དཔའ་ཚེ་རིང་གིས་རྡུང་ལེན་པ་བདུད་བྷེ་ལ་ཕུལ་བའི་སྙན་རྩོམ།

རྩོམ་པ་པོ།:དཔའ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-03-15 09:14:00 ཀློག་གྲངས།:

གླུ་དང་ངག་གི་མཆོད་པ།
            
---རྡུང་ལེན་སྒྱུ་རྩལ་པ་བདུད་བྷེ་རྗེས་དྲན་དུ
དཔའ་ཚེ་རིང་། ཡུལ་ཤུལ་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོའི་བོད་སྐད་ཡིག་སློབ་ཞིབ་ཚན་ཁག

སྦྲ་གུར་དང་མེ་ཏོག་གི་ཞིང་ཁམས་ན    ལུ་གུ་དང་འབྲོག་ཁྱི་ཡི་ཕ་ས་ན
ཆེས་ཐོག་མའི་ངུ་ངག་གི་དབྱངས་རྟ་ཕྲ་མོ
རྨ་ཆུ་སྔོན་མའི་བཞུར་རྒྱུན་དང་བསྡོངས་ནས
ཨ་མའི་དྲོད་འཇམ་གྱི་པང་ཁུགས་ལ་ཚེ་སྲོག་རློམ་ནུ་ཞིག་གི་དབུ་ཁྱུད་འགོད་བཞིན
ཞོགས་པའི་རྩྭ་ཐང་གི་བཞོ་དབྱངས་དང་ཨ་ཅེ་འབྲོག་མོའི་རྫི་གླུ་སྙན་མོས
ཁྱེད་རང་དྲོད་ཀྱིས་བསྐྱངས་ཤིང་འོད་ཀྱིས་འཚོས

བཅུ་དྲུག་ལང་ཚོའི་ཟིལ་ཤུགས་དལ་གྱིས་རྒྱས་དུས
ལྷན་སྐྱེས་ཀྱི་སྐད་ངག་སྙན་མོས་བོད་པ་ཁྲི་སྟོང་གི་སྙན་དབང་བཀུགས་ཤིང་ཡིད་སེམས་གསོས
གངས་ལྗོངས་ཁུ་བྱུག་ཅེས་མཚན་སྙན་གྱི་མེ་ཏོག་མགུལ་ལ་སྒྲོན་དུས
ཁྱེད་ཀྱིས་ད་གཟོད་རང་གི་ཕྲག་སྟེང་ལ་བབས་པའི་འགན་འཁྲི་དེ་ཚོར་བྱུང
ཁྱེད་ཀྱིས་ད་གཟོད་ཕ་སྐད་གླུ་གཞས་ཀྱི་ཡང་སྙིང་དེ་རྙེད་བྱུང
སྒྲ་སྙན་འབྲུག་མགོ་མ     ཚངས་སྲས་དགྱེས་པ་ལྟ་བུའི་གདངས་དབྱངས་སྙན་མོ་དེ
ཁྱེད་ཀྱི་ཕྱག་སོར་གྱི་རྩེ་ན་ཞུམ་མེད་ཀྱི་རྦབ་ཆུ་བཞིན་བཞུར་བས་ན
འདི་དག་ནི་ཁྱེད་ཀྱིས་མི་ཡུལ་ལ་ཕུལ་བའི་གླུ་དང་ངག་གི་མཆོད་པ་མ་ཡིན་ནམ

དེ་རིང    སྐྱོ་སིང་སིང་གི་གདུང་དབྱངས་ཕྱོགས་བཞིར་སྒྲོག་དུས
ཁྱེད་ནི་ཆར་རྗེས་ཀྱི་འཇའ་འོད་ཇི་བཞིན་བཀྲག་མདངས་ཀྱིས་ཡལ་བར་གྱུར་ནའང
མི་སེམས་ཀྱི་གཏིང་རིམ་ལ་ཟུག་པའི་ཁྱེད་ཀྱི་གླུ་སྐད་སྙན་མོ་དེ
གླུ་གཞས་སྒྱུ་རྩལ་ལ་འཁྲེང་བའི་ལྷག་བསམ་གསོན་པོ་དེ
འདི་དག་ནི་ཁྱེད་ཀྱིས་དུས་རབས་འདི་དང་མི་རིགས་འདི་ལ་ཕུལ་བའི་བླ་དང་སྲོག་གི་འབོད་པ་སྟེ
རྡུང་ལེན་པ    དུས་རབས་ཀྱི་ཕོ་ཉ   གངས་ལྗོངས་ཀྱི་གླུ་བ
ཁྱེད་ཀྱིས་གླུ་སྐད་གསོན་པོས་རྣམ་ཤེས་འཁྱམ་པོ་གང་མང་ལ་རེ་བའི་ཁྱིམ་གཞི་བསྐྲུན་ཞིང
ཡབ་མེས་ཀྱི་གླུ་ངག་ལ་གསར་དར་སྒྱུ་རྩལ་གྱི་ཚོན་རྩི་བྱུགས་པས
ཁྱེད་ཀྱི་གླུ་སྐད་ནི་ལོ་རྒྱུས་ཀྱི་དུང་བརྡ་ཇི་བཞིན
ཡར་ཀླུང་གི་རླབས་སྒྲ་ལ་བསྐྱར་གསོན་གྱི་ནུས་ཤུགས་སྩོལ་བཞིན
མཁའ་མཐའ་ན་འཚེར་བའི་སྐར་མདའ་ཇི་བཞིན་མི་ཡུལ་དང་གྱེས་དུས
ངའི་སྙན་ངག་ལ་གསོན་ཤུགས་བྲལ་ཞིང
ངའི་འཚོ་བ་ལ་རེ་སྙེག་གིས་དབེན་པས

རྡུང་ལེན་པ   ཁྱེད་ནི་ཡར་ཀླུང་ནས་ཐོན་པའི་མེས་པོ་གང་གི་ཁ་ཆེམས་འཕྲོ་མ་སྟེ
རྡུང་ལེན་པ   ཁྱེད་ནི་ཕོ་བྲང་དཀར་དམར་གྱི་ཁང་བཟང་ན་འཚེར་བའི་གཟི་བྱིན་གྱི་ལྷག་མ་ཡིན


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།