ཨོའུ་རྒྱ་ཀླུ་འབུམ་རྒྱལ་གྱི་བྱིས་པའི་གླུ་ཚིག་གཅེས་བཏུས།
ཨོའུ་རྒྱ་ཀླུ་འབུམ་རྒྱལ་གྱི་བྱིས་པའི་གླུ་ཚིག་གཅེས་བཏུས།
གནམ་གྱིས་སྲུངས།མགོ་ཡི་ཕྱིང་ཞྭ་ལྡེམ་ལྡེམ་ལྡེམ།།
སྐེ་ཡི་ག་འུ་ལམ་ལམ་ལམ།།
སྐགས་ཀྱི་གློ་གྲི་ཡོ་ཡོ་ཡོ།།
མེ་ཆ་ཁྲ་བོ་སིལ་སིལ་སིལ།།
རྡོག་ག་ཅ་ནེ་གོ་རོ་རོ།།
ཕ་བཟང་བུ་ལོ་གནམ་གྱིས་སྲུངས།།
མགོ་ཡི་ཝ་ཞྭ་ལྡེམ་ལྡེམ་ལྡེམ།།
སྐེ་རྒྱན་རྣ་ཏོག་ལམ་ལམ་ལམ།།
བཞོ་གཟུང་ཨ་ལོང་སིལ་སིལ་སིལ།།
སྐྲ་ལུང་གྲུ་བཞི་ལྷེམ་ལྷེམ་ལྷེམ།།
གོས་ཚར་ཤོམ་ལྭ་ཤམ་ཤམ་ཤམ།།
མ་བཟང་བུ་མོ་གནམ་གྱིས་སྲུངས།།
རྩེད་ར་དང་རྩེད་ཆས།
སྤང་ཐང་སྔོན་མོ་གོས་ཡིན།།
མེ་ཏོག་དཀར་དམར་གདན་ཡིན།།
རྡེའུ་དཀར་གཡང་མོ་ལུག་ཡིན།།
རྡེའུ་ནག་སྒོ་ཕྱུགས་ནོར་ཡིན།།
ལྕང་མ་འདོ་རིག་རྟ་ཡིན།།
གླང་མ་སྐུལ་བྱེད་ལྕག་ཡིན།།
ན་ཐང་བདེ་མོའི་གཞུང་ཡིན།།
ཞིང་ཚིགས་གྲུ་བཞིའི་བར་ཡིན།།
སྨྱུག་མོ་ལེབ་མོ་གཞུ་ཡིན།།
སྨྱུག་ཕྲན་དྲང་མོ་མདའ་ཡིན།།
ཐང་གི་སྤོ་ཐོ་འབེན་ཡིན།།
རྩེད་རོགས་ཆུང་ཆུང་དཔུང་ཡིན།།
གཡང་ཟོག
འཚེར་སྐད་ལྷང་ལྷང་མཆེད་པ་དེ།།
ཕ་རིའི་རྟེའུ་ཆུང་རྐྱང་དམར་ཡིན།།
ཚ་བོའི་སེམས་ཀྱི་འདོ་བ་ཡིན།།
ལྷ་རྟ་ཁམ་པ་རྔོག་རིང་ཡིན།།
ངུར་སྒྲ་ལྷང་ལྷང་སྒྲོག་པ་དེ།།
ཕ་རིའི་བེའུ་ཆུང་གྭ་རིལ་ཡིན།།
ཚ་མོའི་མིག་གི་འགྲོ་རོགས་ཡིན།།
གཡང་གི་ཐུལ་དཀར་འབྲི་མོ་ཡིན།།
འབའ་སྐད་ལྷང་ལྷང་སྒྲོག་པ་དེ།།
ཕ་རིའི་ལུག་ཆུང་འབའ་འབའ་ཡིན།།
ཚ་བོ་ཚ་མོའི་རྩེད་རོགས་ཡིན།།
ལྷ་ལུག་གཡང་མོ་གྭ་གཞིས་ཡིན།།
རི་བོང་། རུས་སྦལ། རྨ་བྱ།
------གཏམ་རྒྱུད་དང་སྦྱར་པའི་གླུ་གཞས།
རི་བོང་། རི་བོང་། རི་བོང་།
ཨ་ཁུ་རི་བོང་།
བློ་དང་རིག་པའི་བདག་པོ་ཡིན་ན།
ཅལ་གྱི་སྒྲ་ལ་འདྲོགས་དོན་མི་འདུག
རུས་སྦལ། རུས་སྦལ། རུས་སྦལ།
ཨ་ཇོ་རུས་སྦལ།
ཐབས་དང་ཤེས་རབ་འཛོམས་པ་བདེན་ན།
བསྟོད་པའི་གཏམ་ལ་ཞེན་དོན་མི་འདུག
རྨ་བྱ། རྨ་བྱ། རྨ་བྱ།
ཨ་ཅེ་རྨ་བྱ།
རང་གི་མཛེས་པ་རང་གིས་ཤེས་ན།
ཁྲོན་པའི་ཆུ་ལ་མཆོང་དོན་མི་འདུག
འབའ་འདེབས་པ།
མགོ་བོ་ཊ་རུ་གཡུག་གཡུག
ལག་པ་སི་ལི་སྤྲུགས་སྤྲུགས།
འབའ་རིང་འབའ་ཐུང་ཡང་ཡང་འདེབས།
གསེར་རྡེའུ་དངུལ་རྡེའུ་མཁའ་ན་འཕྱོ།
རྒྱལ་པོ་རྒྱལ་མོའི་ཕྱག་ན་འཕྱོ།
མགོ་བོ་ཊ་རུ་གཡུག་གཡུག
ལག་པ་སི་ལི་སྤྲུགས་སྤྲུགས།
འབའ་རིང་འབའ་ཐུང་ཡང་ཡང་འདེབས།
གཡུ་དང་བྱུ་རུ་མཁའ་ན་འཕྱོ།
སྲས་དང་སྲས་མོའི་མཛུབ་རྩེར་འཕྱོ།
མགོ་བོ་ཊ་རུ་གཡུག་གཡུག
ལག་པ་སི་ལི་སྤྲུགས་སྤྲུགས།
འབའ་རིང་འབའ་ཐུང་ཡང་ཡང་འདེབས།
རྡེའུ་དཀར་རྡེའུ་ནག་མཁའ་ན་འཕྱོ།
བུ་དང་བུ་མོའི་ལག་ན་འཕྱོ།
ཨ་ཁུ་སྟོན་པ།
ཨ་ཁུ་སྟོན་པ། ང་ཡི་སེམས་ཀྱི་ཉི་ཟླ།
ཨ་ཁུ་སྟོན་པ། བློ་ཐབས་གཉིས་ཀྱི་བདག་པོ།
ཨ་ཁུ་སྟོན་པ། ཉམ་ཆུང་མཐའ་ནས་སྐྱོབ་མཁན།
ཨ་ཁུ་སྟོན་པ། བཙན་པོ་གཉའ་ནས་གནོན་མཁན།
ང་རང་དགའ་སའི་ཨ་ཁུ།
གཏམ་རྒྱུད་ནང་གི་མེས་པོ།
ཨ་ཁུ་སྟོན་པ། ང་ཡི་སེམས་ཀྱི་ཉི་ཟླ།
ཨ་ཁུ་སྟོན་པ། དཔའ་མཛངས་གཉིས་ཀྱི་བདག་པོ།
ཨ་ཁུ་སྟོན་པ། དྲང་བདེན་་ཀུན་ནས་སྐྱོང་མཁན།
ཨ་ཁུ་སྟོན་པ། རང་ཚུགས་སེམས་ནས་སྲུང་མཁན།
ང་རང་དགའ་སའི་ཨ་ཁུ།
གཏམ་རྒྱུད་ནང་གི་མེས་པོ།
2015ལོའི་ཟླ5བའི་ཚེས20ཉིན་སྦྱར་ཏོ།།
སྦྲང་དཀར་རྩམ་པ།ཤུག་དམར་ཅ་ནེ་ཡག་སོང་།།
ཇ་ལ་འོ་ཁ་འཁྱིལ་སོང་།།
མར་ཆུར་གཅིག་ལ་འཛོམས་སོང་།།
སྦྲང་དཀར་རྩམ་པ་ཞིམ་སོང་།།
ཅ་ནེ་གཡས་སུ་བསྐོར་བྱུང་།།
རྩམ་པ་གཡོན་དུ་བསྐོར་བྱུང་།།
རྩམ་སྐྱ་དལ་མོར་འགམ་ཆོག།
འོ་ཉོག་མཛུབ་མོས་ལྡག་ཆོག།
ཕྱུར་བ་ཧྲིག་གེར་ལྡད་ཆོག།
རྩམ་ཇ་ལྷོད་པོར་བཏུང་ཆོག།
ནངས་ཇའི་གཏོས་མ་ཆེ་སོང་།།
མར་རྩམ་དྲི་མ་འཐུལ་སོང་།།
ཨོའུ་རྒྱ་ཀླུ་འབུམ་རྒྱལ།
ཨོའུ་རྒྱ་ཀླུ་འབུམ་རྒྱལ། མདོ་སྨད་འབའ་རྫོང་གི་དགོན་གོང་མའི་ཨོའུ་རྒྱ་ཚོ་བར་སྐྱེས། 2009ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ཆུང་དུས་ནས་གསར་རྩོམ་གྱི་ལས་ལ་གཞོལ་ཏེ་སྙན་ངག་གཙོས་པའི་བརྩམས་ཆོས་འགའ《ལྷ་གཡག》དང《སྦྲང་ཆར》《གངས་རྒྱན་མེ་ཏོག》 《མཚོ་སྔོན་ཁྲིམས་ལུགས་ཚགས་པར》སོགས་སྒེར་གཞུང་གི་ཚགས་དེབ་སྣ་ཚོགས་སུ་སྤེལ་མྱོང་། 2011ལོ་ནས་བཟུང་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིིན་ཁང་གི་ལོ་རེའི་བྱིས་པའི་ལོ་སར་དགོང་ཚོགས་སུ་བྱིས་པའི་ཁ་ཤགས་དང་གར་ཆུང་བརྩམས་ཆོས《གཅེས་ཕྲུག》དང《སེམས་པའི་ཁྲ་རིས》《རྩེ》《ཁྱིམ་བདག》ཅེས་པ་སོགས་བརྩམས་ཆོས་ཁག་ཅིག་བརྩམས་ཡོད། ད་ལྟ་འབའ་རྫོང་མི་རིགས་སློབ་འབྲིང་དུ་དཔེ་ཁྲིད་གཤིས་སྐྱོང་གི་ཐད་ལ་བརྩོན་གྱིན་གནས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com