འཇམ་དབྱངས་ཚེ་རིང་གིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《མཚོ་བོད》།

རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-26 09:06:00 ཀློག་གྲངས།:

མཚོ་བོད།
འཇམ་དབྱངས་ཚེ་རིང་གིས་བརྩམས།
སྙིང་མོ་སྐྱིད(ལྷ་ས)ཀྱིས་བསྒྱུར།

     བུ་ཀུན་དགས་གསོན་ཉམས་ལྡན་པའི་ངང་ནས་གྲོང་ཚོའི་དགོད་གཏམ་ཆོབ་ཚ་པོ་དག་བཤད་ཀྱང་། བཀྲ་ཐུབ་བཟང་པོའི་གདོང་ལ་འཛུམ་ཏིལ་འབྲུ་ཙམ་ཡང་མངོན་མ་བྱུང་། རྒྱ་སྐད་ནས་བརྗོད་པའི“ཏིལ་རྙིང་བ་དང་འབྲུ་རིགས་རུལ་བ”སྟེ། ཆོ་མེད་རྙིང་རུལ་གྱི་འདས་དོན་དག་དྲན་ཙ་ན། ཁོས་སྨིན་མ་གཉིས་ཀ་ཡང་ཕྱོགས་གཅིག་ཏུ་བསྡུས་བྱུང་། ཞོགས་པར། ཀུན་དགས་བརྙན་འཕྲིན་བསྡུ་ལེན་སླ་ང་གནས་སྤོར་ཞོར་དུ་ཁོར་སེམས་གསོ་བྱས།"ཨ་ཕ་དོན་དེར་འདང་མ་རྒྱག དོན་དག་དེ་ཁྱོད་ཀྱིས་མ་བཤད་ན་གནམ་འོག་འདི་ན་ཁྱོད་ལ་ཁ་ཞེ་གཉིས་མེད་སྒོས་ཤ་ཚ་མཁན་བུ་ང་ལས་གཞན་སུས་ཤེས་སམ། ཁྱོད་ཀྱིས་བལྟས་ན་སེམས་ཁུར་དེ་མཁོ་མེད་ཅིག་རེད་མི་འདོད་དམ། དེ་རིང་ཞོགས་པར། སངས་ཆོས་ཚང་གི་རྭ་ཅོ་གསུམ་ལྡན་གྱི་ར་མ་བོར་རུང་། ཁོང་གིས་ཁྱོད་ནང་བཞིན་སེམས་ཁུར་བྱེད་ཀྱིན་མི་འདུག དེ་ལས་ལྡོག་སྟེ་ཁྱོད་ནི་སྨིན་མ་གཉིས་ཀ་མདུད་ལོག་ཅིག་བརྒྱབ་ནས་བསྡད་པས་ངས་དེ་མཐོང་བ་དང་སེམས་མི་སྐྱིད་ཀི"ཀུན་དགས་སྐད་ཆ་བཤད་ཞོར་ལ་ཅོག་ཙེའི་ཐོག་གི་ཕྱིས་རས་བླངས་ནས་ཅོག་ཙེ་ཕྱིས་བ་དང་། རྐུབ་བཀྱག་རྒྱབ་བསྙེས་མ་ཡང་ཕྱིས། དེ་ནས་མར་ཙོག་སྟེ་ཕ་རྒན་གྱིས་མུ་མཐུད་དུ་སེམས་ཁུར་བྱེད་པར་བལྟས་ཏེ།"འེ། ཚང་མ་ང་ལན་པ་ཡིན། གལ་ཏེ་ངས་དགེ་རྒན་འཕྲིན་ལས་བཙལ་མེད་རྒྱུ་ན། དགེ་རྒན་འཕྲིན་ལས་ཀྱང་མགོ་ཉོག་སྟེ་ཚད་འདིར་ལྷུང་མི་སྲིད།"
     ཀུན་དགས་སྐད་ཆ་བཤད་ཞོར་ལ་ཚ་དེམ་བཀྱགས་ནས་ཕ་རྒན་བཀྲ་ཐུབ་བཟང་པོར་ཇ་དཀར་ཡོལ་གང་བླུགས།
     བཀྲ་ཐུབ་བཟང་པོས་ཇ་ཕོར་ཡར་བཀྱགས་པ་ན། ཁོ་རང་སྨུག་སྤྲིན་ལས་ཕྱིར་བུད་པ་ལྟ་བུའི་ཚོར་སྣང་ཅིག་བྱུང་།
     "ཀུན་དགའ། ངའི་སེམས་སུ་གནམ་ནས་མིག་གཉིས་ཀྱིས་རྟག་པར་རང་ཉིད་ལ་བལྟས་ཡོད་སྙམ།"
     "ཨ་ཕ་ལགས། འོན་ཀྱང་ངས་དོན་དེ་ནོར་ཡོད་མི་འདོད།"ཀུན་དགས་སྣ་ཁུང་དུ་མཛུབ་མོས་བསྔོགས་ཀྱིན་བརྗོད།
     བཀྲ་ཐུབ་བཟང་པོས་ཁོའི་སེམས་གསོར་ཁ་ཡ་མི་བྱེད། ཁོས"ང་ཚོ་ལྟ་བུའི་གླིང་སྒྲུང་འབྲི་མཁན་ཁྱིམ་རྒྱུད་ཀྱིས་དོན་ངན་ཀན་འདྲ་ཞིག་བསྒྲུབ་པས། ངོ་མ་བྱ་བཙོག་གི་ཡ།"ཟེར།
     "འོན་ཀྱང་དེ་དུས་ངས་འདང་ཇི་ལྟར་བརྒྱབ་པ་ཡིན་ནམ།"ཁོས་བཤད་ཞོར་ལ་འགྱོད་པའི་མིག་ཆུ་བཞུར་བྱུང་བ་དང་། མིག་ཆུ་རྡོག་པོ་ཁ་ཤས་མཁུར་ངོས་ལས་མར་འགྲིལ་ཏེ་ཇ་དཀར་ནང་ལྷུང་སོང་། ཁོས་ཇ་ཕོར་བཀྱགས་ནས་ཧུབ་གང་འཐུང་། ཇའི་བྲོ་བ་སླ་བོ་ཡིན་ལ་མིག་ཆུས་བསླད་པའི་ཚྭ་ཆུའི་བྲོ་བ་ཏོག་ཙམ་ཡང་མི་འདུག བཀྲ་ཐུབ་བཟང་པོས་དབུགས་རིང་གཏོང་བཞིན་བུ་ཀུན་དགའི་སེམས་ཁྲེལ་ཁེངས་པའི་གདོང་དེ་མཐོང་བ་དང་།སེམས་གཏིང་ནས་རང་གི་བུར་སྙིང་རྗེ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་།
     "ཁྱོད་ཀྱི་ཨ་མ་ཚེ་འདས་པ་སྔ། ཨ་ཕས་ཁྱོད་རང་སྡུག་མྱངས་སུ་བཅུག་སོང་། ད་ནི་ཁྱོད་ཀྱིས་ཀྱང་ཆུང་མ་ཞིག་བཙལ་རྒྱུར་འདང་རྒྱག་རན་རེད།"
     "ཡིན་ནའང་ངས་བློར་འབབ་པ་དེས་ང་བློ་མི་འབབ་ཀི ང་བློར་འབབ་མཁན་དེ་ངས་བློར་མི་འབབ་ཀི"
     "ཁྱོད་འདི་ད། ད་མི་བཤད། བསྐོས་པའི་ལས་དེ་བཟློག་ཐབས་མེད། ཁྱོད་ལ་བཙན་འདེད་མི་བྱེད།"
     བཀྲ་ཐུབ་བཟང་པོས་སྐད་ཆ་བཤད་ཚར་བ་དང་ཐོག་མའི་སེམས་ཁམས་སླར་གསོ་བྱས་བྱུང་། ཁོས་རང་ཉིད་ཀྱི་རྒས་ཉམས་དོད་པའི་གདོང་དེ་གནག་བཞིན་ཀླད་པ་ཧྲིལ་བོ་ཡང་བསྐྱར་དོན་དག་དེས་བདག་བཟུང་བྱས།
     "ཧེ། ངོ་མ་སེམས་ལ་གདོན་ཞུགས་པ་རེད། ངས་དེ་འདྲ་བསྒྲུབ་རྒྱུ་སེམས་ལ་ཇི་ལྟར་དྲན་པ་ཡིན་ནམ། གལ་ཏེ་དེ་ལྟར་བྱས་མེད་རྒྱུ་ན། དེ་རིང་གི་མཇུག་འབྲས་འདི་ཡོད་སྲིད་དམ། འདི་ངོ་མ་ལས་རྒྱུ་འབྲས་འཁོར་བ་རེད།"
     "རེད་དེ་ཨ་ཕ། ཁྱོད་ཀྱིས་འདི་ལྟར་རང་གིས་རང་ལ་མནར་གཅོད་བྱེད་དོན་ཅི། འདི་ནི་ངོ་མས་དགོངས་དག་འཐོབ་མི་འོས་པའི་དོན་ངན་ཞིག་ཡིན་ནམ།"ཀུན་དགའ་མགོ་འཐོམ་སོང་། ཁོས་ཨ་ཕ་དོན་དག་འདིས་སྡུག་ལ་སྦྱར་བར་སེམས་ཁུར་བྱས།
     དེ་འདྲའི་དུས་ཚོད་རིང་བོ་ཞིག་འགོར་སོང་། དེ་ནི་ལོ་ལྔའི་ཡར་སྔོན་གྱི་དོན་དག་ཅིག་རེད། དེ་དུས་ཀུན་དགའ་ལོ༢༥ཡིན་ལ། ད་སྐབས་ཕོ་ལོ་༣༠སོན་ཡོད། འདི་འདྲའི་ལོ་མང་པོ་ཕར་སྐྱེལ་རུང་ཁོས་རང་གིས་བློར་འབབ་པའི་བུ་མོ་ཞིག་བཙལ་ནས་མ་རྙེད། བཀྲ་ཐུབ་བཟང་པོ་ནི་དུས་ཀུན་ཏུ་སོ་སོའི་ལེ་བདའ་དང་སྐྱོ་གདུང་གི་ཁྲོད་ནས་ཉིན་ཞག་རེ་རེ་ཕར་སྐྱེལ་བཞིན་འདུག ཁོའི་མགོ་སྐྲ་རིམ་བཞིན་དཀར་པོ་གྱུར་སོང་། ཕོ་ལོ་ལྔ་བཅུ་ང་ལྔར་ཐོན་རུང་། ད་དུང་ནོར་འཁྲུལ་བཟོ་ཀྱིན་གདའ།
     "ལྷག་བསམ་ཟོལ་མེད་ཀྱིས་གནས་ཚུལ་ངོ་མ་གསལ་བཤད་བྱས་ཏེ་ནང་སེམས་ལ་བདེ་བ་འཐོབ་ཏུ་བཅུག་ན་མི་ཆོག་གམ།"
     "ཨ་ཕ་ལགས། གཏན་ནས་དེ་ལྟར་བྱེད་མི་རུང་། ངས་ཁྱོད་ལ་ཞུ་བ་འཐེན། སྐབས་དེར་བསླེབས་དུས་ཁྱོད་ཀྱི་ནང་སེམས་བདེ་ལ་འབབ་རྒྱུ་ཕར་ཞོགས དེས་མ་ཚད་པའི་རྙོག་དྲ་མང་པོ་ཁྱོད་ཀྱི་མགོར་ལྷུང་སྲིད་པས། རང་གིས་རང་ལ་སུན་པོ་བཟོ་བ་ལས་མ་འདས།"ཀུན་དགས་སྐད་ཆ་བཤད་ཞོར་ལ་བཀྲ་ཐུབ་བཟང་བོའི་རྐང་བར་འཐམས། དེ་དུས་ཁོ་ནི་སྒུར་མ་ལངས་གི་ཚུགས་ཀ་ཡིན།
     བཀྲ་ཐུབ་བཟང་པོས་མིག་བཙུམས་བྱུང་། ཁོའི་སེམས་པ་བུས་ཞུ་བ་འཐེན་པ་ལས་འགྱུར་བ་ཅི་ཡང་མ་བྱུང་། དེ་ལས་ལྡོག་སྟེ་ཁོའི་སེམས་པ་སྲ་མོ་རྡོ་ལྟ་བུ་གྱུར་ཏེ། ད་ནི་གནས་ཚུལ་ངོ་མ་གསལ་རྗེན་དུ་འདོན་པའི་དུས་ལ་བབས་སོང་སྙམ།
     ཀུན་དགས་སྒྲ་ཐོས་བཟང་པོའི་མིག་མདངས་སུ་བཤད་མི་ཤེས་པའི་དངོས་པོ་ཞིག་ཇེ་མང་དུ་གྱུར་ཡོད་པ་མཐོང་བ་དང"ཨ་ཕ།ཁྱོད་རང་འགྱོད་པ་མ་སྐྱེས་ལགས། རྙོག་དྲ་མགོར་ལྷུང་དུས་བུས་ཁྱོད་ལ་ཁ་ཏ་མ་བྱས་མ་ཟེར་རོགས།"
     བཀྲ་ཐུབ་བཟང་པོས་མགོ་བོ་ལྡེམ་ཙམ་བྱས་ཏེ། ཁ་ནས་"གལ་ཏེ་མུ་མཐུད་དུ་འདི་ལྟར་སོང་ན་ང་སྨྱོ་རྒྱུ་རེད།"ཅེས་ཁེར་བཤད་བྱས། ཁོས་སེམས་ཐག་བཅད་མ་ཐག་སེམས་ངལ་ཡོངས་རྫོགས་གར་སོང་ཆ་མེད་དུ་གྱུར། ཁོས"བུ། དགེ་རྒན་འཕྲིན་ལས་ལ་ཁ་པར་ཐོངས་ཤིག"ཟེར། ཀུན་དགའ་ཡར་ལངས་ནས་མགོ་བོ་ལན་འགའ་གཡུག་པ་དང་ཨ་ཕས་རྗེས་འདང་མ་བརྒྱབ་པའི་བྱ་བ་བྱེད་སྟངས་དེར་འཚིག་པ་ཟོས་བྱུང་། འོན་ཀྱང་ཁོའི་ཁ་ཏས་ཅི་ཡང་མ་ཕན། ད་ཁོས་ཅི་བྱེད། གནམ་རྒན་མའི་བཀོད་སྒྲིག་ལ་ཉན་རྒྱུ་ལས་ཐབས་མེད། ཁོས་དེ་ལྟར་བསམ་བཞིན་ལག་ཁྱེར་ཁ་པར་བླངས་ནས་ཨང་གྲངས་མནན། ཡང་མནན་མཚམས་བཞག་ནས་ཅོ་འདྲི་བའི་མིག་མདངས་ཀྱིས་ཨ་ཕར་བལྟས། བཀྲ་ཐུབ་བཟང་པོས་བློ་བརྟན་འགྱུར་མེད་ཀྱི་ངང་ནས་མགོ་བོ་ལྡེམ་ཙམ་བྱས་ཏེ།"བུ་བཟང་པོ། ཁ་པར་ཐོངས་ཤིག ཁྱོད་ཀྱིས་ང་རང་ཉིན་རྒྱུན་རྫུན་གཏམ་ཁྲོད་ནས་མི་ཚེ་སྐྱེལ་དུ་འཇུག་འདོད་དམ།" ཀུན་དགས་འུ་ཐུག་པའི་ངང་ནས་མགོ་བོ་གཡུག་བཞིན་དགེ་རྒན་འཕྲིན་ལས་ཀྱི་ཁ་པར་མནན་རྗེས་བཀྲ་ཐུབ་བཟང་པོའི་ལག་ཏུ་བཞག
      "ཝེ། ཁྱོད་བདེ་མོ།"དགེ་རྒན་འཕྲིན་ལས་ཀྱི་སྐད་ཆར་ནམ་ཡང་སྤྲོ་བས་ཁེངས་འདུག
     བཀྲ་ཐུབ་བཟང་པོ་ཐེ་ཚོམ་ཅུང་ཙམ་སྐྱེས་བྱུང་། ཁོས་རང་གིས་བཤད་པའི་སྐད་ཆས་དགེ་རྒན་འཕྲིན་ལས་ཀྱི་སྤྲོ་བ་ཡོད་ཚད་དེ་མ་ཐག་རྡུལ་དུ་བརླགས་སྲིད་པ་དང་། ཚུར་བསུས་འོངས་བ་ནི་ཁ་སྤོ་ཁ་ནས་ལངས་ཞེ་སྤོ་གཏིང་ནས་ལངས་བའི་ངང་ཚུལ་ཡིན་པ་ཤེས་ཡོད། འོན་ཀྱང་མ་བཤད་ན་ག་ལ་འགྲིག གེ་སེར་རྒྱལ་བོའི་འབྲི་སྒྲུང་ཁྱིམ་རྒྱུད་དུ་མ་རབས་ང་ལྟ་བུ་ཞིག་བྱུང་བ་དེ་ངོ་མ་ཉེས་བ་བསགས་པ་རེད་ཡ། ཁོས་ངལ་ཅུང་ཙམ་གསོས་རྗེས"དགེ་རྒན་འཕྲིན་ལས། ང་བཀྲ་ཐུབ་བཟང་པོ་ཡིན། ཁྱོད་བདེ་མོ་ཡིན་ནམ།"
     དགེ་རྒན་འཕྲིན་ལས་ཡང་བསྐྱར་སྤྲོ་བས་བརྟས་སོང་།"ངོ་མ་བཟང་གི རྒན་བཀྲ་ཐུབ་བཟང་པོ་ལགས། ང་ཏག་ཏག་ལ་ཁྱོད་བཙལ་དོན་ཅིག་ཡོད།"
     བཀྲ་ཐུབ་བཟང་པོར་ཁ་གྲག་དབང་མ་བཅུག་པར། འཕྲིན་ལས་ཀྱིས་དགའ་ལྷང་ལྷང་ངང་བཤད་རྒྱུར"ཉེ་ལམ།《གེ་སེར》གྱི་གྲུབ་འབྲས་འགྲེམས་སྟོན་ཅིག་སྤེལ་རྩིས་ཡོད་པས། ཁྱེད་ཚང་གིས་ཉར་ཚགས་བྱས་པའི་འབྲི་སྒྲུང་དེབ་ཁ་ཤས་འགྲེམས་སྟོན་བྱས་ཏེ་ཁྱོད་ཀྱིས་ཀྱང་བྱས་རྗེས་ཅིག་བཞག་ན་ཇི་འདྲ་རེད"ཟེར།
     བཀྲ་ཐུབ་བཟང་པོས་ཡང་ཅིག་བཤད་རྩིས་ཡོད་དུས། འཕྲིན་ལས་ཀྱིས་བྲེལ་བྲེལ་ཚུབ་ཚུབ་ངང"རྫོང་མཁར་གྱི་ཆོས་འབྱོར་བཀྲ་ཤིས་ཀྱིས་ཁས་བླངས་སོང་། ཁྱོད་ཀྱིས་མིན་མི་ཟེར་རོགས"ཞེས་སྨྲས།
བཀྲ་ཐུབ་བཟང་པོས་ལག་ཁྱེར་ཁ་པར་བཟུང་ནས་མགོ་བོ་ལན་འགར་གཡུག་རྗེས་ག་ལེར་བཤད་རྒྱུར"མ་རེད། མ་རེད། ངས་ཁྱོད་ལ་དོན་ཆེན་ཞིག་བཤད"ཟེར།
     "ག་རེའི་དོན་ཆེན། མགྱོགས་པོར་ལབ་ཤོག རྒན་ལགས་ཁྱོད་ཀྱིས་ང་ལ་བྲེལ་བ་མ་སློང་།"འཕྲིན་ལས་བྲེལ་བས་འདུག་བཟོད་མེད་པར་གྱུར། བཀྲ་ཐུབ་བཟང་པོས་མཆི་མ་ཁམ་གང་སྒོག་སེར་མིད། སྐབས་འདིར་ཁོས་གློ་བུར་དུ་རང་ཉིད་ཀྱིས་དོན་དག་དེའི་སྐོར་གསལ་བོ་ཞིག་བཤད་ན་ལེགས་སྙམ་བྱུང་། ཁ་པར་གྱི་ཕར་ངོགས་ནས་དགེ་རྒན་འཕྲིན་ལས་ཁ་རོག་གེར་བསྡད་བྱུང་། བུ་ཀུན་དགའ་སྒོ་འགྲམ་ལ་བསྙེས་ཏེ་བསྡད་ཡོད་པར་བལྟས་ན་བཀྲ་ཐུབ་བཟང་པོའི་ཁ་ནས་འགད་རྫས་ལྟ་བུའི་སྐད་ཆ་དེ་གསལ་བོར་གོ་འདོད་པ་འདྲ། ཁང་བའི་ནང་དུ་ཁུ་སིམ་མེར་འདུག བཀྲ་ཐུབ་བཟང་པོས་ཀུན་དགར་ཅིག་བལྟས་རྗེས་གྱང་ངོས་སུ་བཀལ་བའི་མེ་ལོང་ནང་གི་རང་ཉིད་ལ་ཡང་ཅིག་བལྟས། ཁོས་ཡ་རྐན་ལ་ལྕེ་ལྡག་ཅིག་བྱས་པ་དང་མཐུད་ནས་གཏམ་གྱི་སྒོ་མོ་ཕྱེས་བྱུང་།
     "དགེ་རྒན་ལགས། ཁྱོད་ཀྱིས་ལོ་ལྔའི་སྔོན་དུ་ངའི་བུས་སྤྲད་པའི་གེ་སེར་རྒྱལ་བོའི་འབྲི་སྒྲུང་དེ་དྲན་ཀྱིན་འདུག་གམ།"
     "ལོས་དྲན།《རྒྱ་ཆེན་མེ་ཏོག་རྫོང》དེ་ཉིད་ངས་མི་རིགས་དཔེ་སྐྲུན་ཁང་དུ་བསྐྱལ་ནས་པར་བསྐྲུན་བྱས་པ་ཡིན།"འཕྲིན་ལས་ཀྱིས་ལམ་སེང་ལན་བཏབ། བཀྲ་ཐུབ་བཟང་པོས་སྐད་ཆ་བཤད་ཀྱིན་བཤད་ཀྱིན་གནས་ཚུལ་ངོ་མ་དང་ཐག་ཇེ་ཉེར་བཏང་བྱུང་།"དེ་ངས་བྲིས་པ་ཡིན་ལ། ངའི་བུ་ཆུང་ཡ་ང་བ་དེས་རྩ་བ་ནས་མི་ཤེས།"
     "ཆི་ཟེར། ཁྱོད་ཀྱིས་ཡང་བསྐྱར་ཐེངས་གཅིག་ཤོད་དང་།"འཕྲིན་ལས་ཀྱི་སྐད་མགོ་ཇེ་མཐོར་སོང་ནས་ཚད་རིམ་བརྒྱད་ལ་བསླེབས་སོང་། བཀྲ་ཐུབ་བཟང་པོས་ཡང་བསྐྱར་ཐེངས་གཅིག་བཤད། འོན་ཀྱང་ཁོའི་བློ་ཡུལ་ལས་འགོངས་བ་ནི་འཕྲིན་ལས་ཁོང་ཁྲོ་ལངས་རྒྱུ་ཕར་ཞོག ད་དུང་སྐད་མགོ་ཇེ་དམར་བཏང་ནས་དོན་དག་འདི་གཞན་སུ་ལའང་བཤད་མི་རུང་བར་རེ་བ་བཏོན་པ་དང་། སང་ཉིན་ཁོ་རྫོང་མཁར་ནས་རྡོག་ཐོན་གྱིས་ངོ་འཕྲད་རྗེས་དེའི་སྐོར་བཤད་ཟེར།
     ཉིན་གསུམ་པར། འཕྲིན་ལས་གདོང་ལ་ངལ་དུབ་ཀྱིས་ཁེངས་ཏེ་བསླེབས་བྱུང་། ལས་ཁུངས་ཀྱི་རླངས་འཁོར་ས་རྡུལ་རིམ་པ་མཐུག་པོ་ཞིག་གིས་བཏུམས་འདུག རླངས་འཁོར་གྱི་སྒོ་ངོས་སུ་འདམ་བག་འབྱར་འདུག་ཀྱང་རྒྱ་བོད་ཡིག་རིགས་གཉིས་ནས་བྲིས་གནང་བའི"གེ་སེར་ཞིབ་འཇུག་སློབ་ཚོགས"ཅེས་པ་དེ་ཟུར་ཙམ་ཡང་བཀབ་མི་འདུག ཁོ་ནི་གཅིག་པུ་ཡོང་བ་ཡིན་ཏེ། རླངས་འཁོར་བཀྲ་ཐུབ་བཟང་པོ་ཚང་གི་སྒོ་ཁར་བཞག་རྗེས་སྡེ་བའི་ནང་གི་མིའི་ཁམས་བདེ་འདྲི་བར་ཡང་ཁ་ཡ་མ་བྱས་པར་བྲེལ་འཚུབ་ཀྱིས་བཀྲ་ཐུབ་བཟང་པོའི་ཁྱིམ་དུ་འཛུལ། བཀྲ་ཐུབ་བཟང་པོས་སྒོ་ཁའི་རླངས་འཁོར་གྱི་འཁོར་ཟྭ་སྒག་པའི་སྒྲ་ཐོས་བ་དང་། གེ་སེར་གྱི་བཤུ་དེབ་ལེགས་བསྒྲིགས་བྱེད་བཞིན་པའི་བུ་ཀུན་དགར་གཏད་ནས།"དགེ་རྒན་འཕྲིན་ལས་བསླེབས་བྱུང་། ངེད་གཉིས་བསུ་མ་བྱེད་དུ་འགྲོ"ཟེར། འཕྲིན་ལས་ཀྱིས་བཀྲ་ཐུབ་བཟང་པོ་འཐེན་ནས་ཁང་བའི་ནང་དུ་འཛུལ་བ་དང་སྒོ་བརྒྱབ་སྟེ་འདྲི་རྒྱུར"ག་རེ། ཁྱོད་ཀྱིས་ང་ལ་ཀུ་རེ་རྩེ་བ་མིན་ནམ། ངས་ཉིན་དེའི་སྐད་ཆར་ཉན་རྗེས་ལུས་ཡོངས་བྱ་འབུར་གྱིས་གཡོགས་བྱུང་། ཞག་གང་བོར་གཉིད་ཁུག་མ་ཐུབ། རླངས་འཁོར་གཏོང་བའི་ལམ་བར་ནས་ཀྱང་དོན་དེ་དྲན་ཙ་ན་གཉིད་ཡང་ཡལ་འགྲོ། ཁྱོད། ཁྱོད། བཀྲ་ཐུབ་བཟང་པོ་ཁྱོད་ལ་ཅི་བྱུང་སོང་།"འཕྲིན་ལས་ཀྱིས་ཁོའི་མིག་ཆེན་པོ་དེ་གཉིས་འབུར་ཚུགས་སུ་བལྟས་བ་དང་། སྣ་རྩེས་བཀྲ་ཐུབ་བཟང་པོའི་གདོང་རྟོལ་ལ་ཁད་བྱས། བཀྲ་ཐུབ་བཟང་པོས་འཕྲིན་ལས་ཀྱི་དཔུང་བ་གཉིས་ནས་བསྐྱོར་ཏེ་རྐུབ་བཀྱགས་རྒྱབ་བསྙེས་མའི་སྟེང་སྡོད་བཅུག་པ་དང་། ཀུན་དགས་ཁོར་འོ་ཇ་ཚ་པོ་དཀར་ཡོལ་གང་བླུགས།
     "དགེ་རྒན་འཕྲིན་ལས། ཁྱོད་ནི་ངེད་ཚང་གི་འགྲུལ་ཆེན་ཡིན་པས་སྔོན་ལ་ཇ་འཐུང་ཟ་མ་ཟོ་དང་། དེ་རྗེས་དོན་དག་དེ་བཤད"ཅེས་སྨྲས།
     བཀྲ་ཐུབ་བཟང་པོས་བུར་མིག་བརྡ་བསྟན་ནས་ཤ་བཙོ་རུ་མངགས། ཡོད་ཚད་ག་ལེར་གླེང་ཆོག
     འཕྲིན་ལས་ཀྱིས་དངན་པ་ཅིག་འཐེན་པ་དང་། རྒྱབ་ཁུག་ཉལ་ཁྲིའི་སྟེང་གཡུགས་རྗེས་ཇ་དཀར་བླངས་ནས་ཤུགས་ཀྱིས་ཇ་ཁམ་གང་འཐུང་། ལམ་ཐག་འདི་འདྲ་རིང་བོ་ཞིག་ཡོང་བས་ངོ་མ་ཐང་ཆད་བྱུང་། ཁོས་མགོ་བོ་གཡུག་ཙམ་བྱས་ཏེ་ཁང་བའི་ནང་གི་ཁྱིམ་ཆས་དག་ལ་སྐོར་ལྟ་ཅིག་བྱས།
     ལོ་ལྔ་འགོར་རུང་འགྱུར་བ་ཆེན་པོ་བྱུང་མི་འདུག་སྟེ། ཁྱིམ་ཆས་དག་སྔར་ལས་ཀྱང་རྙིང་བར་གྱུར་ཞིང་། རྩིག་ལྡེབས་ཀྱི་ཁ་དོག་དེ་སྔ་མའི་ས་མདོག་ནས་དཀར་པོར་བསྒྱུར་བ་ལས་གཞན། འགྱུར་བ་ཅི་ཡང་མཐོང་མ་བྱུང་། ལོ་ལྔའི་སྔོན་ཁོ་འདིར་ཡོང་དུས། ཀུན་དགས《རྒྱ་ཆེན་མེ་ཏོག་རྫོང》གི་འབྲི་སྒྲུང་ཁོའི་ལག་ཏུ་བཞག་པ་ན། འཕྲིན་ལས་དར་ཅིག་ལ་དགའ་སྤྲོས་བརྟས་སོང་། ཁོས་ཐང་ཏཱ་ཤོག་བུ་ལེབ་མོ་མཐུག་པོ་ཞིག་བརྩེགས་ཡོད་པའི་འབྲི་སྒྲུང་དེ་མཐོང་དུས་རང་གི་ལག་པ་ཅུང་ཙམ་འདར་ཀྱིན་ཡོད་པ་ཚོར་བྱུང་། སྐབས་དེར་བཀྲ་ཐུབ་བཟང་པོ་ཕྱི་ལ་ཕྱིན་པས། ཀུན་དགས་རང་འདོད་ཀྱིས་ཐག་གཅོད་བྱས་ནས་འབྲི་སྒྲུང་ཁོར་སྤྲད་པ་རེད། ཁོས་ད་དུང"ཨ་ཕས་མོས་མཐུན་བྱེད་ངེས་ཡིན། གེ་སེར་རྒྱལ་བོ་ནི་མང་ཚོགས་ཀྱི་ཡིན་པས། པར་བསྐྲུན་བྱེད་ཐུབ་སོང་ན་མང་ཚོགས་ཀྱི་བསོད་ནམས་ཡིན།"ཞེས་སྨྲས།
     འཕྲིན་ལས་ཀྱིས《རྒྱ་ཆེན་མེ་ཏོག་རྫོང》ཁྱེར་ནས་གྲོང་ཁྱེར་དུ་བསླེབས་པ་དང་། ཐེངས་གཅིག་ཀློག་པ་ན་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་སོང་། འདི་ནི་གསར་རྙེད་ཆེན་པོ་ཞིག་རེད། དེའི་རྗེས་ཀྱི་དོན་དག་རྣམས་མི་བརྗོད་པར་བྱ།《རྒྱ་ཆེན་མེ་ཏོག་རྫོང》མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཀུན་དགས་དོན་དག་འདི་བཀྲ་ཐུབ་བཟང་པོར་བཤད་རྒྱུ་གཏིང་ནས་བརྗེད་སོང་། ཀུན་དགས་སྣག་སྣུམ་གྱི་དྲི་ཞིམ་འཐུལ་བའི་དཔེ་དེབ་གསར་བ་དེ་ཁྱིམ་ལ་ཁྱེར་འོངས་དུས་བཀྲ་ཐུབ་བཟང་པོས་ད་གཟོད་ལས་འཛོལ་བྱུང་བ་ཤེས་་་་་་་་་
     ལུག་ཤ་ཚོས་སོང་། ལྷོག་ལྷོག་ཏུ་འཕྱུར་བའི་རླངས་པ་དག་བཀར་མ་ཐག་པའི་གློག་ཞུར་འཁྱུད་བྱུང་།
     འཕྲིན་ལས་ཀྱིས་ཤ་ཁམ་གང་ཟོས་པ་དང་འོ་ཇ་ཁམ་གང་འཐུང་རྗེས"ཁྱོད་ཀྱིས་ཤེས་ཡོད་ཚོད་རེད།《རྒྱ་ཆེན་མེ་ཏོག་རྫོང》རྒྱ་ཡིག་ཏུ་བསྒྱུར་ཟིན་པ་མ་ཟད། ཁེ་ཉིན་ཚོང་རར་བཀྲམས་ཟིན། ད་དུང《གེ་སེར་སྒྲུང》གི་གྲུབ་འབྲས་འགྲེམས་སྟོན་ཁྲོད་ཀྱི་དེབ་ཅིག་ཡང་ཡིན"ཟེར། བཀྲ་ཐུབ་བཟང་པོ་ཁ་གྲག་རྒྱུ་མེད་སོང་། ཁོས་ཀུན་དགར་ཅིག་བལྟས། ཀུན་དགའ་ཁོའི་མིག་མདངས་ལ་གཞའ་བཞིན་འདུག "ལོ་ལྔ་རེད། ལོ་ལྔ་འདིའི་རིང་ལ་ངས་རང་ལ་ཇི་ལྟར་ལེ་བདའ་བྱས་པ་དགེ་རྒན་ཁྱོད་ཀྱིས་ཤེས་མི་སྲིད།" བཀྲ་ཐུབ་བཟང་པོས་དེ་དྲན་པ་དང་མིག་ཀོང་མཆི་མས་བརླན་བྱུང་། "ང་ལ་ཅི་བྱུང་བ་ཡིན་ནམ། སྐབས་དེར་ངས་ཅིའི་ཕྱིར་དེ་འདྲའི་དེབ་ཅིག་འབྲི་འདོད་པ་ཡིན་ནམ" བཀྲ་ཐུབ་བཟང་པོས་གཡོན་ལག་གིས་རང་གི་མགོ་བོ་ལན་འགར་རྡུང་།
     འཕྲིན་ལས་ཀྱིས་ལག་པ་ཕྱིས་རྗེས་ཉན་མཁན་པ་ཞིག་གི་བཟོ་ལྟས་བསྡད་པ་ན།
     "དོན་དག་དེ་འདི་འདྲ་ཞིག་རེད"བཀྲ་ཐུབ་བཟང་པོས་ག་ལེར་བཤད་བྱུང་།
     "རིག་གསར"མཇུག་རྫོགས་རྗེས། ཨ་ཕ་ངེད་གཉིས་ཀྱིས་བྲག་ཁུང་དུ་སྦས་པའི་ལྕགས་སྒམ་ཆེན་མོ་དེ་བླངས། ངེད་ཚང་གི་ལག་རྒྱུན་རྩ་ཆེན་ཏེ། གེ་སེར་འབྲི་སྒྲུང་དེབ༣༠སྐྱོན་མེད་འཐུས་ཚང་དུ་ཉར་ཚགས་བྱེད་ཐུབ་སོང་བ་དེ་ནི་ཇི་འདྲའི་དོན་བཟང་ཞིག་རེད་ཨང་། ཡིན་ནའང་སྦས་མ་ཐུབ་པ་དག་གིས་གཏོར་བརླགས་ཀྱི་ལས་དབང་ཟློག་མ་ཐུབ། ཨ་ཕའི་མགོར་ཆག་སྒོ་ལྷུང་བས་དགག་རྒྱག་འཐབ་རྩོད་བྱས་པ་མ་ཟད། རྐང་བ་ཡ་གཅིག་ཀྱང་བཅག་སོང་། ཨ་མ་དང་ངེད་གཉིས་ཀྱིས་ཨ་ཕ་གསོན་ནས་ལོག་ཐུབ་པར་ཡིད་ཆེས་བརྟན་པོ་བཅངས་ནས་སྒུག ཁོ་ངོ་མ་ཁྱིམ་ལ་ལོག་བྱུང་། རྫོང་ནས་ཁོ་རང་མང་ཚོགས་སྒྱུ་རྩལ་ཁང་དུ་བཀོད་སྒྲིག་བྱས། འོན་ཀྱང་ཨ་ཕས་ཁས་བླངས་མ་སོང་། ང་གྱོལ་བོ་ཞིག་གིས་རྒྱལ་ཁབ་གྱི་ཁུར་བོ་ཇེ་ལྕི་རུ་གཏོང་བ་ལས་གཞན་ཅི་ཞིག་བྱེད་ཐུབ། ཁོས་གྱང་ངོར་གཏད་ནས་དྲི་བ་དེ་འདྲ་ཞིག་བཏོན་པ་ན། ཚུར་ལྡོག་འོངས་བའི་སྐད་ཆའི་བྲག་ཅ་དེ་ངའི་རྣ་བར་ལྷུང་སོང་། ཨ་ཕ་སྔར་བཞིན་གེ་སེར་སྒྲུང་ལ་དགའ་ཞེན་ཆེ། གང་ན་སྒྲུང་བཤད་མཁན་ཡོད་ན། ཁོས་གཞན་གྱིས་ལེགས་སྐྱེས་དུ་བྱིན་པའི་སྒྲ་ཕབ་འཕྲུལ་ཆས་སོ་ཕག་ཆུང་ཆུང་འདྲ་བ་དེ་ཁྱེར་ནས་སྒྲ་ལེན་པ་དང་གཏོང་བ། ཉན་པ་བཅས་བྱེད། སྐབས་འགར་ཁོས་སྒྲུང་བ་ཁྱིམ་དུ་གདན་དྲངས་ནས་སྒྲུང་ཁ་ཚང་ཅིག་བཤད་དུ་འཇུག་སྲིད། ཁོས་སྒྲ་ཕབ་པའི་སྒྲ་ཐག་རི་ལྟར་སྤུངས། དེ་རྗེས་ཁོས་ཡང་བསྐྱར་སྒྲ་ཕབ་དག་ཉན་ཞོར་ལ། སྨྱུ་གུས་ཡི་གེ་རེ་རེ་བཞིན་ཤོག་ངོས་སུ་བཀོད། དབུ་མེད་ཀྱི་ལམ་ནས་བྲིས་པའི་ཡིག་གཟུགས་ཧ་ཅང་ཡག འུད་བརྗོད་ཅུང་ཙམ་བྱས་ན་ང་རང་སྐྱེས་མ་ཐག་ནས་འདི་འདྲའི་བག་ཆགས་བཟང་བོ་ཐེབས་ཡོད་པས། ང་རང་གེ་སེར་སྒྲུང་ལ་ལོས་དགའ། ང་རང་འདི་ལྟར་ཉིན་རྒྱུན་གེ་སེར་འབྲི་སྒྲུང་ཁྲོད་མགོ་འཁོར་ནས་བསྡད་པས་རང་ཉིད་སྒྲོལ་ཐབས་བྲལ་སོང་། ལྷ་སྲས་ཐོས་པ་དགའ་བའི་དཔའ་བོའི་ལག་རྗེས་དེ་ངའི་ཀླད་པའི་ནང་ཡང་ཡང་ཤར་འོངས། ང་ཕོ་ལོ༢༥ལོན་པའི་ལོ་དེར། ང་དང་ཀུན་དགའི་ཨ་མ"བཅོ་ལྔ"གཉིས་གཉེན་སྒྲིག་བྱས་རྗེས་ཀྱི་ཉིན་གསུམ་པར། ང་ལ་གློ་བུར་དུ་གེ་སེར་རྒྱལ་པོའི་དཔའ་བོའི་མཛད་རྗེས་འབྲི་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་སྐྱེས་བྱུང་། གནམ་རྒན་མ། དེ་དུས་ངས་ཅི་ལ་ཡང་ཁ་ཡ་བྱས་མ་སོང་། རྒན་རབས་པ་རྣམས་ཀྱིས་མིས་རྟོག་བཟོ་ལ་བརྟེན་ནས་གེ་སེར་རྒྱལ་བོའི་གཏམ་རྒྱུད་འབྲི་བ་ནི་མཐོ་བ་ལྷ་ལ་ཕོག་ཐུག་གཏོང་བ་ཡིན་ཅེས་སློབ་གསོ་བཏང་མྱོང་རུང་། སྐབས་དེ་དུས་ང་རང་ཧོལ་རྒྱུགས་ཆེ་དྲགས་པས་ཅི་ལ་ཡང་ཁ་ཡ་མ་བྱས། རྒྱུ་མཚན་ནི་ང་རང་གེ་སེར་སྒྲུང་ལ་ཧ་ཅང་ཆ་རྒྱུས་ཡོད་པས་ཡིན། དེ་ནས་ངས་སྨྱུ་གུ་བཟུང་ནས་འབྲི་མགོ་བརྩམས་པ་ཡིན། གཏམ་རྒྱུད་དང་གླུ་ཚིག་ཚང་མ་ནི་ངའི་སེམས་ཁོང་ནས་བརྡོལ་བ་ཤ་སྟག་ཡིན་ལ། ཐོགས་ཐུག་ཅི་ཡང་མེད་པར་ཤར་མར་བྲིས་པ་ཡིན།
     ཟླ་བ་ལྔ་འགོར་སོང་། ལྕགས་སྨྱུག་བཅུ་ཆགས་སོང་།《རྒྱ་ཆེན་མེ་ཏོག་རྫོང》གཞི་ནས་ལེགས་འགྲུབ་བྱུང་།
     ངས་ཡང་བསྐྱར་ཟླ་བཞིའི་དུས་ཚོད་སྤྱད་ནས་སྨྱུ་གུས་ཐང་ཏཱ་ཤོག་བུ་ནར་མོའི་སྟེང་བཤུས།འདི་ལྟར་ངས་རང་གི"ཡིད་ཚིམ་པའི་བརྩམས་ཆོས"སྦས་པ་ཡིན། ཕ་མ་གཉིས་ཀ་ཚེ་ལས་འདས་རག་བར་དུ་མ་ཤེས། མ་གཞི་མི་གཞན་ལ་སྟོན་རྩིས་མེད་མོད། མ་བསམ་ས་ནས་བུ་ཀུན་དགས་རྙེད་པ་རེད། དེ་ནས་ང་ལ་གསང་སྟེ་ཁྱོད་སྤྲད་ནས་པར་བསྐྲུན་བྱས་པའི་དོན་དེ་བྱུང་བ་རེད། ངས་གསལ་བོ་ཞིག་བཤད་ཐུབ་སོང་ངམ།"
འཕྲིན་ལས་ཀྱིས་ཇ་ཁམ་གང་འཐུང་རྗེས།"ཁྱོད་ཀྱིས་ལུས་ལ་ལྷ་ཞུགས་པ་རེད་མི་འདོད་དམ།"
     བཀྲ་ཐུབ་བཟང་པོས་ལག་པ་གཡུག་བཞིན།"མ་རེད། མ་རེད། ངའི་ཁོག་ཏུ་ལྷ་ཞུགས་པ་མ་རེད། ངས་གེ་སེར་འབྲི་སྒྲུང་དེ་འདྲ་མང་པོ་ཞིག་བལྟས་པ་མ་ཟད། གེ་སེར་སྒྲུང་དེ་འདྲ་མང་པོར་ཉན་པས། རང་གིས་ཀྱང་ཚན་པ་གཅིག་འབྲི་སྙམ་པའི་ཀུན་སློང་སྐྱེས་བྱུང་། ཁོག་ཏུ་ལྷ་ཞུགས་པའི་སྒྲུང་བ་ངས་མཐོང་མྱོང་། དེ་ནི་ངོ་མཚར་རྨད་དུ་བྱུང་བ་ཞིག་རེད། ང་དང་ཤང་གཅིག་ནས་ཡིན་པའི་མི་དེ་ཉིན་བཅུར་གར་སོང་ཆ་མེད་དུ་གྱུར་རྗེས། དགོན་པར་ཉིན་གསུམ་ལ་སྨན་བཅོས་བྱེད་དུ་སོང་། ངོ་ཐུག་རྗེས་མི་དེས་གློ་བུར་དུ་ཁ་གྲག་ནས་གླིང་སྒྲུང་བཤད་པ་དང་། ཁོས་ཚན་པ་ཉིས་བརྒྱ་ལྷག་བཤད་ཤེས། སྣང་ཚུལ་དེ་ནི་དངོས་གནས་འགྲེལ་བཤད་བྱེད་དཀའ་བ་ཞིག་རེད། དེ་ལས་ལྡོག་སྟེ་ང་ནི་རྫུན་བཟོ་མཁན་ཞིག་དང་འདྲ་བས་ཁོ་ཚོ་དང་བསྡུར་ཐབས་ག་ལ་ཡོད། ངོ་མ་ཉེས་བ་བསགས་སོང་།"བཀྲ་ཐུབ་བཟང་པོས་སྐད་ཆ་བཤད་ཞོར་ལ་མིག་ཆུ་བཞུར་བྱུང་། ཁོས་རང་གིས་གཞོན་ནུའི་དུས་ཀྱི་ཧོལ་རྒྱུག་ལ་འགྱོད་པ་ཚད་མེད་སྐྱེས། རྡོ་རྗེ་ཕ་ལམ་ལྟ་བུའི་མིག་ཆུ་རྡོག་པོ་རེ་རེ་ས་ལ་ལྷུང་དུས་ཁོའི་སེམས་པ་བདེ་ལ་བབས་བྱུང་།
     འཕྲིན་ལས་ཀྱིས་ཀུན་དགས་འབྲི་སྒྲུང་དེ་ཁོར་སྤྲད་དུས་ཀྱི་རྣམ་པ་ཡིད་ལ་ཤར་བྱུང་། ཉི་འོད་འོག་ཏུ་ཁོས"ཐང་ཏཱ་ཤོག་བུ་འདི་བལྟས་ཚོད་དུ་རྙིང་མེད་པ་ཅི་རེད"ཞེས་དྲི་བ་བཏོན་དུས། སྐབས་དེར་ཀུན་དགས་ཇི་ལྟར་ལན་བཏབ་སོང་། འོ་རེད། ཁོས"མ་དཔེ་རྙིང་བ་དེ་ཕལ་ཆེར་ལྕགས་སྒམ་དུ་ཡོད་ལ་ལྕགས་བཙས་སྦགས་ཟིན་པས། ཨ་ཕས་བསྐྱར་བཤུ་བྱས་པ་རེད"ཅེས་ལན་བཏབ།
     འཕྲིན་ལས་ཀྱིས་རང་གིས་རང་ལ་ལེ་བདའ་བྱེད་འགོ་ཚུགས། རང་ཉིད་ཞིབ་མོ་མིན་པས་རིག་གཞུང་ཞིབ་འཇུག་བྱེད་མཁན་རུ་མི་འཚམ་སྙམ། ཅུང་ཙམ་འགོར་རྗེས་ཡང་སེམས་ནས་རང་ལ་དག་སེལ་བྱས། མིན། དེ་ང་ལན་པ་མིན། 《རྒྱ་ཆེན་མེ་ཏོག་རྫོང》 བྲིས་པ་ཧ་ཅང་བཟང་བས་རྐྱེན་ཡིན་སྙམ། ཁོས་ཡང་དཀར་ཡོལ་བཀྱགས་ནས་འོ་ཇ་ཧུབ་གང་འཐུང་རྗེས།"འོ། ངས་ཤེས་སོང་། རྒན་ལགས་ཁྱེད་ཀྱིས་ང་ལ་དོན་དག་འདི་ཕྱི་ལ་ཁྱབ་བསྒྲགས་བྱེད་དུ་འཇུག་འདོད་པ་ཡིན་ནམ།"
     བཀྲ་ཐུབ་བཟང་པོས་མགོ་བོ་ལྡེམ་ཙམ་བྱས་ཏེ།"དེ་ལྟར་བྱས་པ་ཡིན་ན། མཇུག་འབྲས་བཟང་རུང་ངན་རུང་། ངའི་སེམས་བདེ་སོང་།"ཞེས་བཤད། ཀུན་དགས་སྐད་ཆ་དེ་ཐོས་རྗེས། ཡང་བསྐྱར་འུ་ཐུག་པའི་ངང་ནས་མགོ་བོ་གཡུག་ཙམ་བྱས།
     འཕྲིན་ལས་ཀྱིས"ད་རུང་ཅུང་ཙམ་སྒུག་དང་། གོ་སྐབས་འོས་འཚམ་ཞིག་དང་ཕྲད་དུས་ངས་ཁྱབ་བསྒྲགས་བྱེད་སྲིད། དེའི་སྔོན་ལ་ཁྱོད་གཉིས་ཀྱིས་མི་སུ་ལའང་གཏན་ནས་བཤད་མི་རུང་།"ཟེར། བཀྲ་ཐུབ་བཟང་པོས"དུས་ཚོད་རིང་པོ་མི་འགོར་བར་བྱ། སྒུན་ཡུན་རིང་ན་ངས་བསྲན་མ་ཐུབ་པར་ཚགས་པར་ཁང་ལ་ཁ་པར་གཏོང་སྲིད།"ཞེས་སྨྲས།
     འདི་ལྟར་མཚན་མོ་ཞིག་འདས་སོང་། ཉིན་མོ་གསར་བ་ཞིག་བསུ་དུས་བཀྲ་ཐུབ་བཟང་པོའི་བློ་ཡུལ་དུ་མ་ཤར་བ་ནི་འཕྲིན་ལས་ཕྱིར་ལོག་རྒྱུ་གཏན་ཁེལ་བྱས་ཚར་བ་དེ་རེད། ཁོས་རྒྱབ་ཁུག་ཁུར་བ་དང་། ཞོགས་ཟས་ཀྱང་ཟ་རྩིས་མེད་པར་ལམ་ལ་ཆས། ཁོས"རྒན་ལགས་ཀྱིས་གྲ་སྒྲིག་གང་ཡང་མ་བྱེད། ཟོས་པ་དང་ཁྱད་མེད། ང་རང་མྱུར་མོར་འགྲོ་དགོས།"ཟེར།
     བཀྲ་ཐུབ་བཟང་པོས་རྐང་བ་ས་ལ་བརྡབ་བཞིན"ཟ་མ་མི་ཟ་རུང་། ང་ལ་ཏོག་ཙམ་སྒུག་དང"ཟེར།
     ཅུང་མ་འགོར་བར། བཀྲ་ཐུབ་བཟང་པོས་གོས་ཀྱིས་ལེགས་པར་བཏུམས་པའི་གེ་སེར་འབྲི་སྒྲུང་ཅིག་འཕྲིན་ལས་ཀྱི་ལག་ཏུ་གཏད།"འདི་ནི《སོག་པོ་རྟ་རྫོང》ཡིན། འདི་གྲུབ་འབྲས་འགྲེམས་སྟོན་ལ་བཀོལ་རྒྱུ་བྱས།" གློ་བུར་དུ་བཀྲ་ཐུབ་བཟང་པོའི་མིག་ལ་མཆི་མ་འཁོར་བྱུང་། སྐབས་འདིར་བསླེབས་དུས་ཁོའི་སེམས་ཀྱི་རྡོ་ལོག་དེ་བལྟས་བལྟས་རིག་རིག་ལ་སར་ལྷུང་གྲབས་ཡོད་པས། ཁོའི་སེམས་ཀྱི་འགྱུར་བ་དེ་རང་གིས་ཚོད་འཛིན་བྱེད་ཐུབ་བྲལ་སོང་། ཁོས་འཕྲིན་ལས་ཀྱི་ལག་པ་དམ་པོར་འཇུས་ཏེ"ཁྱོད་ཅིག་ཟ། ཁྱོད་ཅིག་ཟ།"ཞེས་ལན་འགར་སྨྲས། ཁ་ཕྱིར་འཁོར་བ་དང་། འཕྲིན་ལས་ཀྱིས་ཁོའི་རྒྱབ་ལོགས་ནས་རླངས་འཁོར་གྱི་སྣུམ་སྒོ་ཕྱེས་ཏེ་གྲོང་ཚོ་དང་ཁ་གྱེས། འཁོར་ལོས་བསླངས་བའི་ས་རྡུལ་བཀྲ་ཐུབ་བཟང་པོའི་ཕྱུ་བའི་ཐོག་བབས། ཀུན་དགས་ཁོའི་ཕྱུ་པའི་སྟེང་གི་ས་རྡུལ་རྣམས་སྤྲུག་སྤྲུག་བཏང་རྗེས།"ཨ་ཕ། ཁྱིམ་དུ་ལོག་འགྲོ"ཟེར།
     བཀྲ་ཐུབ་བཟང་པོས་གདོང་ལ་སྤྲོ་བ་སྤུ་ཙམ་ཡང་མི་འདུག ཉིན་འགར་བསྟུད་མར་རང་ཁྱིམ་གྱི་སྒོ་ཁར་བསྡད་དེ། མིག་གིས་རྒྱང་རིང་གི་ལམ་ཐིག་དེར་ཅེར་འདུག གནས་དེ་ན་ཅི་ཞིག་ཡོད་དམ། ཅིག་ཡོད་པའི་དབང་དུ་བཏང་ནའང་ཁོའི་སེམས་འགྱུ་ཁྲོད་ཀྱི་སོག་ལེའི་ཁ་ལྟ་བུའི་རི་རྩེ་དེ་ལས་མ་འདས།
     ཀུན་དགས་དབྱར་རྩྭ་དགུན་འབུ་བཙོང་ཚར་ནས་ཕྱིར་བསླེབས་བྱུང་། བཀྲ་ཐུབ་བཟང་པོའི་རྣམ་པ་དེ་མཐོང་བ་དང་ཡར་བསྐྱོར་ནས་ཁྱིམ་དུ་འཛུལ། ཁོས་"ཨ་ཕ་ཁྱེད་ལ་རང་གི་ལོ་ཚོད་དང་མི་མཉམ་པའི་སྐུ་གཟུགས་ཡག་པོ་ཞིག་ཡོད་རུང་། འདི་ལྟར་ཉིན་རེ་རེར་རང་གིས་རང་ལ་མནར་གཅོད་བྱེད་མི་ཉན་ཡ།"ཞེས་བཤད་པ་ན། སྒྲ་ཐོས་བཟང་པོས་ཁོར་སྐྱོར་དུ་མི་འཇུག ཁོས་ག་ལེར་ཀུན་དགའི་ལག་པ་ཕར་དེད་རྗེས"དགེ་རྒན་འཕྲིན་ལས་སོང་ནས་ཉིན་ག་ཚོད་འགོར་རམ"ཞེས་དྲིས།
     ཀུན་དགས་མཛུབ་མོ་བཀུག་ནས་རྩིས་ཞིག་བརྒྱབ་རྗེས"ཕལ་ཆེར་ཟླ་བ་གཉིས་ལྷག་འགོར་སོང"ཟེར།
     "གྲག་འགུལ་ཅི་ཡང་མེད་པ་གང་ཡིན་ནམ།"
     "ཡང་མིན་ན་ཁོར་ཁ་པར་ཞིག་བཏང་ན།"བཀྲ་ཐུབ་བཟང་པོ་ཅི་བྱེད་འདི་བྱེད་མེད་པར་གྱུར།
     ཀུན་དགས་ཅི་ཞིག་ལ་འདང་རྒྱག་གིན་ཁ་པར་ཕྱིར་བཏོན་པ་དང་སླར་ཡང་བློ་ཁུག་ཏུ་བསྡུས།
     "ཨ་ཕ། དེ་ལྟར་བྱེད་དོན་མེད། དགེ་རྒན་འཕྲིན་ལས་ཀྱིས་་ཅུང་ཙམ་སྒུགས་ཤིག་ཅེས་ལབ་མ་བྱུང་ངམ། ཁོར་ཏན་ཏན་གནས་ལུགས་ཡོད་ངེས།"
     ཉིན་དེར། ཟ་མ་ཟོས་རྗེས་ཕ་བུ་གཉིས་ཀ་ཁོ་ཚང་གི་ཞིང་ནང་དུ་སོང་། ནས་ཀྱི་སྐྱེས་སྟོབས་ཧ་ཅང་ལེགས་ཏེ། མཐོང་བ་ཙམ་གྱིས་སྤྲོ་བ་སྦྱིན་ཡོང་། ཡང་ལོ་ལེགས་བསྡུ་བའི་དུས་སུ་ཐོན་ལ་ཉེ། ཡིན་ནའང་ཁོའི་སེམས་བདེ་ལ་འབབ་ཐུབ་པའི་བརྡ་ཅི་ཡང་མ་གོ བཀྲ་ཐུབ་བཟང་པོས་སྐྱི་བསེར་རླུང་གིས་སྙེ་མ་གཡོ་དུས་ཤག་ཤག་འབྱིན་པའི་སྒྲར་ཉན་གྱིན་འབྲས་བུ་རྡོག་པོ་རེ་རེ་རང་གི་ལག་མཐིལ་ལ་ལྷུང་བ་འདྲ་བའི་སྣང་བ་ཞིག་སྐྱེས་བྱུང་། རླུང་གིས་ནས་ཀྱི་དྲི་མ་ཞིམ་པོ་དེ་གང་སར་ཁྱབ་ཏུ་བཅུག་སོང་། འོན་ཀྱང་བཀྲ་ཐུབ་བཟང་པོའི་སེམས་ལ་སྤྲོ་བ་ཉག་ཙམ་ཡང་མི་འདུག ཁོས་རང་གི་སྐྲ་རྣམས་རླུང་གིས་གཟེངས་སུ་བཅུག་སོང་བ་ཚོར་བྱུང་།
     ཁོས་དངན་པ་ཞིག་འཐེན་པའི་སྐབས་དེར་འཕྲིན་ལས་ཀྱི་ཁ་པར་བསླེབས་བྱུང་། ཁ་པར་ནང་གི་འཕྲིན་ལས་ཀྱི་སྐད་ཆར་སྤྲོ་སྣང་སྤུ་ཙམ་ཡང་མི་འདུག ཁོས"རྒན་ལགས་ཁྱེད་ཀྱིས་དུས་ཡུན་རིང་པོ་འདི་འདྲ་ཞིག་ལ་ངས་ཁ་པར་མ་བཏང་པར་ལེ་བདའ་བྱེད་སྲིད་དམ།"ཞེས་དྲིས་བྱུང་། བཀྲ་ཐུབ་བཟང་པོས"དགེ་རྒན་འཕྲིན་ལས་ཁྱོད་ཀྱིས་ང་རང་དུས་ཚོད་རིང་པོ་ཞིག་ལ་སྒུག་བཅུག་སོང་།"ཞེས་ལན་བཏབ། འཕྲིན་ལས་དར་ཅིག་ལ་ཁ་རོག་རེར་བསྡད་རྗེས། དོན་དག་གི་སྔ་གཞུག་ཚང་མ་ག་ལེར་བཤད་བྱུང་།
     ངས་ངལ་དུབ་ཀྱིས་རླངས་འཁོར་བསྐོར་བས་བློ་ཡུལ་འགོངས་བ་ཞིག་ལ་ལམ་བར་ནས་རླངས་འཁོར་མགོ་མཇུག་སློག་སོང་། རྒན་བཀྲ་ཐུབ་བཟང་པོ་ལགས། ཁྱེད་ཀྱི་གེ་སེར་འབྲི་སྒྲུང་ལ་སྐྱོན་ཅུང་ཙམ་ཡང་བྱུང་མེད་པས་ཐུགས་ཁྲལ་གནང་མི་དགོས། སྐབས་དེར་ང་སྨན་ཁང་དུ་བསྐྱལ་བ་དང་དབུགས་སོས་རྗེས"ངའི《སོག་པོ་རྟ་རྫོང》ངའི《སོག་པོ་རྟ་རྫོང》"ཞེས་འུར་བརྒྱབ། སྟབས་ལེགས་པ་ཞིག་ལ་ང་འཚམས་འདྲིར་འོངས་བའི་ལས་གྲོགས་གིས་འབོག་སྒྲིལ་དེ་ངའི་ལག་ཏུ་གཏད་བྱུང་། དེ་ཉིད་གེ་སེར་སྒྲུང་གྲུབ་འབྲས་འགྲེམ་སྟོན་སྟེང་གི་ཕྲ་རྒྱན་དུ་གྱུར། རྒན་ལགས་ཀྱིས་སེམས་བདེ་མོ་བྱོས་དང་། ང་རང་ཉིད་ཀྱིས་ཕྱིར་བསྐྱལ་འོངས། ཉིན་དེ་དག་ལ་ང་རང་ནད་ཁྲིའི་སྟེང་ཉལ་ནས་ཁྱོད་ཀྱི་ང་ལ་བཤད་པའི་དོན་དེར་འདང་བརྒྱབ་པ་ཡིན།《རྒྱ་ཆེན་མེ་ཏོག་རྫོང》འོ། གནམ་རྒན་མ། ཁྱོད་ཀྱིས་ཤེས་མི་སྲིད། དོན་འདི་ཁྱབ་བསྒྲགས་བྱས་མ་ཐག ཆེད་ལས་མཁས་པ་དེ་དག་གིས་ངེད་གཉིས་ལ་སྡིག་དམོད་གནམ་ལ་མི་ཤོང་བ་ཞིག་བྱེད་པའི་རྣམ་པ་དེ་ངོ་མ་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། ཉིན་དེ་དག་ལ་ངས་ཁྱེད་ཀྱི《རྒྱ་ཆེན་མེ་ཏོག་རྫོང》དེ་གེ་སེར་སྒྲུང་གི་གྲུབ་འབྲས་འགྲེམས་སྟོན་ཁྲོད་ནས་ཕྱིར་འཐེན་བྱེད་རྒྱུའི་ཐད་ལ་བསམ་བློ་གང་མང་བཏང་། ང་རང་ནད་ཁྲིའི་སྟེང་ཉལ་བསྡད་པ་དང་། ཆག་གྲུམ་བྱུང་བའི་རྩིབས་རུས་དེ་གློ་ལུ་རེ་བརྒྱབ་དུས་ལྷག་ཏུ་ན་ཟུག་ཆེ། འེ། མཚན་མོ་དེར་གཞི་ནས་ང་འཚམས་འདྲིར་འོངས་བའི་མགོ་ཁྲིད་དང་ཁ་བརྡ་བྱེད་ཐུབ་སོང་། ངས་རྒྱུ་མཚན་ག་འདྲ་ཞིག་དྲངས་བ་ཁྱོད་ཀྱིས་ཁྱོན་ནས་ཚོད་དཔག་བྱེད་མི་ཐུབ།
     ངས"མགོ་ཁྲིད་ལགས།《རྒྱ་ཆེན་མེ་ཏོག་རྫོང》ཕྱིར་འཐེན་བྱེད་རོགས། རྒན་བཀྲ་ཐུབ་བཟང་པོའི་ཨ་ཕས་ཐེངས་འགར་རྨི་ལམ་བརྒྱུད་དེ་ཁོར་སྐད་བཏང་ནས་《རྒྱ་ཆེན་མེ་ཏོག་རྫོང》ཐེངས་འདིའི་འགྲེམས་སྟོན་ལ་ཞུགས་མི་ཆོག་ཟེར། དེ་བས་ཁོས《སོག་པོ་རྟ་རྫོང》སྤྲད་ནས་ཁྱེར་འོངས་བ་རེད། ཁྱོད་ཀྱིས་བལྟས་དང་ང་ཚོའི་ཁོའི་བསམ་ཚུལ་དེར་བརྩི་འཇོག་ངེས་པར་དུ་བྱེད་དགོས།" མགོ་ཁྲིད་ཀྱིས་སྐད་མགོ་དམའ་མོས་སྡུག་མུས་ཡུན་རིང་བོ་བཏོན་རྗེས། ནམ་རྒྱུན་བཀོལ་བའི་སྐད་གདངས་སྦོམ་ལ་དམའ་བ་དེ་སྤྱད་ནས་བཤད་རྒྱུར།"རྒྱུ་མཚན་དེ་ཁྱད་མཚར་ཆེ་བ་ལ། འོན་ཀྱང་དཔེ་སྐྲུན་ཁང་གི་ལྟ་ཚུལ་གང་འདྲ་ཡིན་པ་ཤེས་མ་སོང" ཟེར།
     ཉིན་འགའི་རྗེས་ལ་དཔེ་སྐྲུན་ཁང་གི་སྤྱི་གཉེར་བ་སྟེ། ངའི་སློབ་གྲོགས་སངས་རྒྱས་ཀྱིས་མེ་ཏོག་དང་སིལ་ཏོག་སླེའུ་རེ་ཁྱེར་ནས་ང་ལྟ་རུ་འོངས། ཁོ་ངའི་ནད་ཁྲིའི་མདུན་ནས་ཙོག་ཏེ་བདག་ལ་སེམས་ཁུར་གྱི་སྐད་ཆ་གང་མང་བཤད།
     "ཡ་སྤུན་ཟླ། རྗེས་མ་གཏན་ནས་རླངས་འཁོར་མགྱོགས་པོ་གཏོང་མི་རུང་། རླངས་འཁོར་དོན་རྐྱེན་མང་ཆེ་བ་རླངས་འཁོར་བཏང་བ་མགྱོགས་དྲག་པ་ལས་བྱུང་བ་ཁྱོད་ཀྱིས་མི་ཤེས་སམ།" ཁོས་ངའི་བསྔས་མགོ་ཇེ་མཐོར་བཏང་བ་དང་ངའི་ལག་པ་བཟུང་ནས་སྔོན་ཆད་ཀྱི་དོན་རྣམས་གླེང་བས། ང་རང་ངོ་མ་སེམས་འགུལ་ཐེབས་སུ་བཅུག འེ། རྒན་ལགས། ཁོ་ཉིན་ལྟར་ང་ལ་བལྟ་རུ་འོངས་བས་ང་ཡང་དོགས་མི་བདེ་བ་བཟོས་བྱུང་།
     ཉིན་ཞིག་ཁོས"《རྒྱ་ཆེན་མེ་ཏོག་རྫོང》ཅིའི་ཕྱིར་འགྲེམས་སྟོན་ལས་ཕྱིར་འཐེན་བྱས་པ་ཡིན། དྲིལ་སྒྲོག་གོ་སྐབས་འདི་འདྲ་བཟང་པོ་ཞིག དཔེ་སྐྲུན་ཁང་ལ་ཁ་ངོ་ཅུང་ཙམ་ཡང་མི་སྟེར་བ་ཅི་ཡིན།"ཟེར། ངས་ནམ་རྒྱུན་མགོ་ཁྲིད་ལ་ཁ་གཡོར་ས་གང་མང་བཤད་ནས་རང་སྐྱོན་འགེབས་པའི་ཐབས་ཤེས་དེ་བཀོལ་བ་ལས་ཐབས་ཟད། འོན་ཀྱང་ཁོ་ཡིད་ཆེས་ཀྱིན་མི་འདུག ཁོས་ཡང་དང་བསྐྱར་དུ་དྲིས་པས། ང་ཡང་ཐབས་ཟད་ནས་ཁོར་གནས་ཚུལ་ངོ་མ་བཤད་པ་ཡིན། དར་ཅིག་ལ་ནད་ཁང་དུ་ཁུ་སིམ་མེར་གྱུར། ལྷིང་འཇགས་དེ་འདྲ་ཞིག་ཡོད་མ་མྱོང་། དུས་ཡུན་རིང་བོ་ཞིག་འགོར་རྗེས་སངས་རྒྱས་ཀྱིས"ང་ཡིད་མི་ཆེས། ཁོས་ཚང་མ་མགོ་སྐོར་བཏང་ནས་སྙན་གྲགས་རང་གིས་བརྐུས་བ་མིན་ནམ།"ཟེར།
     ངས"ཐམས་ཅད་ཀྱིས་སྡིགས་དམོད་བྱ་སའི་སྙན་གྲགས་ཅིག་བརྐུས་ནས་ཅི་བྱེད། ཁོས་ནང་སེམས་ཀྱི་བདེ་བ་ཁོ་ན་འདོད་པ་ཡིན།"ཞེས་སྨྲས།
     "ཁྱོད་ཀྱིས《རྒྱ་ཆེན་མེ་ཏོག་རྫོང》དེ་ངོ་མཚར་རྨད་དུ་བྱུང་བ་ཞིག་རེད་མི་འདོད་དམ།"
     "དེའི་རྒྱུ་མཚན་གྱིས་ངས་ནོར་འཁྲུལ་ཆེན་པོ་བཟོས་སོང་།"
     "ཁྱོད་ཀྱིས་ཁོས་འདི་འདྲའི་ངོ་མཚར་རྨད་དུ་བྱུང་བ་ཞིག་བརྩམས་ཐུབ་རྒྱུ་མ་རེད་མི་འདོད་དམ།"
     "ངས་ཀྱང་འདི་ལྟར་བསམ་པ་ཡིན། འོན་ཀྱང་ཁོས་དངོས་གནས་དེ་ལྟར་བྱས་པ་རེད། ཁྱོད་ཀྱིས་དེ་འགྲེལ་བཤད་ཇི་ལྟར་རྒྱག"
     "ངས་ཡང་བསྐྱར་འདང་ཡག་པོ་ཞིག་རྒྱག འེ། ངོ་མ་མགོ་ཉོག་ཐལ།"
     འདི་ལྟར་དོན་དེ་འགོར་འགྱངས་བྱས་སོང་། ཡིན་ནའང་ཉིན་འགའི་སྔོན་ལ་སངས་རྒྱས་གློ་རྡེག་ལ་ངའི་སར་བསླེབས་བྱུང་། ང་རང་ཁྱིམ་ན་ངལ་གསོས་ནས་བསྡད་ཡོད། ཁོའི་མིག་ཟུང་ལས་གཞན་དང་མི་མཚུངས་བའི་འོད་ཅིག་འཕྲོ་བཞིན་འདུག དེས་ང་རང་དོགས་མི་བདེ་བར་བཟོས་བྱུང་། ཁོས"ཧེ། སྤུན་ཟླ། ཁྱོད་ཀྱིས་བཤད་པའི་དོན་དག་དེ་ངས་ཚགས་པར་ཁང་བཙལ་ནས་སྤྱི་ལ་ཁྱབ་བསྒྲགས་བྱེད་བསམ་པ་ཡིན། ཁྱོད་ཀྱིས་བལྟས་ན་ག་འདྲ་འདུག་གམ།"ཟེར།
     ང་ཧད་དེ་ཅུང་ཙམ་བསྡད་རྗེས་ཅི་ཞིག་བཤད་དགོས་བའང་མི་ཤེས་པར་གྱུར།
     ཁོ་ངའི་ཁྱིམ་ནས་ཡར་འགྲོ་མར་འགྲོ་བྱེད། སྐད་སྒྲ་མཁའ་དབུགས་ཁྲོད་འཕུར་ལྡིང་བྱེད།"སྤུན་ཟླ་ཁྱོད་ཀྱིས་རྒན་བཀྲ་ཐུབ་བཟང་པོར་ཁ་པར་བརྒྱབ་ནས་ཞིང་ཆེན་རིམ་པའི《གྲོང་ཁྱེར་ཚགས་པར》ཀྱི་གསར་འགོད་པ་ཁོར་བཅར་འདྲི་བྱེད་དུ་ཡོང་སྲིད་པས། མ་གསང་དྲང་བོར་ཤོད་དང་ནང་སེམས་ད་གཟོད་བདེ་ལ་འབབ་ཐུབ་ཞེས་བརྡ་རྒྱོབ།"
     འཕྲིན་ལས་ཀྱིས་བཤད་མཚམས་འདིར་བསླེབས་དུས་ལྐུགས་པའི་བརྟལ་ཞུགས་བཟུང་བྱུང་།
     ལག་ཁྱེར་ཁ་པར་གྱི་ཉན་ཁུང་ལས་གློག་རྒྱུན་གྱི་སི་སིས་སྒྲ་དེས་འཇིག་རྟེན་འདི་ལྷིང་འཇགས་བླ་ན་མ་མཆིས་པ་ཞིག་ཏུ་རྒྱན་སྤྲོས་བྱས་བྱུང་། ཡིན་ནའང་འཕྲིན་ལས་ཀྱི་བློ་ཡུལ་ལས་འདས་པ་ནི་བཀྲ་ཐུབ་བཟང་བོ་ཧ་ཅང་ལྷིང་འཇགས་ཡིན་པ་དེ་རེད།
     ཀུན་དགའི་ཁ་པར་ཁོའི་ལག་ནས་འཚིག་པ་བཞིན་ངར་བྱུང་། ཁོས་ལྷིང་འཇགས་ཀྱི་ངང་ནས་བཤད་རྒྱུར།"བཟང་གི ཁོ་ཡོང་དུ་ཆུགས། ངས་མ་གསང་དྲང་བོར་བརྗོད་ངེས་ཡིན།"ཟེར། བཀྲ་ཐུབ་བཟང་པོས་ཁ་པར་ཀུན་དགར་སྤྲད། ཀུན་དགས་ཁ་པར་གྱི་ཁ་བརྒྱབ། འཕྲིན་ལས་ཀྱིས་མགོ་བོ་ལན་འགར་གཡུག་པ་དང་ཁ་པར་འབོལ་ཁྲིའི་སྟེང་དུ་གཡུགས།
     ཉིན་གསུམ་འགོར་རྗེས་གསར་འགོད་པ་གཟུགས་ཐུང་ཞིག་གཞི་ནས་བསླེབས་བྱུང་། བཀྲ་ཐུབ་བཟང་པོའི་གདོང་ལ་སྤྲོ་བ་ཉག་ཙམ་ཡང་མི་འདུག གསར་འགོད་པ་ན་གཞོན་དེ་འདུག་སྟེགས་སུ་བསྡད་རྗེས། བཀྲ་ཐུབ་བཟང་པོས་ཀུན་དགར་ཇ་ལྡུག་པར་སྐུལ། འོན་ཀྱང་དེས་ཁམ་གང་ཡང་མ་འཐུང་། དེས་དྲིས་པའི་དྲི་བ་ཐམས་ཅད་རང་གིས་དགེ་རྒན་འཕྲིན་ལས་ལ་བརྗོད་ཟིན་པ་རྐྱང་རྐྱང་ཡིན་པས། དེ་སྔར་བརྗོད་ཟིན་པའི་སྐད་ཆ་དག་བསྐྱར་ཟློས་བྱས་པ་དང་འདྲ། གསར་འགོད་པ་འགྲོ་ཁར་བཀྲ་ཐུབ་བཟང་པོར་པར་མང་པོ་བརྒྱབ། པར་སྒོའི་གློག་འོད་ཆེམ་ཆེམ་འཕྲོས་པས་བཀྲ་ཐུབ་བཟང་པོས་ཡུན་རིང་ལ་མིག་ཡང་འབྱེད་དཀའ་བར་གྱུར། བཀྲ་ཐུབ་བཟང་པོས་རང་ཉིད་ཀྱིས《གྲོང་ཁྱེར་ཚགས་པར》སྟེང་རླུང་འཚུབ་ག་འདྲ་ཞིག་བཟོས་ཡོད་པ་མི་ཤེས། རླུང་འཚུབ་དེའི་རྒྱབ་ཏུ《རྒྱ་ཆེན་མེ་ཏོག་རྫོང》རྒྱ་འགྱུར་མ་འབུམ་གཅིག་གིས་གྲ་སྒྲིག་ཨང་གསར་བྱས་ཏེ་སྒུག་ཡོད། གོ་སྐབས་འོས་འཚམ་དང་ཕྲད་པ་ན་འབྲེལ་ཡོད་གནས་ཚུལ་དག་ཀྱང་རྗེས་སྙེགས་ཏེ་ཕྱིར་ཐོན། ཀློག་པ་པོའི་སྐོམ་པ་ཆུ་འདོད་ལྟར་ཤེས་འདོད་ཀྱི་སྤྲོ་བ་དེ་སྔོག་འདོན་བྱས་པས་དཔེ་ཆའི་ཚོང་ལྡབ་འགྱུར་གྱིས་བྲིན་སོང་། "དེ་ན་དཔེ་ཚོང་དངུལ་ལས་སྒྲ་ཐོས་བཟང་པོར་ཉུང་ཙམ་དགོད་དགོས་སམ།" "མི་དགོས་ཏེ། སྔོན་མའི་གན་རྒྱ་དེ་ཀུན་དགས་འཕྲིན་ལས་ལ་མངགས་བཅོལ་བྱས་ནས་མིང་རྟགས་བཀོད་པ་རེད། དེའི་སྟེང་སྒོར་རྡོག་གཅིག་ཀྱང་དགོད་རྒྱུ་མེད་པ་གསལ་བོར་བྲིས་ཡོད། དཔེ་སྐྲུན་ཁང་གིས་གེ་སེར་སྒྲུང་མྱུར་སྐྱོབ་ཐད་ལ་བྱས་རྗེས་བཞག་པས་ཆོག་པ་རེད། གན་རྒྱའི་ནང་དོན་རེ་རེ་རང་ཉིད་ལ་ཁེ་ཕན་ཡོད་པར་བཟོ་བ་ནི་དཔེ་སྐྲུན་ཁང་གི་ཆེད་ནུས་ཡིན། བོད་ཡིག་གི་པར་མ་ཡང་དཔར་ཡོད་པས་འཚོང་བཞིན་བལྟས་ཆོག"དེ་ནི་སངས་རྒྱས་ཀྱིས་རང་གི་བུད་མེད་ལག་གཡོག་པ་དེར་བཤད་པའི་སྐད་ཆ་རེད།
     གནས་ཚུལ་གཞི་ནས་ཕྱིར་ཐོན་པ་དང་གཡོ་འགུལ་མི་ཆུང་བ་ཞིག་བསླངས་སོང་། སངས་རྒྱས་ཀྱི་སྔོན་རྩིས་བརྒྱབ་པ་ངོ་མ་བཟང། དཔེ་སྐྲུན་ཁང་ལ་ཁེ་སྤོགས་མང་པོ་འཐོབ་སོང་། ཁོས་ཡོང་སྒོ་བླངས་པ་དང་མཚམས་བཞག་ནས་མུ་མཐུད་དུ་པར་སྐྲུན་མ་བྱས། དེར་མཐུད་ནས་རྫུན་མ་ཡང་ཐོན་སོང་། མི་མང་པོས《རྒྱ་ཆེན་མེ་ཏོག་རྫོང》 ནི་གེ་སེར་གྱི་རྫུན་བཟོ་ཡིན་པར་སྡིག་དམོད་བྱེད་པས་ཉོ་མཚམས་བཞག་ན་བཟང་ཟེར། ཡང་མི་ལ་ལས་འདི་བཀྲ་ཐུབ་བཟང་པོས་བྲིས་པ་ཞིག་གཏན་ནས་མ་རེད། ཡིན་མི་སྲིད་ཟེར། དེ་ན《རྒྱ་ཆེན་མེ་ཏོག་རྗོང》གང་ནས་འོངས།
     ཞོགས་པར་བཀྲ་ཐུབ་བཟང་པོ་མལ་ལས་ལངས་མ་ཐག་རང་ཁྱིམ་གྱི་སྒོ་ཁར་གསར་འགོད་པ་མང་པོ་འཚང་ཡོད་པ་མཐོང་བྱུང་།
     "བུ། ཁྱོད་ཀྱིས་གཞན་པ་འདི་ལྟར་སྒུག་བཅུག་ན་ག་ལ་འགྲིག ཁོ་ཚོ་ནང་དུ་བསུས།"
     "ཨ་ཕ། ཡིན་ནའང་དགེ་རྒན་འཕྲིན་ལས་ཀྱིས་ཁ་པར་བཏང་ནས་མི་འདི་ཚོའི་མདུན་ནས་ཅི་ཡང་བཤད་མི་རུང་། ཁོ་ཚོས་གང་འདོད་དུ་ཡི་གེར་ཕབ་སྲིད་ཟེར།"
     "སྐྲག་དོན་མེད། ང་ཚོས་བསྒྲུབ་ཟིན་པས་མི་གཞན་གྱིས་བཤད་པར་སྐྲག་དོན་མེད།"
     བཀྲ་ཐུབ་བཟང་པོས་བུ་ཀུན་དགར་མི་དེ་དག་རེ་རེ་བཞིན་ནང་དུ་གདན་འདྲེན་བྱེད་དུ་བཅུག ཁོ་ཚོས་ཅི་དྲིས་ན་ཁོས་ཅི་ཞིག་ལན་བཏབ། མི་ལ་ལས་དྲི་བ་ཁྱད་མཚར་རེ་དྲིས་ཀྱང་བཀྲ་ཐུབ་བཟང་པོས་ཨུ་ཚུགས་ཀྱིས་བཟོད་སྒོམ་བྱས་ནས་ཁོང་ཁྲོ་ལངས་མེད། འདི་ནི་ངས་མྱངས་དགོས་བ་ཞིག་རེད། རྣམ་སྨིན་འཁོར་བ་རེད། གལ་ཏེ་མཇུག་འབྲས་འདིས་ནང་སེམས་བདེ་རུ་འབབ་ཏུ་འཇུག་ཐུབ་ན་ཚེ་གང་བོ་རྡོ་ལོག་ཅིག་འཁུར་ཏེ་འཚོ་བ་སྐྱེལ་བ་ལས་བཟང་། འདི་ལྟར་བསམ་དུས་ཁོའི་གདོང་ལ་སླར་ཡང་འཛུམ་ལངས་བྱུང་། ཡིན་ནའང་ཡང་དང་བསྐྱར་དུ་དོན་དག་འདི་གླེང་བས་བཀྲ་ཐུབ་བཟང་པོ་སུན་བྱུང་། དེས་མ་ཚད་ཁོ་ཚོས་ད་རུང་གནད་དོན་གསར་བ་རེ་སྔོག་འདོན་བྱེད་འདོད། ཁོ་ཚོས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ་བཀྲ་ཐུབ་བཟང་པོའི་ཁ་ནས་སུས་ཀྱང་གོ་མ་མྱོང་བའི་དོན་དག་གསར་བ་རེ་ཐོས་པར་རེ་བ་བྱེད། རྒྱུ་མཚན་ནི་དེས་ཚོང་བྲིན་ཐུབ་པས་ཡིན།"
     "ཡིན་ནའང་དངོས་གནས་ཁྱོད་ཚོས་ཚོད་དཔག་བྱས་པ་ལྟར་མ་རེད། ངས་གཅིག་ཀྱང་མ་ལུས་པ་ཚང་མ་བཤད་ཚར། ངས་འགྱོད་གཤགས་བྱེད། ངོ་མ་ང་འཆུགས་སོང་། ང་ལ་བཟོད་སྒོམ་བྱེད་རོགས།"
     གསར་འགོད་པ་གཅིག་གིས་ཀྱང་ཁོའི་སེམས་འགྱུ་ལ་ཁ་ཡ་མི་བྱེད། ཉིན་ཞིག་ལ་སྐྲ་སེར་མིག་ལྗང་ཅིག་ཀྱང་བསླེབས་བྱུང་། "ཁོ་ཚོས་ཁྱོད་རང་དགར་བསྐྱུར་མི་སྲིད། ཨ་ཕ་དགེ་རྒན་འཕྲིན་ལས་ཀྱིས་བཤད་ཡོད་པ་མ་ཡིན་ནམ། ཁོ་ཚོས་ཁོ་ཡང་འདུག་ཏུ་མི་འཇུག་ཟེར། དེ་བས་ཁྱོད་ནི་སྨོས་མེད་རེད།"
     བཀྲ་ཐུབ་བཟང་པོས་ཀུན་དགའི་སྐད་ཆར་ཉན་ཀྱིན་ཇ་བསྲུབས་མ་ཁམ་གང་འཐུང་རྗེས།"བཤད་དགོས་བ་ཐམས་ཅད་ངས་བཤད་ཚར། ད་ནས་བཟུང་ང་ཁོ་ཚོར་ཐུག་རྒྱུ་མིན།"ཟེར།
     བཀྲ་ཐུབ་བཟང་པོ་གློ་བུར་དུ་གར་སོང་ཆ་མེད་གྱུར། གསར་འགོད་རྣམས་ལམ་ཐག་རིང་པོ་འདི་འདྲ་བརྒྱུད་ནས་འོངས་བས་ལག་སྟོང་ལ་ཕྱིར་ལོག་འདོད་མེད་པར་གྲོང་ཚོ་ནང་གི་མི་རྣམས་ལ་བཅར་འདྲི་བྱས། གྲོང་མིས་བཀྲ་ཐུབ་བཟང་པོ་ནི་མི་ཡ་རབས་ཞིག་ཡིན་པ་མ་ཟད། གེ་སེར་སྒྲུང་བཤད་རྒྱུར་དགའ་བའི་མི་བཟང་བོ་ཞིག་ཡིན། ཁོ་ནི་མི་ལ་ལས་བཤད་པ་ནང་བཞིན་ཁེ་ཕན་ཁོ་ནར་སྙེག་ནས་དྲང་བདེན་རྡོག་བརྫིས་བྱེད་མཁན་ཞིག་གཏན་ནས་མིན། ཁོ་ནི་གེ་སེར་འབྲི་སྒྲུང་ཁྱིམ་རྒྱུད་ཀྱི་རྗེས་རབས་པ་འཁྲུལ་མེད་དེ་ཡིན། ཀླད་པའི་ནང《གེ་སེར་སྒྲུང》མ་གཏོགས་ཅི་ཡང་མེད། ད་དུང་གེ་སེར་སྒྲུང་མང་པོ་བཤུ་འབྲི་བྱས་པས། ལོ་ཆུང་དུས་ནོར་འཁྲུལ་རེ་བཟོས་ཀྱང་མི་འདི་ལྟར་བཙན་གྱིས་སྨྱོ་རུ་འཇུག་པ་ཞིག་གང་ན་རེད། ད་མི་གར་སོང་ཆ་མེད་དུ་གྱུར་བ་རེད། རྒས་འཁོག་ཅིག་གང་དུ་འགྲོའམ། བཀྲ་ཐུབ་བཟང་པོ་གང་སོང་ངམ། དོན་དེ་བཀྲོལ་མི་ཐུབ་པའི་མདུད་ལོག་ཅིག་ཏུ་གྱུར། ཀུན་དགས་ཨ་ཕ་འགྲོ་སྲིད་པའི་ས་གནས་ཐམས་ཅད་བཙལ་ཀྱང་རྗེས་ཤུལ་ཙམ་ཡང་མ་རྙེད། ཡིན་ནའང་སེམས་བདེ་ཆོག་པ་ཞིག་ཡོད་པ་ནི། བཀྲ་ཐུབ་བཟང་པོ་ཁྱིམ་ནས་ཁ་བྲལ་དུས་ར་ཕོ་གཅིག་དང་ར་མ་གསུམ་ཁྲིད་ཕྱིན། རྗེས་སུ་ནས་བསྡུ་དུས་ཀུན་དགས་ཧ་ཡང་བ་མ་ཆུང་ཆུང་ཅིག་དང་ཇ་དེམ་ཆུང་ཆུང་ཅིག ད་དུང་ཇ་ལོ་དང་འབར་ཞུན། རྩམ་པ་ཀོ་ཁུག་ཆེན་པོ་གཅིག་དང་ཁོའི་ཕོར་བ་བཅས་མེད་པ་ཚོར་བྱུང་། བལྟས་ཡོང་ན་ཨ་ཕ་གཅིག་པུ་ས་གནས་ཅིག་ཏུ་སྦས་ནས་འཚོ་བ་རོལ་ཀྱིན་ཡོད་པ་འདྲ། ཀུན་དགས་གནས་ཚུལ་དེ་དག་ཤེས་རྗེས་སེམས་ཁུར་སྔོན་ཆད་དང་བསྡུར་ན་ཇེ་ཡང་དུ་གྱུར། ཉིན་རེ་རེ་ཕར་འདས་སོང་། ཀུན་དགས་རིམ་བཞིན་བཀྲ་ཐུབ་བཟང་པོ་ནམ་གུང་ཁྱིམ་ལ་དངོས་པོ་ལེན་པར་ཡོང་བ་ཤེས་བྱུང་། ཁོས་ཁྱིམ་གྱི་དངོས་པོ་དག་མཚམས་མི་ཆད་པར"བོར་བརླགས"བྱུང་བཞིན་པ་ཚོར་བྱུང་སྟེ། གྲང་ངར་འགོག་སྤྱད་པག་ཚགས་རྙིང་པ་དེ་མཐོང་རྒྱུ་མ་བྱུང་། ཀུན་དགས་དེ་ནི་བཀྲ་ཐུབ་བཟང་པོས་མཚན་མོར་ལུས་ཐོག་ཏུ་འགེབ་སྤྱད་བྱེད་པ་རྟོག་བཟོ་བྱས། ཀུན་དགས་ཉི་གློག་ཉོས་འོངས་ཏེ་གློག་གཡིས་དང་གློག་གསོག་སྤྱད་བཅས་མཉམ་དུ་ཁང་པའི་ཕྱི་རོལ་གྱི་སྒོ་རའི་མདུན་དུ་བཞག་པ་དང་། ཉལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ་ནས་ཨ་ཕ་ཁྱིམ་དུ་ལོག་པར་སྒུག ཡིན་ནའང་བཀྲ་ཐུབ་བཟང་པོ་ཏག་ཏག་ཁོ་གཉིད་ཁུག་དུས་ད་གཟོད་ཁྱིམ་དུ་ལོག དངོས་པོ་ཁྱེར་ཐེངས་རེར་བཀྲ་ཐུབ་བཟང་པོས་རང་ཁྱིམ་གྱི་སྒོ་རའི་ཐལ་སྤུང་ཐོག་རྡོག་བརྫིས་བྱས་ཏེ་རྐང་རྗེ་རེ་ཕབ་སྲིད།
     "ཨ་ཕ་ང་ངོ་མ་སེམས་སྐྱོ་བྱུང་། ངས་ཁྱོད་ཀྱིས་ལྷིང་འཇགས་ཀྱི་འཚོ་བ་ཞིག་སྐྱེལ་ཐུབ་ཡོད་པ་མ་ཟད། སེམས་ཀྱི་རྡོ་ལོག་ཡང་ཐང་ལ་ལྷུང་ཡོད་པ་ཤེས་རུང་། རི་མགོར་རླུང་ཧ་ཅང་ཆེ་ཡང་བུས་ངས་ཁྱོད་བདག་སྐྱོང་བཟང་བོ་ཞིག་ཀྱང་བྱེད་མི་ཐུབ། ཁྱོད་ཀྱིས་ངེས་པར་དུ་རང་གིས་རང་ལ་བདག་སྐྱོང་བཟང་བོ་བྱེད་དགོས། ང་རང་བུ་ཕྲུག་ཡ་རབས་ཞིག་མིན་པས་ནམ་ཡང་ཁྱོད་ལ་རྙོག་དྲ་བཟོས་ཡོང་། ཁྱོད་རང་གསང་བའི་རི་ཚོགས་སུ་སྦས་བཅུག་ནས་ཁ་ཉེས་ཁ་གཡོག་ཚད་མེད་ཐེབས་སུ་བཅུག་སོང་།"
     ཀུན་དགས་རང་གིས་རང་ལ་ལེ་བདའ་བྱེད་མགོ་བརྩམས། སྐབས་འདིར་འཕྲིན་ལས་ཀྱི་ཁ་པར་འབྱོར་བྱུང་། ཁོའི་སྐད་གདངས་ལ་སྔོན་ཆད་ལྟར་སྤྲོ་བས་ཕྱུག་མེད་རུང་། སྐྱོ་བས་ཁེངས་པ་ཅིག་ཀྱང་མ་རེད། ཀུན་དགས་ཁོའི་སྐད་གདངས་ཧ་ཅང་ལྷོད་ལ་བབས་ཡོད་པ་མ་ཟད་ཚད་ལས་བརྒལ་ཡོད་པ་ཐོས་ཐུབ། འོན་ཀྱང་ལྷོད་ལ་བབས་པའི་སྐད་གདངས་དེའི་ནང་དུ་གྲག་མེད་ངང་འཁོར་སྐྱོད་བྱེད་པ་ནི་སེམས་ཁུར་ཡིན་པ་ཚོར་བྱུང་། "ཀུན་དགའ། ཁྱོད་ཀྱི་ཨ་ཕ་ཕྱིར་ལོག་གམ།"
     "ལོག་མ་བྱུང་།"ཀུན་དགས་ལན་མཁྲེགས་པོ་ཞིག་བཏབ།
     "ཁྱོད་ཚང་གི་གེ་སེར་འབྲི་སྒྲུང་དུས་ཚོད་ཐོན་ན་ང་རང་ཉིད་ཀྱིས་བསྐྱལ་འོངས།"ཀུན་དགར་ལན་འདེབས་ཁོམ་མ་བྱུང་།
     "གསར་འགོད་པ་དེ་རྣམས་ད་དུང་ཡོང་ཀིན་འདུག་གམ"
     "སྐབས་འགར་ཁ་ཤས་བསླེབས་ཡང་ཕྱིར་ལག་སྟོང་མཆན་ལ་བཙིར་ནས་ལོག"
     འཕྲིན་ལས་ཀྱིས་ཏོག་ཙམ་ལ་བཤད་མཚམས་བཞག་པ་དང་། "ཁྱོད་ཀྱི་ཨ་ཕ་ནམ་ཉི་མ་ཞིག་ལ་ལོག་ངེས་ཡིན།"ཟེར།
     རེད་ཡ། ནམ་ཉི་མ་ཞིག་ལ། ཡིན་ནའང་ཉིན་མོ་དེ་ག་དུས་ཡིན་པ་སུས་ཀྱང་མི་ཤེས།
     འཕྲིན་ལས་ཀྱིས་ཡང"ཀུན་དགའ་ཡ། ང་རང་གེ་སེར་ཞིབ་འཇུག་ཚོགས་པ་ནས་ཐོན་རྩིས་ཡོད། ལས་ཐོན་ཞུ་ཡིག་ཀྱང་ཞོགས་པར་བསྐྱལ་ཚར། ལས་ཐོན་བྱས་རྗེས་ངས་རང་གི་འདོད་པ་ལྟར་གཞི་རིམ་གྱི་དམངས་ཁྲོད་དུ་སོང་ནས་གླིང་གེ་སེར་རྒྱལ་བོའི་སྒྲུང་གི་གཟི་ཉམས་དེ་མྱོང་ཚོར་བྱེད་བསམ། སྟབས་ལེགས་ན་ངས་ཁྱོད་ཀྱི་ཨ་ཕ་རྙེད་སྲིད།"འཕྲིན་ལས་ཀྱིས་བཤད་ཚར་རྗེས་སྣ་ཤུགས་ཀྱིས་རྔུབ་ཙམ་བྱས།
      བཀྲ་ཐུབ་བཟང་པོ་ག་ལེར་གཉིད་ཁུག་སོང་། སྐབས་འདིར་ཁོས་རྨི་ལམ་ནས་གླིང་གེ་སེར་རྒྱལ་བོ་མཐོང་བྱུང་། ཁོ་ཡར་ལངས་བསམ་ཀྱང་གེ་སེར་རྒྱལ་བོས་ཁོའི་ཕྲག་གཉིས་ནས་མར་མནན་སྟེ་སྐད་དམའ་མོས་"བཀྲ་ཐུབ་བཟང་པོ། ཁྱོད་ཙོག་པུར་སྡོད་ཅིག"ཟེར། བཀྲ་ཐུབ་བཟང་པོས་མགོ་བོ་ཤུགས་ཀྱིས་ལྡེམ་ཙམ་བྱས། ཁོའི་གདོང་ཡོངས་མིག་ཆུས་བརླན་ཅིང་། མིད་པ་བརྣངས་བཞིན"ངའི་སེང་ཆེན་རྒྱལ་བོ། ཁྱེད་རང་གཞི་ནས་བསླེབས་བྱུང་།" ཞེས་སྨྲས། གེ་སེར་རྒྱལ་བོའི་བཞིན་ལ་འཛུམ་ཞིག་རྒྱས་པ་དང་ལག་གཉིས་ཀ་ཧ་ཅང་དྲོད་ཁོལ་ལྡན་པས་བཀྲ་ཐུབ་བཟང་པོའི་ཕྲག་པ་གཉིས་ཀ་དྲོད་སོབ་སོབ་དུ་གྱུར།"འེ་ཡ། ང་མ་སེང་གེ་སེར་ནོར་བུ་དགྲ་འདུལ་ཡོང་བ་འཕྱི་སྟེ།ཁྱོད་ལ་མ་ཉེས་ཁ་གཡོག་ཐེབས་སུ་བཅུག་སོང་།" བཀྲ་ཐུབ་བཟང་པོས་ལག་པའི་ཕྱི་ངོས་ཀྱིས་མིག་ཆུ་འབྱིད་བཞིན་པའི་བཟོ་ལྟ་དེ་ནི་མི་རྒན་གྱིས་སེམས་གསོར་མཁོ་བའི་བྱིས་པས་ཡང་བསྐྱར་ངུས་ནས་སྐད་ཕྱུང་བའི་རྣམ་པ་དེ་དང་མཚུངས། "མ་ངུ། ཁྱོད་ལ་ནོར་འཁྲུལ་ཅི་ཡང་མེད། ཁྱོད་ཀྱི་གེ་སེར་རིག་གནས་ཁྱབ་བསྒྲགས་ལེགས་པོ་བྱས་སོང་།"གེ་སར་རྒྱལ་བོའི་སྐད་གདངས་ཧ་ཅང་མཐོ་ཞིང་སྙན། "མི་ལ་ལའི་སེམས་སུ་ཨ་ཁུ་ཁྲོ་ཐུང་འཛུལ་བས། ཁོ་ཚོའི་མིག་གཉིས་ལྟ་སྟངས་ངན་པས་སྒྲིབ་སོང་། ཁོ་ཚོས་ཁྱོད་ཀྱི་བསམ་ཚུལ་མི་ཤེས་རུང་། ངས་ཤེས་ཡོད། ཡིན་ནའང་ཁྱོད་ཁོ་ཚོས་སྟེང་སྙིང་མ་ལངས།"བཤད་ཚར་རྗེས་གེ་སེར་རྒྱལ་བོས་ཕྱག་ཟུང་གིས་བཀྲ་ཐུབ་བཟང་པོའི་མགོ་བོར་རེག་པ་ན་དྲོད་རྒྱུན་ཅིག་མགོ་བོ་བརྒྱུད་ནས་ཁོའི་སྙིང་ཁོང་དུ་བཞུར་བྱུང་།"འདི་ནས་སྡོད་དང་། ལོག་རན་དུས་ངས་རྨི་ལམ་ནས་ཁྱོད་ལ་བཤད་སྲིད།"སྐད་ཆ་བཤད་ཚར་མ་ཐག་གེ་སེར་རྒྱལ་བོ་མི་སྣང་བར་གྱུར།
     བཀྲ་ཐུབ་བཟང་པོས་མིག་ཕྱེ་བ་ན་ཁྲི་གདུགས་ཉི་མས་བྲག་ཁུང་གི་སྒོ་ཁར་གསེར་གྱི་ས་གདན་བཏིངས་འདུག ཉི་གློག་གི་གླིག་གཡིས་ལེབ་མོས་ཉི་འོད་རི་མགོའི་གངས་གཟིག་གི་མིག་ཏུ་ལྡོག་འཕྲོ་བྱས་བྱུང་། བཀྲ་ཐུབ་བཟང་པོས་ལུས་སྟེང་དུ་བཀབ་པའི་པགས་ཚགས་ཕྱིས་ནས་ཕྱི་རོལ་ཏུ་བརྒྱུགས། ཁོ་རང་གངས་གཟིག་ཅིག་དང་འདྲ་བར་རྩྭས་དྲི་ཞིམ་གྱིས་ཁྱབ་པའི་མཁའ་དབུགས་རྔུབ། གློ་བུར་དུ་རི་ཚོགས་ཀྱི་གསེབ་ནས་ནས་ཁོའི་མཐོ་ཞིང་སྙན་པའི་སྐད་སྒྲ་ཅིག་འཁོར་བྱུང་སྟེ།"གེ་སེར་རྒྱལ་བོ་རྒྱལ་ལོ།"
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།