བྱ་མདོ་བདེ་སྐྱིད་སྒྲོལ་མའི་སྙན་ངག《ཏག་ཏག་ཟླ་བཞི་བ་རེད》།
རྩོམ་པ་པོ།:བྱ་མདོ་བདེ་སྐྱིད་སྒྲོལ་མ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-05-28 11:29:00
ཀློག་གྲངས།:
ཏག་ཏག་ཟླ་བཞི་བ་རེད།
རང་གི་སྐྱེས་སྐར་ལ་བྲིས།
བྱ་མདོ་བདེ་སྐྱིད་སྒྲོལ་མ།(ཟི་ལིང་།)
ང་སྐྱེས་དུས
ཁུ་ལོའི་གསུང་ངག་གིས་དབྱར་གཞུང་བསྐྱལ་འོངས་བའི་ནམ་ཟླའི་ངོས་ནས
སྔོ་མདོག་གི་མཚོ་མོ་སྐྱོམས་ཤིང
མཚར་སྡུག་གི་མེ་ཏོག་བབས་མ་སོང་མོད
རེ་སྨོན་གྱིས་བཞེངས་པའི་འཛུམ་ཆུང་སྙིང་སྡུག་ཅིག
འཇིག་རྟེན་གྱི་གྲུ་ག་འདི་རུ་ངུ་འབོད་ཀྱིས་འཁྲུངས་སོང་ཟེར
སྨུག་པ་འཐིབས་པའི་རྫ་ལུང་ནས
འབྲོང་ཁྱུ་དག་རི་སྐེད་ཀྱི་གཤར་ལམ་བརྒྱུད་དུས
ཏག་ཏག་ཟླ་བཞི་བ་རེད
ཟླ་བཞི་བ་ཡིན་རྐྱེན
རྩྭ་ཐང་གི་ལོ་རྒྱུས་ཚེ་སྲོག་གིས་བཏུས་ནས
སྦྲ་རྒན་གྱི་ཁ་འཚུབ་ལས་འཕྱུར་བའི་དུ་ཞགས་ཀྱི་ཕང་བར་སིམ
མ་ལོའི་བྱང་ཁོག་བརྒྱུད་ནས
ཕ་ལོའི་བསང་མཆོད་གྱི་རྔ་སྒྲ་དང་དུང་སྒྲ
ད་དུང་གསོལ་འདེབས་ཀྱི་དར་ལྕེ་རེ་རེའི་ལྷབ་ལྷུབ་ཀྱི་བསྐྱོད་ཕྱོགས་བར་ནས
ང་ནི་མི་ཡུལ་གྱི་མཛེས་སྡུག་ཅིག་གི་ཀློང་ལ་ལྷུང་སོང
དེ་ཡང ཏག་ཏག་ཟླ་བཞི་བ་རེད
ཡང་ཡུལ་མི་ཚོས་བཤད་ན
ཟླ་བཞི་བར
ངའི་གཟུགས་བྲལ་གྱི་རྣམ་ཤེས་ཐེད་པོ་བྱ་རྒོད་ཀྱི་གཤོག་པས་བཏེགས་ནས
རི་གསུམ་ཀྱི་རྩེ་རུ་བཞག་སོང་ཟེར
དེ་རུ་བསེར་རླུང་གི་ཤུགས་ཀྱིས་དེད་ནས
མུན་ནག་གི་གཅོང་རོང་དུ་ཟགས་ཀྱིན་པའི་སྐད་ཅིག་མར
མཁྱེན་ལྡན་གྱི་ལྷ་མོ་ཞིག་གིས་ལས་སྐལ་འབེན་དུ་བཞག་ནས
བདག་ལ་འདོད་འདུན་གྱི་ལུས་པོ་འདི་བསྩལ་བའི་དྲིན་ལན་གཞལ་བར
ངས་སྐྱེ་བ་ག་ཙམ་བརྒྱུད་དགོས
བདག་གི་ཚེ་སྲོག་གི་བླ་འགུག་མཁན་གྱི་ལྷ་མོ་ཡ
གལ་ཏེ། ཟླ་བཞི་བ་ནི
ཚོར་ཤེས་ཀྱིས་ཕྱུག་པའི་ལོ་རབས་འདིའི་གསར་བུ་ལོ་ཆུང་ཞིག་ཡིན་ན
ངའི་ཚེ་གཅིག་གི་ལེགས་ཚོགས་མ་ལུས་ཁྱེད་ཀྱིས་འབྱོངས་ཟིན་ལ
བདག་གིས་ཀྱང་སྟོང་བསམ་མིན་པའི་སྒྲུབ་ཕུག་ཅིག་ཏུ
ཁྱེད་ཀྱི་ཚེ་གཅིག་གི་ཡིད་བརྙན་ཡོད་ཚད་ཀྱི་སྣང་ལྗོངས་སུ
པུས་མོ་སར་བཙུགས་ཏེ
གཏན་ཚིགས་མངའ་བའི་མནའ་ཞིག་བསྐྱལ་སྲིད
འདི་ལྟར
མར་མེ་ལྟ་བུའི་མི་ཚེ་འདིའི་ལོ་རྒྱུས་ཀྱི་ལེའུ་ཞིག་གླེང་ན
ཟླ་བཞི་བ་ནི
ངའི་ལན་ཆགས་ཀྱི་ལས་སྐལ་ཕྲ་མོའི་སྣེ་རུ་བསྣར་བའི་ལོངས་སྤྱོད་ཀྱི་འབྱུང་ཁུངས་དེ་རེད་ལ
བདག་གི་འདོད་མོས་བཤད་ཡུལ་དང་ངོམ་སོ་བྱེད་སའང་ཅི་ལ་མིན
དེ་བས
དེ་རིང་ངས་མོ་ལོ་ཉི་ཤུའི་ལང་ཚོའི་རྩིས་ཐང་དང་འབྱོར་བ་ཐམས་ཅད
ཁྱེད་ཀྱི་མིག་གི་ལྟེབ་དུ་ཐེངས་གཅིག་བཤམས་ཡ
ཟླ་བཞི་བ
ཡང་ན ཟླ་བཞི་བ་ནི
མི་ཚོས་བཤད་པ་ནང་བཞིན
ས་སྒང་ཧྲིལ་བོའི་ཚེ་སྲོག་མཐའ་དག་གི་རྟེན་འབྲེལ་གྱི་ཐོག་མ་ཡིན་པ་བདེན་ན
ང་སྐྱེས་དུས་ཀྱི་སྔས་མགོ་ཟླ་བཞི་བ་ཡིན་ལ
ང་འཆི་དུས་ཀྱི་པུར་སྒྲོམ་ཡང་ཟླ་བཞི་བ་ཡིན་པར
ངས་བསྐལ་བ་སྟོང་གི་སྨོན་པ་ཁུར་ཡོད
གང་ལྟར
དུས་ཚིགས་ཀྱི་འགྱུར་བག་དེ་ཡོད་ན
ལོ་ཟླ་ཡི་འཁོར་ཚུལ་དེ་ཡོད་ན
ངས་འདི་ལྟར
ཟླ་བཞི་བའི་ལོ་མ་འབུས་ཏེ་འབྲས་བུ་སྨིན་ཚུལ་ལ་སྒུག་ནས་རྒས་ཆོག་ཨང
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།