱོད་ཚོས་ང་ལ་ཀུ་རེ་མ་རྩེད་ཅིག"ཞེས་བརྗོད།
     "ཧི་ཧོ། ཞེ་ལན་དབྱིན་ཁོང་ཁྲོ་ལངས་བྱུང་། ཁྱོད་ཁོང་ཁྲོ་ལངས་དུས་ཧ་ཅང་མཛེས།"ཏུང་ལའང་ཆིན་གྱིས་བཤད།
     "ཁྱོད་ཚོས་ཞེ་ལན་དབྱིན་ལ་བརྙས་བཅོས་མ་བྱེད།"སུན་ཏཱ་ཧྲིན་གྱིས་དེ་ལྟར་བཤད་ཞོར་ཆང་དཀར་བཟུང་ནས"ཞེ་ལན་དབྱིན། ཤོག སློབ་གྲོགས་ངས་ཁྱོད་ལ་ཆང་གང་འདྲེན"ཟེར།
     "ངས་ཆང་དཀར་གསུམ་བཏུང་ཚར། ད་དུང་བཏུང་ན་ང་ར་བཟི་ངེས་རེད།"
     "རང་ཉིད་ཀྱིས་ཆང་དཀར་གསུམ་བཏུང་བ་ཤེས་ན་ད་དུང་ར་བཟི་མེད་པའི་རྟགས་རེད། ཡང་གཅིག་བཤད་ན་ར་བཟི་རུང་ཅི་སྐྱོན། མི་ཚེ་གཅིག་ལ་ཐེངས་གཅིག་བཟི་བ་ཧ་ཅང་དཀའ་མོ་རེད།"    
     "རེད། མི་ཚེ་གཅིག་ལ་ཐེངས་གཅིག་བཟི་བ་ཧ་ཅང་དཀའ་མོ་རེད།"ཞའོ་མོ་ཧྥང་གིས"སུན་པུའུ་ཀྲང་གིས་བཏུང་ཟེར་ན་ཁྱོད་ཀྱིས་དང་ལེན་བྱས་དང་ཆོག"ཟེར།
     "ད་ཡིན་ན་ག་རེ་བྱས་ན་བྱས།"
     ཞེ་ལན་དབྱིན་གྱིས་ཆང་དཀར་བཀྱགས་ནས་ཞབས་བཏགས་བརྒྱབ།
     "བཟང་གི ངོ་འབག་འོག་གི་བཞིན་རས་ངོ་མ་དེ་གཞི་ནས་ལྷང་ངེར་བུད་བྱུང་།"
     སུན་ཏཱ་ཧྲིན་གྱིས"མི་རྣམས་ཀྱིས་ཆང་འཐུང་དུས་མཐོང་ཆུང་བྱེད་མི་རུང་བ་གསུམ་ཡོད་དེ། གདོང་དམར་པོ་དང་སྨན་འཐུང་མཁན། ད་དུང་སྐྲའི་ལན་བུ་ཆུང་ཆུང་བསླེས་མཁན་ཡིན་ཞེས་བརྗོད་པར་ཡང་ཁག་མི་འདུག"ཟེར།
     "ད་དུང་སྐྲའི་ལན་བུ་ཆུང་ཆུང་བསླེས་མཁན་ཟེར།"ཞེ་ལན་དབྱིན་གྱིས་མགོ་བོར་རེག་བཞིན"རྒན་མོ་མགོ་དཀར་རང་རེད།"ཟེར།
     "ཁྱོད་ཀྱི་སྒེག་ཉམས་ད་དུང་ཡལ་མི་འདུག"སང་ཙི་ལན་གྱིས"འོན་ཀྱང་ང་ཚོ་དངོས་གནས་རྒས་འདུག"ཟེར།
     "ང་ཡང་རྒས་འདུག"ཞེ་ལན་དབྱིན་གྱིས"སྐྱེས་པ་ལོ་བཞི་བཅུར་སོན་རུང་ད་དུང་མེ་ཏོག་རྐང་གཅིག་ཡིན་མོད། སྐྱེས་མ་ལོ་བཞི་བཅུར་སོན་དུས་སྲན་ཞོ་སྙིགས་མ་དང་མཚུངས། "ཟེར།
     ཀྲང་ཧྥ་ཀྲན་གྱིས"ཁྱོད་སྲན་ཞོ་གསར་བ་རེད། ང་ཚོ་ད་སྲན་ཞོ་སྙིགས་མ་རེད"ཟེར།
     ཞའོ་མོ་ཧྥང་གིས་ལྕེ་སྲ་མོས་ད་མ་དིག་གིས"ཚང་མ་སྲན་ཞོ་སྙིགས་མ་རེད"ཟེར།
     ཏུང་ལའང་ཆིན་གྱིས"གསར་བུ་ཁྱོས་སྲན་ཞོ་གསར་བ་ཟོས་ནས་འགྲངས་ཐག་ཆོད་པས་རེད"ཟེར།
     ཞེ་ལན་དབྱིན་གྱིས"ཁྱོད་ཚོ་ཚང་མས་ང་ཀུ་རེ་རྩེ་ཀྱིན་འདུག"ཟེར།
     "དེ་འདྲ་ཞིག་ག་ལ་ཡིན།"སུན་ཏཱ་ཧྲིན་གྱིས་ཆང་དཀར་བཀྱགས་ནས་ཞེ་ལན་དབྱིན་གྱི་ཆང་དཀར་དང་གཏུགས་ཙམ་བྱས་རྗེས"ཞབས་བཏགས"ཟེར།
     "ད་དུང་ཞབས་བཏགས་ཡིན་ནམ།"
     ཞའོ་མོ་ཧྥང་གིས"ཞབས་བཏགས། མི་ཚེ་ནི་དེ་འདྲ་ཞིག་མ་རེད་དམ། ཞབས་བཏགས"ཟེར།
     སུན་ཏཱ་ཧྲིན་གྱིས"སུས་ཀྱང་སྡུག་མུས་བཏོན་ཆོག ཡིན་ནའང་ཞའོ་མོ་ཧྥ་ཁྱོས་སྡུག་མུས་བཏོན་མི་ཆོག"ཟེར།
     ཞའོ་མོ་ཧྥང་གིས"ཅིའི་ཕྱིར། ཅིའི་ཕྱིར་ངས་སྡུག་མུས་བཏོན་མི་ཆོག"ཟེར།
     སུན་ཏཱ་ཧྲིན་གྱིས"གསུར་བུ་ཁྱོས་ང་ཚོ་སློབ་གྲྭའི་མེ་ཏོག་རྩེ་གྲ་དེ་བཏོག་པས་རེད"ཟེར།
     "ཚང་མར་འདང་རྒྱོབ་དང་། ཞེ་ལན་དབྱིན་སློབ་གྲྭའི་དྲིལ་སྒྲོག་རུ་ཁག་དུ་སྡོད་དུས། གླུ་ལེན་ཤེས་པ་མ་ཟད། ཞབས་བྲོ་ཡང་འཁྲབ་ཤེས། ད་དུང་མགོ་རྟིང་སློག་ནས་འགྲོ་ཐུབ། དེ་དུས་རྫོང་ཡོངས་ཀྱི་མི་དམངས་ཀྱིས་སློབ་འབྲིང་དང་པོའི་བུ་མོ་ཞིག་གིས་མགོ་རྟིང་སློག་ནས་གར་སྟེགས་སྟེང་སྐོར་བ་བཅོ་བརྒྱད་འགྲོ་ཐུབ་པ་སུས་མི་ཤེས།"ཟེར།
     ངའི་བློ་ངོར་ལོ་ངོ་ཉི་ཤུའི་སྔོན་ཞེ་ལན་དབྱིན་གྱིས་གར་སྟེགས་སྟེང་མགོ་རྟིང་སློག་སྟེ་འགྲོ་བའི་རྣམ་པ་ཤར་བྱུང་།
དེ་དུས་ཁོ་མོས་སྐྲ་ལན་བུ་ཆུང་ཆུང་གཉིས་བསྡམས་པ་དང་། སྐྲ་སྣེར་སྐུད་པ་དམར་པོས་བརྒྱན་པ། ལག་པ་གཉིས་ས་ལ་བཙུགས་པ་དང་རྐང་པ་ཡར་བརྩེངས་པ། ལྟོ་བ་ཆུང་ཆུང་དེ་ཕྱིར་མངོན་བཞིན་གར་སྟེངས་ཐོག་ནས་སྐོར་བ་གཅིག་འཕྲོར་གཅིག་བརྒྱབ་ན་གར་སྟེགས་འོག་ནས་ཐལ་མོའི་རྡེབ་སྒྲ་རྒྱུན་མི་ཆད།
     ཞེ་ལན་དབྱིན་གྱིས་མིག་ལས་འོད་འཕྲོ་བཞིན"ད་རྒས་འདུག"ཟེར།
     སུན་ཏཱ་ཧྲིན་གྱི་མིག་ལས་ཀྱང་འོད་འཕྲོ་བཞིན"ཁྱོད་རྒས་མི་འདུག སློབ་གྲོགས་རྣམ་པར་འཁྲབ་སྟོན་ཞིག་བྱས་ན་ག་འདྲ་རེད"ཟེར།
     ཞེ་ལན་དབྱིན་གྱིས"ཁྱོས་ང་བཟོ་ལྟ་ཤོར་དུ་འཇུག་འདོད་དམ"ཟེར།
     ཚང་མས་མགྲིན་གཅིག་ཏུ"འཁྲབ་སྟོན་བྱས་ཅིག འཁྲབ་སྟོན་བྱས་ཅིག"ཟེར།
     "རྒས་འདུག ཁྱོད་ཚོས་ངའི་རྒྱགས་པ་ཆགས་པའི་ཚུགས་ཀར་ཅིག་ལྟོས་དང་། ཝུ་ཆང་ཟོ་བ་དང་འདྲ།"ཟེར།
     སུན་ཏཱ་ཧྲིན་གྱིས་མིག་གིས་ཞེ་ལན་དབྱིན་ལ་འབུར་ཚུགས་སུ་བལྟས་ཏེ་ཨུ་ཚུགས་ངང"འཁྲབ་སྟོན་ཅིག་བྱས་དང"ཟེར།
     "མི་ཐུབ་ཀི ཡང་གཅིག་བཤད་ན་ངས་ཆང་འཐུང་རྒྱུ་མང་དྲགས་སོང"ཟེར།
     སུན་ཏཱ་ཧྲིན་གྱིས"ཚང་མས་དགའ་བསུ་བྱོས"ཟེར།
     "ངོ་མས་མི་ཐུབ་ཀི"
     "ཚང་མས་དགའ་བསུ་བྱས།"
     སུན་ཏཱ་ཧྲིན་གྱིས"ང་ལ་ཁ་ངོ་ཅིག་སྟེར་རོགས"ཟེར།
     "ཁྱོད་ཚོ་ད།"
     ཞའོ་མོ་ཧྥང་གིས"འཁྲོབ་ཟེར་དུསགཅིག་འཁྲོབ་དང"ཟེར།
     ཞེ་ལན་དབྱིན་གྱིས"ཁྱོས་ཅིའི་ཕྱིར་མི་འཁྲབ"ཟེར།
     ཞའོ་མོ་ཧྥང་གིས"ངས་འཁྲབ་ཤེས་རྒྱུ་ན་སྔ་ས་ནས་འཁྲབ་ཡོད། སུན་པུའུ་ཀྲང་ང་ཚོ་དང་འཛོམས་རྒྱུ་དཀའ་མོ་རེད། ལོ་ཉི་ཤུ་འགོར་རྗེས་ད་གཟོད་ཐེངས་གཅིག་འཛོམས་ཐུབ་པ་མ་ཡིན་ནམ།"ཟེར།
     "ངོ་མས་མི་ཐུབ་ཀི"
     "ཁྱོད་འདི་ད་ཁྱི་མགོ་གསེར་གྱི་སྡེར་མར་མི་ཚུད་པ་ནང་བཞིན་རེད།"
     "བཤད་ན་སླ་མོ་རེད། ཁྱོས་ཚོད་ལྟ་ཅིག་བྱས་དང་།"
     "ངས་ཚོད་ལྟ་བྱེད་ཐུབ་པ་ཞིག་ཡིན་ན་སྔ་ས་ནས་ཚོད་ལྟ་བྱས་ཟིན།"
     ཞེ་ལན་དབྱིན་ཡར་ལངས་ཏེ"ཁྱོད་ཚོས་ཡིན་གཅིག་མི་གཉིས་ང་སྤྲེའུ་ནང་བཞིན་རྩེད་མོ་རྩེ་རུ་འཇུག་རྒྱུ་ཡིན་ནམ"ཞེས་སྨྲས།
     སུན་ཏཱ་ཧྲིན་གྱིས"སུས་ཕོད་དམ"ཟེར།
     ཞེ་ལན་དབྱིན་གར་སྟེགས་སུ་ཕྱིན་ནས་དཔུང་བ་བརྐྱངས་ཙམ་དང་ཕུར་མ་ཡར་འཐེན་ཙམ་བྱས་ཏེ"ལོ་མང་པོར་སྦྱོང་བརྡར་བྱས་མ་སོང་བས་་་་་་་་་་་"ཟེར།
     ཞའོ་མོ་ཧྥང་གིས"ངས་དྲང་མོར་བཤད། ཁོ་མོས་ཉིན་རེ་རེ་མལ་ཁྲིའི་སྟེང་མགོ་རྟིང་སློག་པར་སྦྱང་བ་བྱེད"ཟེར།
     "ཁྱི་ལབ་མ་རྒྱག"ཞེ་ལན་དབྱིན་གྱིས་སྡིག་ཞོར་དུ་ཞབས་བྲོ་བའི་བཟོ་ལྟ་དེ་བསྟན་བྱུང་། དཔུང་བ་གཉིས་དྲང་མོར་ཡར་བཀྱགས་པ་དང་། ལུས་པོ་མདུན་དུ་བསྲིངས་ནས་རྐང་བ་ཡ་གཅིག་བཀྱགས་ཙམ་བྱས་མ་ཐག་མར་བཞག་བཞག་སྟེ"ངོ་མས་འཁྲབ་མི་ཐུབ་ཀི"ཟེར། འོན་ཀྱང་མོས་མཚམས་མ་བཞག་པར་མ་ཁར་སོ་འདེབས་བཞིན་ཤུགས་ཡོངས་རྫོགས་གཅིག་ཏུ་བསྡུས་པ་དང་དཔུང་པ་གཉིས་ཀ་ས་ལ་བཙུགས་མ་ཐག་རྐང་བ་ལྗིད་པོ་དེ་གཉིས་གཞི་ནས་ཡར་བཀྱགས་བྱུང་། མོའི་ཁོག་སྨད་དུ་གྱོན་པའི་སྨད་གཡོག་དེ་ངང་ལག་ཤུན་ལྤགས་བཤུས་པ་ནང་བཞིན་མར་འགྲིལ་ཏེ་ཁོག་སྟོད་བཀབ་པ་ན། བརླ་ཚོན་པོ་གཉིས་ཀ་དང་རྐང་ཐུང་དམར་པོ་དེ་གསལ་བོར་མངོན་བྱུང་བས། ཚང་མ་དགའ་སྤྲོ་ཆེན་པོས་ཐལ་མོ་རྡེབ་བྱུང་། ཞེ་ལན་དབྱིན་གིས་ལམ་སེང་འགྲིག་མེད་པ་ཤེས་ཏེ་བྲལ་འཚུབ་ངང་ཡར་ལངས་རྗེས་ལག་པས་གདོང་བཀབ་ནས་ཁྱ་ར་ཁྱོ་རེའི་ངང་ཁང་པའི་ཕྱི་རུ་བརྒྱུགས།
     ཚང་མས་དར་ཅིག་ལ་ཁ་རོག་གེར་བསྡད་རྗེས། སུན་ཏཱ་ཧྲིན་གྱིས་ཆང་དཀར་བཀྱགས་ནས་ཞའོ་མོ་ཧྥང་ལ"སློབ་གྲོགས་རྙིང་བ། ངས་ཁྱོད་ལ་ཆང་གང་འདྲེན། ངའི་རེ་བར་ཁྱོས་ཞེ་ལན་དབྱིན་གཅེས་སྤྲས་བྱས"ཟེར།
     ཞའོ་མོ་ཧྥང་གི་མིག་མཐར་མཆི་མ་འཁྱིལ་བཞིན"སུན་པུའུ་ཀྲང་། ཞེ་ལན་དབྱིན་ང་དང་བཟའ་སྒྲིག་བྱས་པས་ངོ་མ་མོ་རང་སྡུག་ལ་སྦྱར་བ་རེད། ང་འདི་ནུས་པ་མེད་ལ་ཡར་ཐོན་ཡོང་རྒྱུ་ཡང་འགོར་བས། བློ་གཅིག་སེམས་གཅིག་གིས་ཏང་གི་བྱ་བ་ཧུར་ཐག་གིས་བསྒྲུབ་ཀྱང་། ཤུགས་དེ་ཡག་པོ་བཀོལ་མ་སོང"ཟེར།
     "མའོ་ཀྲུའུ་ཞིའི་སྐད་ཆ་དེ་དག་ནང་བཞིན་རེད།"
     སུན་ཏཱ་ཧྲིན་གྱིས"ང་ཚོས་མང་ཚོགས་ལ་ཡིད་ཆེས་དང་ཏང་ལ་ཡིད་ཆེས་བྱེད་དགོས། འདི་ནི་རྩ་བའི་རྩ་དོན་གཉིས་ཡིན། གལ་ཏེ་རྩ་དོན་འདི་གཉིས་ཀར་དོགས་པ་ཟོས་པ་ཡིན་ན་དོན་དག་ཅི་ཡང་འགྲུབ་མི་སྲིད"ཟེར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།