སྙིང་མོ་སྐྱིད་ཀྱིས་བྲིས་པའི་ལྷུག་རྩོམ《བྱིས་དུས་ཀྱི་ཕྱིར་དྲན》།

རྩོམ་པ་པོ།:སྙིང་མོ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-23 15:15:00 ཀློག་གྲངས།:

བྱིས་དུས་ཀྱི་ཕྱིར་དྲན།
བོད་ལྗོངས་ལྷ་ས། སྙིང་མོ་སྐྱིད།

     ཕྱིར་དྲན་ནི་ནམ་ཡང་མཛེས་སྡུག་ལྡན་པ་ཞིག་ཡིན་ལ། དགའ་སྐྱོ་འདྲེས་མའི་བྱིས་དུས་ཀྱི་ཕྱིར་དྲན་དེ་དག་ནི་འདས་ཟིན་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་པས་ནམ་ཡང་བརྗེད་མི་སྲིད། དེ་རིང་ངས་གོམས་འདྲིས་སུ་སོང་བའི་སྐད་ངག་ལ་འཇུས་ནས་དྲན་པའི་ངོགས་སུ་ཡོད་པའི་བྱིས་དུས་ཀྱི་གཏམ་རྒྱུད་ཕྲ་མོ་དེ་དག་འབྲི་འདོད་སྐྱེས་བྱུང་། ང་རང་བྱམས་ལྡན་ཨ་མའི་ཟླ་བཅུར་ལྷུམས་སུ་ཁུར་ཞིང་མི་ཚེའི་ངུ་སྐད་ཀྱི་ཐོག་མ་དབུ་ཁྱུད་དུ་བྲིས་ནས་ཟླ་བརྒྱད་ལོངས་དུས་ཨ་མས་ང་རང་རྨོ་མོའི་སར་བཞག་ཟེར་ལ། བྱམས་བརྩེས་ཕྱུག་པའི་རྨོ་མོས་ང་རང་ནར་སོན་གྱི་གོ་རིམ་ཧྲིལ་བོ་མིག་གིས་འཚོས་ཤིང་སེམས་ཀྱིས་བསྐྱངས་ནས་དཔྲལ་བའི་མིག་ལྟར་གཅེས་ལ། སློབ་གྲྭར་མ་སོང་གོང་གི་ངའི་བྱིས་དུས་ཀྱི་འཚོ་བ་ལ་ཕྱིར་དྲན་རེ་བྱས་ན་དེ་ནི་དགའ་དགའ་སྐྱིད་སྐྱིད་ཅིག་རེད།
     དྲན་ཚོད་ལ་ང་རང་ལོ་ན་དྲུག་ཙམ་ལ་སོན་པའི་ལོ་དེར་ཕ་མ་གཉིས་ཀྱིས་ང་རང་སློབ་གྲྭར་འགྲོ་རན་པར་མཐོང་ནས་ངའི་སློབ་སྦྱོང་ལ་དལ་འགོར་མི་བྱེད་ཆེད་ཁོ་གཉིས་ཀྱི་སར་མི་ཁྲིད་ཀ་མེད་བྱུང་། སྐབས་དེར་རྨོ་མོ་གཅིག་པུའི་རུམ་དུ་མགོ་བོ་བརྒྱབ་ན་ད་གཟོད་སྐྱིད་སྣང་འཆར་བའི་ང་རང་དེ་ལྟར་བརྩེ་བའི་རྨོ་མོ་དང་ཁ་མི་འབྲལ་ཐབས་མེད་བྱུང་། ངའི་མི་ཚེ་ལའང་མཚམས་དེ་ནས་བཟུང་འགྱུར་ལྡོག་གསར་བ་ཞིག་བྱུང་ཡོད་ལས་ཆེ། རྨོ་མོ་བཞུགས་སའི་གྲོང་ཚོ་དང་ཕ་མ་གཉིས་ཀྱི་གྲོང་ཚོའི་དབར་སྤྱི་ལེ༢༠ཙམ་ཡོད་པས། རྐང་ཐང་ལ་ཆུ་ཚོད་གཅིག་ཙམ་འགྲོ་དགོས། ཡིན་ནའང་སྐབས་དེར་ངའི་སེམས་སུ་རྨོ་མོ་དང་ངེད་གཉིས་དབར་ལེ་དབར་ཁྲི་ཕྲག་གིས་ཆོད་པ་ལྟར་སྣང་། འཁྱོལ་དཀའ་བའི་དུས་ཚིགས་སུ་ཉི་མ་ལོ་ལས་རིང་བ་ནི་བདེན་པར་སྣང་སྟེ། ཉིན་མོར་ན་མཉམ་བྱིས་པ་ཚོ་དང་མཉམ་དུ་སློབ་གྲྭར་སོང་ནས་སློབ་ཁྲིད་དང་སྦྱོང་ཚན་ལ་མགོ་གཡེངས་པས་སྣང་བ་དེ་ཙམ་མེད་ནའང་མཚན་མོར་རྨོ་མོ་དྲན་པའི་གདུང་བ་ནི་ང་རང་གཅིག་པུས་མ་གཏོགས་སུ་ཞིག་གིས་ཤེས། མཚམས་ལ་རེར་རྨོ་མོ་དྲན་དྲགས་ནས་མིག་གཉིས་མཆི་མས་བཀང་ཞིང་མ་ཁར་སོ་བཏབ་ནས་ཉལ་སའི་ནང་དུ་ངུ་སྐད་ཤོར་བ་ཡང་ཐེངས་གྲངས་མེད་ཡིན།
     ལོ་བདུན་ལ་སོན་པའི་སྟོན་ཁ་དེར་ང་རང་སློབ་གྲྭའི་སྒོ་ཐེམ་བརྒལ་ནས་ཤེས་རིག་སློབ་འགོ་བརྩམས་པའི་བྱིས་པ་ཞིག་ཏུ་གྱུར། ཡིན་ནའང་སྐབས་དེར་སློབ་གྲྭ་ནི་ང་རང་ ཆེས་འགྲོ་འདོད་མེད་པའི་གནས་དེ་ཡིན། ཞོགས་པ་རེ་རེར་སློབ་གྲྭ་འགྲོ་ཁར་ངུ་རྒྱུ་ནི་ངས་ཉིན་གཅིག་གི་འཚོ་བའི་དབུ་ཁྱུད་ལྟ་བུ་ཡིན། གཡས་གཡོན་གྱི་ཁྱིམ་མཚེས་དག་གི་ བྱིས་པ་རྣམས་སློབ་གྲྭར་འགྲོ་རན་པའི་འབོད་བརྡ་ཡང་ཡིན། སྟབས་ལེགས་པ་ཞིག་ལ་རང་ཉིད་ཀྱི་རིག་པའི་ཁོ་ལག་ཉིན་བཞིན་རྒྱས་པ་དང་བསྟུན་ནས་ང་རང་ཁོ་ར་ཁོར་ཡུག་ཀུན་ཏུ་མེ་ཏོག་གི་ཕྲེང་བས་བསྐོར་ཅིང་ལྔ་རིག་ཤེས་བྱའི་འོ་མཚོ་འཁྱིལ་བའི་སྡེ་འདབས་ཀྱི་སློབ་གྲྭར་དུང་ཞེན་ཇེ་ཆེར་གྱུར་ལ། བྱམས་སེམས་ཀྱི་སློབ་སྟོན་གནང་བར་མཁས་པའི་དགེ་རྒན་གྱི་བཀའ་དྲིན་འོག་ང་རང་ཤེས་རིག་ལ་དགའ་ཞིང་རྟག་ཏུ་བརྩོན་པའི་ངར་སེམས་ཆེ་བའི་སློབ་མ་ཞིག་ཏུའང་གྱུར།
     སློབ་ཁྲིད་གྲོལ་བརྡ་གཏོང་བའི་པི་པིས་འབུད་པ་ཐོས་མ་ཐག་ང་ཚོ་སློབ་མ་རྣམས་མ་བགྲོས་གཅིག་མཐུན་གྱིས་སློབ་ཁང་མདུན་གྱི་ཉི་མ་བསྲོ་ས་དེར་བརྒྱུགས་ངེས་ཤིང་། སུར་གྱང་རྩའི་ཉི་མ་ཁེལ་ས་དེར་རག་པར་འཕྲོག་རེས་རྒྱག གལ་ཏེ་ཉི་མ་སྤྲིན་གསེབ་ཏུ་འཛུལ་ཚེ་ཚང་མས་མགྲིན་གཅིག་ཏུ་"ཨ་མ་ཉི་མ་ཤར་ཤར། བྱིས་པའི་ལག་པ་དྲོས་དྲོས"ཞེས་དབྱངས་ལ་གྱེར་སྲིད། སློབ་ཁྲིད་འཚོག་བརྡའི་པི་པིས་འབུད་པ་ཐོས་མ་ཐག་ང་ཚོ་སློབ་མ་རྣམས་ཡང་གཅིག་གིས་གཅིག་ལ་བདའ་མ་འདེད་ཀྱིས་སློབ་ཁང་དུ་རྒྱུགས་པ་དང་། སློབ་ཁང་གི་མཁའ་དབུགས་ཁྲོད་ས་རྡུལ་གྱི་དྲི་མ་ཞིག་གིས་ཡོངས་སུ་ཁེངས་ངེས། ཕྱི་དྲོ་སློབ་གྲྭ་གྲོལ་ནས་སྡེ་བའི་སྲང་ལམ་ལ་བསླེབས་མ་ཐག ཀེའུ་དང་ཙོང་། རྒྱ་སྒོག་སོགས་སྣུམ་བསྲེགས་བྱས་པའི་དྲི་ཞིམ་དེ་སྣ་ལམ་དུ་འཐུལ་འོངས་པས། གྲོད་ཁོག་ལྟོགས་ཡོད་པའི་ང་རང་བརྒྱུགས་ཐེངས་གཅིག་གིས་ཇ་ཁང་དུ་སོང་ནས་སླ་ངའི་ཁ་ཕྱེ་ངེས།
     ད་ལྟ་དྲན་སོས་རྒྱུ་ཡོད་པའི་ངའི་མི་ཚེ་འདིའི་འཛིང་རེས་དང་པོ་ནི་ཡི་གེ་སྲུང་སྐྱོབ་ཀྱི་ཆེད་དུ་བྱས་པ་ཡིན་ཏེ། ངས་དགེ་རྒན་གྱི་བཀོད་སྒྲིག་ལྟར་གསལ་བྱེད་སུམ་ཅུ་ས་ངོས་སུ་བྲིས་ཡོད་པ་དེ་མ་རབས་པྲ་ཚགས་ཀྱི་རྩེད་གྲོགས་རྡོ་ཐར་གྱིས་རྐང་བས་བསུབ་པས་ངས་རང་ཉིད་ཀྱིས་བྲིས་པའི་ཡི་གེ་དེ་དག་སྲུང་སྐྱོབ་བྱེད་ཆེད་རང་ཤུགས་གང་ཡོད་བཀོལ་ནས་ཁོའི་གདོང་ལ་སྤར་འདྲད་བྱས་པ་ཡིན། དགེ་རྒན་གྱིས་ངེད་གཉིས་ལ་བར་བཤོལ་དུས་ང་ལ་"རྡོ་ཐར་གྱིས་ཡི་གེ་རྐང་བས་བསུབས་པས་རྗེས་མ་ཡི་གེ་ཤེས་ནི་མ་རེད"ཅེས་བཤད་པས་ངའི་སེམས་ནས་རེ་ཞིག་བཏང་སྙོམས་སུ་བཞག་པ་ཡིན་ཡང་། དེའི་རྗེས་སུ་རྩེད་རོགས་རྡོ་ཐར་གྱི་ཨ་ཕ་སྟེ་མྱོས་བྱེད་ཆང་ལ་སྤྱང་ལྟོགས་བཞིན་རྔམ་པའི་སྐྱེས་པ་དེས་ང་མཐོང་ཐེངས་རེར་སྡིགས་མོ་བྱེད་པ་མ་ཟད། ཁོས"བུའི་གདོང་ལ་སྤར་འདྲད་ཀྱི་སེན་ཤུལ་བབས་ཡོད་པས་གལ་ཏེ་ཁོ་ཚང་གི་བུས་མནའ་མ་མ་རེག་ཚེ། ཁྱོད་རང་ངེད་ཚང་གི་མནའ་མ་བྱེད་དགོས་"ཅེས་འཇིགས་སྐུལ་གཏོང་བས། ངས་ལུས་རྒྱགས་ཅིང་གཟུགས་ཐུང་བའི་རྡོ་ཐར་གྱི་ཚུགས་ཀ་དེ་ཡིད་ལ་ཤར་ཐེངས་རེར་ཉིན་དེར་ཁོ་དང་འཛིང་རེས་བྱས་པར་འགྱོད་པ་སེམས་གཏིང་ནས་སྐྱེས་བྱུང་།
     ངའི་ཕྱིར་དྲན་ཁྲོད་ཀྱི་སློབ་ཆུང་གི་འཚོ་བ་ནི་རྫོགས་རྒྱུ་མེད་པའི་སློབ་ཚན་ངག་སྐྱོར་དང་བློར་བཟུང་བའི་ཁྲོད་ནས་འདས་པ་ཡིན་ཏེ། གབ་ཚིག་ཅིག་ཏུ"ཐང་དཀར་དཀར། ལུག་ནག་ནག ལུག་རྫི་གླུ་བ"ཟེར་བ་བཞིན་ང་ཚོ་བྱིས་པ་རྣམས་ནི་དཔེ་དེབ་ཐོག་གི་ཡི་གེ་འཚོ་མཁན་ཏེ། ཐང་དཀར་དཀར་ཏུ་ལུག་ནག་ནག་འཚོ་བའི་ལུག་རྫི་གླུ་བ་ཡིན། དུས་ད་ལྟར་ཡང་སློབ་ཆུང་གི་བསླབ་གཞིའི་ནང་གི་ཚན་པ་རེ་གཉིས་བློར་སྐྱོར་ཐུབ་པ་སྟེ། དཔེར་ན། "རྒྱ་ལམ་འཕྲེད་གཅོད་གཏོང་བའི་སྐབས།། གཡས་གཡོན་གཉིས་ལ་ཡག་པོར་ལྟོས།། མི་འགྲུལ་ལམ་དུ་འགྲོ་བ་ལས།། གང་སར་རྩེད་རྒྱུག་བྱེད་མི་ཉན།།"ཞེས་པ་ལྟ་བུ།
     ང་རང་ཆུང་དུས་ནས་འཁོར་ལོ་ཐོགས་པའི་འཕྲུལ་འཁོར་གྱི་རིགས་ལ་འདུག་རྒྱུ་དགའ་ཞིང་ཨ་ཕས་ལག་སྐྱོར་འདྲུད་འཁོར་བསྐོར་ནས་ལས་ཀ་བྱེད་དུ་འགྲོ་དུས་འཁོར་སྒམ་དུ་བསྡད་དེ་རྗེས་འདེད་རྒྱུ་ནི་ང་རང་ངལ་གསོ་དུས་ཀྱི་ལས་ཀ་གཙོ་བོ་ཞིག་ཡིན། དེ་དུས་འགྲིམ་འགྲུལ་ཡོ་བྱད་གཅིག་པུ་ནི་ལག་སྐྱོར་འདྲུད་འཁོར་ཡིན་པས། དེའི་ནང་བསྡད་པ་ན་གཞི་ནས་གནས་གཞན་ཞིག་ཏུ་བསླེབས་ཐུབ་ལ། སྟབས་ལེགས་ན་རྨོ་མོའི་སར་ཡང་བསླེབས་སྲིད་པས། ཁོམ་པ་ཡོད་དུས་ང་རང་ལག་སྐྱོར་འདྲུད་འཁོར་དུ་འདུག་རྒྱུར་དགའ་ལ། འཁོར་སྒམ་ནི་ང་ཚོ་རོགས་པ་ཚོའི་རྩེད་ར་ཆུང་ཆུང་དུ་གྱུར་ཅིང་། སྐབས་དེའི་ང་རང་ནི་དུས་རྒྱུན་དུ་རང་ཉིད་ཀྱི་འཇིག་རྟེན་ཆུང་ཆུང་སྟེ་འཁོར་སྒམ་འདུག་རྒྱུར་དགའ་པོ་ཡོད། ང་ནི་རིག་གནས་སློབ་པར་དགའ་ཞིང་ཁ་ནས་གང་བྱུང་དུ་མི་བཤད་པ་ཞིག་ཡིན་སྟབས། ང་རང་སློབ་གྲྭ་གྲོལ་རྗེས་ཀྱང་སྦྱོང་ཚན་འབྲི་བ་ཕུད་ཁྱིམ་ལས་ལས་ཚར་རྗེས་གོ་སྐབས་བཙལ་ནས་ཚགས་པར་དང་ངེད་ཚང་ལ་ཡོད་པའི་དཔེ་ཆ་མཐུག་པོ་གཅིག་པུ་སྟེ《རྗེ་ཞབས་དཀར་བའི་རྣམ་ཐར》དེ་ལག་པར་འཆང་ནས་ཨ་ཕའི་ལག་སྐྱོར་འདྲུད་འཁོར་གྱི་འཁོར་སྒམ་ནང་དུ་བསྡད་དེ་ལྟ་ཀློག་བྱེད་རྒྱུ་དེ་ཡིན།
     ཉིན་རྒྱུན་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་དུས། དབུ་སྐྲ་དུང་ལྟར་དཀར་ཞིང་ཁ་བཏོན་བཟླས་བརྗོད་དང་ཕྱག་དང་སྐོར་བ་གསོག་པར་བརྩོན་པའི་སྤོ་བོ་ནི་ཉིན་གཅིག་གི་རོང་བོ་དགོན་པའི་ཕྱི་སྐོར་བླངས་རྗེས་ཁྱིམ་དུ་ལོག་ནས་ཉི་མ་ལྡེ་ཞོར་ཡིག་དྲུག་མ་ཎི་བགྲང་རྒྱུར་དགའ། ཨ་ཕས་རང་ཁྱིམ་གྱི་འཚོ་ཚིས་ཀྱི་ཆེད་དུ་ཉིན་གང་བོར་ལག་སྐྱོར་འདྲུད་འཁོར་བསྐོར་ནས་ས་སྐྱེལ་རྡོ་སློག་གི་ཞོར་ལས་བྱས་ཏེ་ས་སྲོད་ལ་མ་གཏོགས་ཁྱིམ་ལ་བསླེབས་མི་ཐུབ། ཨ་མ་དང་ཨ་ཅེ་ནི་ཁོད་སྙོམས་ཞིང་དུ་རྔུལ་ཆུ་གཏོར་བཞིན་ཡུར་མ་ཡུར་མཁན་ཡིན་པས་དགོང་ཁའི་མཚམས་སྤྲིན་དང་ལྷན་དུ་མ་གཏོགས་ཁྱིམ་དུ་མི་ལོག ཉིན་རེའི་ནུབ་ཚ་བསྐོལ་རྒྱུ་ནི་ང་དང་ནུ་མོ་གཉིས་ཀྱི་ལས་ཀ་ཡིན་པས། ངེད་གཉིས་ཀྱིས་དུས་ཚོད་དམ་འཛིན་སྒོས་ལས་བྱ་བྲིས་རྗེས་ནུ་མོས་ཚལ་བཀྲུས་ནས་གཏུབ་པ་དང་། ངས་ཕྱེ་བརྫིས་ཏེ་འགྱིག་ཤོག་ནང་བཅུག་རྗེས། རྣ་བ་བླགས་ཏེ་ཨ་ཕས་ལག་སྐྱོར་འདྲུད་འཁོར་བསྐོར་ནས་ལོག་ཡོང་བར་རེ་སྒུག་བྱས་ནས་བསྡད། ང་ཚོའི་སྲང་བར་གྱི་ཁྱིམ་ཚང་ཁ་ཤས་ལ་ལག་སྐྱོར་འདྲུད་འཁོར་ཁ་ཤས་ཡོད་ཀྱང་ངས་ངེད་ཚང་གི་ལག་སྐྱོར་འདྲུད་འཁོར་གྱི་སྐད་གསལ་བོར་དབྱེ་འབྱེད་བྱེད་ཐུབ། དེ་དུས་ངས་རང་ཉིད་མི་སྤྱིར་བཏང་བ་ཞིག་དང་མི་འདྲ་བར་འདོད།
     སྐབས་དེའི་ངེད་ཚང་ནི་སྡེ་བའི་ནང་གི་མི་མེད་རྒྱུ་མེད་ཀྱི་རིགས་སུ་གཏོགས་ལ། གོང་ན་ལོ་ལོན་དང་ཞོལ་ན་བྱིས་པ་མང་བས་ཁྱིམ་ཕྱི་ནང་གི་ལས་ཀ་ཚང་མ་ཕ་མ་གཉིས་དང་ཨ་ཅེ་ལ་བརྟེན་དགོས། ལྷག་པར་དུ་མིག་རྒྱང་རིང་བའི་ཡབ་ཆེན་གྱིས་ངེད་མིང་སྲིང་ཚོར་མདུན་ལམ་འོད་ཟེར་སྟོང་ལྡན་ཞིག་སྤྲོད་ཕྱིར་ང་ཚོ་སློབ་གྲྭར་སྐྱེལ་བས། ང་ཚོས་རང་ཁྱིམ་ལ་རོགས་ཅུང་ཙམ་བྱ་རྒྱུ་ལྟ་ཅི། དེ་ལས་ལྷག་པའི་སློབ་ཡོན་དང་སློབ་སྦྱོང་གི་མཁོ་ཆས་སོགས་ཉོ་དགོས་པས་ཨ་ཕའི་ཁུར་བོ་སྔར་ལས་ཇེ་ལྕིར་བཏང་ཡོད། ཡིན་ནའང་ཨ་ཕས་འཇིག་རྟེན་གྱི་དཀའ་སྡུག་ཡོད་ཚད་བདེ་བ་རུ་སྒོམ་ནས་ང་ཚོར་ཞལ་ནག་ནག་ཅིག་སྟོན་པའི་དཔེ་དང་ཚིག་རྩུབ་མོ་ཞིག་བཤད་པའི་སྲོལ་ནི་ཡོད་མ་མྱོང་། ཨ་ཕ་ནི་རིག་གནས་ཤེས་བྱ་སྦྱངས་མ་མྱོང་བའི་ཞིང་བ་དཀྱུས་མ་ཞིག་ཡིན་རུང་། ངེད་ཚང་གི་ཁྱིམ་ཚང་སློབ་གསོའི་སྒྲིག་ལམ་ཤིན་ཏུ་དམ་ལ། ང་ཚོ་མིང་སྲིང་ཚོར་རེ་བ་ནན་མོ་འཛིན་སྟེ། སློབ་གྲྭ་གྲོལ་ནས་ཁྱིམ་ལ་ལོག་མ་ཐག ཐོག་དང་པོར་ལས་བྱ་འབྲི་དགོས་དགོས་པ་དང་། ལས་བྱ་གྲུབ་རྗེས་ད་གཟོད་ཕྱི་ནས་རྩེད་མོ་རྩེ་ཆོག་མོད། ཆུང་དུས་ནས་ང་ནི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་མཁན་བྱིས་པ་བསམ་ཤེས་ཤིག་ཡིན་ཤས་ཆེ་སྟེ། ཕ་མ་གཉིས་ལ་ངལ་གསོའི་གོ་སྐབས་ཕྲན་ཙམ་སྤྲད་ཆེད་རང་ནུས་གང་ཡོད་བཀོལ་ནས་ཟ་མ་བསྐོལ་རོགས་བྱེད་པ་དང་སྒོ་ཟོག་འཇུག་རོགས་བྱེད་པ། ད་དུང་གཟན་རྩྭ་བཏུ་རུ་འགྲོ་བ་སོགས་བྱས་ཏེ་རྩེད་མོ་རྩེ་བའི་དུས་ཚོད་དེ་རང་འགུལ་གྱིས་བློས་བཏང་བ་ཡིན། སྡེ་བའི་ཨ་ཁུ་དང་ཨ་ནེ་ཐམས་ཅད་ཀྱིས་ངེད་མིང་སྲིང་རྣམས་ནི་ཡ་རབས་སྤྱོད་བཟང་གི་བྱིས་པ་ཏག་ཏག་རེད་ཅེས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་བ་དང་ཆབས་ཅིག་ཡིད་སྨོན་བྱེད།
     ཆུང་དུས་སུ་ཕ་ཡུལ་གྱི་གསེར་མདོག་གི་སྟོན་ཁ་ནི་ལོ་ལོན་འཆི་དབང་མེད་པ་དང་བྱིས་པ་རྩེ་ཁོམ་མེད་པའི་དུས་ཚིགས་ཤིག་ཡིན་ཏེ། ཧ་ཅང་བྲེལ་ཟིང་ཆེ་བའི་དུས་ཚོད་ཅིག་རེད། སློབ་མ་རྣམས་ཀྱང་དབྱར་གནང་གི་ངལ་གསོའི་དུས་སུ་ཁེལ་བས། ཇ་དམ་འཁུར་ནས་ཞིང་ཁར་ཟ་མ་སྐྱེལ་དུ་འགྲོ་བ་དང་། སྙེ་མ་སྒྲུག་པ། ད་དུང་གྲོ་ཤོག་བརྩིགས་རོགས་བྱེད་པ་སོགས་ཅི་ནུས་ཀྱིས་རོགས་རམ་བྱེད་པ་དང་། ཁྱིམ་དུ་སྒོ་ཟོག་ཡོད་པའི་བྱིས་པ་དག་གིས་རི་མགོར་བཀག་ཡོད་པའི་གནག་ཕྱུགས་རྣམས་གྲོ་ཞིང་བརྔས་ཤུལ་དུ་དེད་ནས་འཚོ་བར་བྲེལ། རྫོང་མཁར་གྱི་ཐག་ཉེ་ནས་ཡོང་བའི་སིལ་འཚོང་རྣམས་ཀྱིས་ཀྱང་ལག་སྐྱོར་འདྲུད་འཁོར་བསྐོར་ནས་སྡེ་བའི་དཀྱིལ་གྱི་གཞུང་ལམ་འགྲམ་དུ་བསྡད་དེ་སིལ་ཏོག་འབྲུ་རིགས་དང་བརྗེ་རྒྱུར་སྒུག་ལ། ང་ཚོ་བྱིས་པ་རྣམས་ཀྱིས་ཀྱང་ནང་མིར་འབྲུ་རིགས་སློང་ནས་སིལ་ཏོག་རྒྱགས་ཚད་ཞིག་ཟ་ངེས།
     རང་བཞིན་གསེར་ལས་ལྷག་ཅིང་ལས་ལ་བརྩོན་པའི་ཨ་ཕས་དོན་ཆེན་སྟེང་ནས་དཀྱེལ་ཡངས་བྱེད་ནའང་དོན་དག་གི་ཞིབ་ཕྲའི་སྟེང་ནས་ང་ཚོ་མིང་སྲིང་ཚོར་རེ་བ་ནན་མོ་འཛིན་ཞིང་སྐད་ཆའི་སྨྲ་བརྗོད་ནས་མི་དང་མིའི་བར་གྱི་འབྲེལ་འདྲིས་དང་ཟ་མ་ཟ་སྐབས་ཀྱི་འདུག་སྟངས་བཤད་སྟངས་ཚང་མ་མཐོང་ཆེན་བྱེད། རྒན་རབས་པ་མཐོང་ཚེ་གུས་ཚིག་ལྡན་པའི་སྒོ་ནས་འབོད་པ་དང་། གྱོང་ཆེན་པོ་རག་ཀྱང་ཁེ་ཕན་ཆུང་ངུར་མི་དམིགས་པ་དང་དྲིན་ལ་དྲིན་གཟོ་དང་ཟས་ལ་ཟས་ལན་འཇལ་ཤེས་དགོས། སྐད་ཆ་མང་པོ་མི་བཤད་པར་དོན་དག་མང་པོ་སྒྲུབ་པ་དང་སེམས་ལ་གང་དྲན་མི་བཤད་དགུ་བཤད་མི་བྱེད་པར་སྨྲ་ཚོད་ཟིན་པ། མི་གཞུང་དྲང་བྱ་དགོས་ཤིང་མི་གཞན་ལ་ཁས་བླངས་ཟིན་པའི་དོན་དག་དེ་ངེས་པར་དུ་བསྒྲུབ་དགོས་ཤིང་འགྲུབ་དཀའ་བའི་དོན་དག་གང་བྱུང་དུ་ཁས་ལེན་བྱ་མི་རུང་། བཟོད་པ་སྒོམ་ཤེས་དགོས་ལ་དཀའ་སྡུག་བཟོད་བསྲན་བྱ་ཐུབ་དགོས་པ་སོགས་ལས་གཞན་ད་དུང་དཔེ་ཆ་མང་པོ་ཀློག་པར་སྐུལ། ངེད་ཚང་གི་ཟ་མ་ཟ་སྐབས་ཀྱི་སྒྲིག་ལམ་ནི་ཧ་ཅང་ནན་མོ་ཡིན་ཏེ། ཟ་མ་ཟ་སྐབས་སྐད་ཆ་བཤད་མི་ཆོག་པ་དང་རྐང་བ་གཅིག་གི་སྟེང་གཅིག་བཞག་མི་ཆོག ལོ་བཅོ་བརྒྱད་ལ་མ་བསླེབས་བར་དུ་སི་པེན་ཟོས་མི་ཆོག ཟ་མ་ཟོས་ཚར་རྗེས་ཨ་ཅེས་དཀར་ཡོལ་བཀྲུ་བ་དང་། ངས་བཀྲུས་པའི་དཀར་ཡོལ་གཙང་མར་ཕྱིས་རྗེས་ཆ་སྒམ་དུ་་སྒྲིག་དགོས་ཤིང་། ནུ་མོས་སྒྲོག་ཙེ་དང་རྐུབ་སྟེགས་རང་སར་འཇོག་དགོས།
     ཆུང་བྱིས་པའི་དུས་སུ་དགུན་གནང་བཏང་བ་ནས་བཟུང་ལོ་གསར་གྱི་ཉིན་མོ་བསླེབས་པར་རེ་ལྟོས་ཆེན་པོ་བྱས་ཏེ་ཉིན་གྲངས་བརྩིས་ནས་བསྡད་པ་ཡིན་ལ། ལྷག་པར་དུ་དུས་ཚོད་ཀྱི་མདའ་རྩེ་བོད་ལོའི་ཟླ་བར་གཏད་པ་ན། མི་རྒན་རྣམས་ཀྱིས་ལོ་སར་རྒད་པོ་དེ་འཁར་བར་བརྟེན་ནས་ང་ཚོའི་ལུང་པར་བསླེབས་གྲབས་ཡོད་པ་རེད་ཟེར་བར་ཡིད་ཆེས་ནས་ཉིན་ཁ་ཤས་འགོར་མ་ཐག་"ད་གང་དུ་བསླེབས་འདུག"་ཅེས་འདྲི་བར་ངེས། སྲང་བར་ཀུན་ཏུ་ལོ་སར་སྒྲིག་པར་མཁོ་པའི་ཀོ་རེ་སྣུམ་སྲེག་བྱེད་པའི་སྣུམ་འཁོལ་མའི་དྲི་མ་ཞིག་འདྲེས་ནས་འདུག  སྒེའུ་ཁུང་གི་དྲ་མིག་ཤོག་བུ་གསར་པས་སྦྱར་བ་དང་། བསང་རྩི་བརྔོ་བ། དུད་པ་ཕྱགས་པ་སོགས་ལོ་སར་ལ་སྟ་གོན་བྱེད་པའི་ལས་ཀ་ཐམས་ཅད་ལ་ང་ཚོ་བྱིས་པ་རྣམས་ཀྱིས་གོ་ངེས་ཅན་ཞིག་ཆོད་ངེས། བྱིས་དུས་ཀྱི་ལོ་སར་དེ་དག་ལས་ང་ལ་བག་ཆགས་ཆེས་ཟབ་ཤོས་ནི་སྤོ་བོ་ལོ་བརྒྱད་ཅུར་བསླེབས་པ་དང་ནུ་བོ་ལོ་གསུམ་ལ་སོན་པ་གཉིས་སྐབས་གཅིག་ཏུ་ཁེལ་བས། ལོ་དེའི་ལོ་གསར་ཚེས་གསུམ་ཉིན་ངེད་ཚང་གིས་རྒྱུ་གང་ཡོད་བཏོན་ནས་བརྒྱད་ཅུ་གྱ་སྟོན་དང་བུ་ཆུང་གི་བཙས་སྟོན་རྒྱ་ཆེན་པོ་ཞིག་བྱས། ཉིན་དེར་སྟོན་ཁའི་སྤྲིན་གྱི་འདུ་འགོད་དང་མཚུངས་བའི་མགྲོན་པོ་རྣམས་ངེད་ཚང་ལ་འདུས་ནས་དགའ་སྟོན་གྱི་ཡོ་ལང་རྒྱས་པ་དང་། སྡེ་བའི་ཕ་ཨ་ཁུ་རྣམས་དང་གསར་བུ་རྣམས་ནི་ལྷས་ར་ཡངས་བོ་རུ་གྲལ་བཤམས་ནས་ཟས་སྣ་གྱ་ནོམ་པ་ལ་ལོངས་སྤྱོད་དང་བདུད་རྩི་ཆང་གི་བཏུང་བས་མྱོས་ནས་གླུ་ལེན་གར་རྩེད་ལ་རོལ་པ་དང་། མ་སྲུ་རྣམས་ཀྱིས་ཐབ་ཀར་བསྐོར་ནས་ཕུན་ཚོགས་བཟའ་བཏུང་ལ་ཅི་དགར་རོལ་ཅིང་། བྱིས་པ་རྣམས་ནི་རང་ལ་ཐོབ་པའི་སྟོན་སྐལ་ཁུག་མའི་ནང་བླུགས་རྗེས་ཟ་ཞོར་དགོད་ཞོར་དུ་གནམ་ལྡིང་ས་ལྡིང་གིས་རྩེ་དགའི་དཔལ་ལ་རོལ་བའི་སྣང་བརྙན་དེ་དག་དུས་ད་ལྟར་ཡང་ཀླད་པའི་ནང་གློག་བརྙན་བཞིན་ཤར་ཡོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།