ཅོ་བྱང་སྐར་གྱི་མ་ལོ་དྲན་པའི་སྙན་ངག་གསར་པ་གཉིས།
སེམས་ཀྱི་ཟབ་ས་གན་ན།
དུང་མདོག་ཟླ་བའི་བཞིན་རས། །
ཨ་སྔོན་དབྱིངས་ནས་མངོན་དུས། །
དྲིན་ཆེན་ཨ་མའི་ཞལ་རས། །
སེམས་ཀྱི་ཟབ་ས་གན་ན། །
ཐེ་གེ་ཆ་ཡ་སྒྲིག་སའི། །
བྱིས་དུས་རྩེ་ར་མཐོང་དུས། །
མི་ཚེར་ལམ་སྟོན་མ་ལོ། །
སེམས་ཀྱི་ཟབ་ས་གན་ན། །
ཆུ་ཕྲན་ཟམ་ཆུང་འཛུགས་ས། །
གྱ་གྱུའི་ཆུ་སྒྲ་ཐོས་དུས། །
སྲོག་སྦྱིན་གནང་མཛད་མ་ལོ། །
སེམས་ཀྱི་ཟབ་ས་གན་ན། །
དབྱར་དགུན་སྟོན་གྱི་རང་མདངས། །
མི་ཚེའི་ལམ་ནས་མངོན་དུས། །
སྐྱ་རེངས་མ་ལོའི་གཟུགས་གཞི། །
སེམས་ཀྱི་ཟབ་ས་གན་ན། །
སྐད་ཡིག་ཤེས་བྱའི་མཛུབ་སྟོན། །
རེ་སྒུག་སྟོང་གི་ཁྲོད་ནས། །
གཞིས་ཁྱིམ་གཡང་གི་བདག་མོ། །
སེམས་ཀྱི་ཟབ་ས་གན་ན། །
མཐུན་སྒྲིལ་ཨ་ལོང་གཤིས་ཀ །
ཀུན་སྤྱོད་བལ་གྱི་སྤྱོད་པ། །
ཡུམ་ཆེན་མ་ལོའི་བརྩེ་བ། །
སེམས་ཀྱི་ཟབ་ས་གན་ན། །
རང་ལུས་སྒུར་སྒུར་ཁྲོད་ནས། །
བུ་ཕྲུག་བྱམས་ཀྱིས་སྐྱོང་པ། །
མ་ལོ་ཚེ་རིང་ལོ་བརྒྱ། །
སེམས་ཀྱི་ཟབ་ས་གན་ན། །
མ་ལོའི་བརྩེ་བ་བྲལ་ནས། །
དུས་ཡུན་ལོ་ཟླ་འགོར་རུང་། །
མ་ལོའི་བཞིན་གྱི་མདངས་བརྩེ། །
སེམས་ཀྱི་ཟབ་ས་གན་ན། །
བུ་ངས་དམ་བཅའ་བརྟན་པོ། །
སེམས་ཀྱི་ཟབ་སར་བཞག་ཡོད། །
ལོ་རེའི་ཉིན་མ་འགའ་ལ། །
དབུས་ཀྱི་ཇོ་བོའི་མདུན་ནས། །
བརྩེ་བའི་མ་ལོའི་ཚབ་ཏུ། །
སྐྱབས་འཇུག་སྙིང་ནས་ཞུ་ངེས། །
མ་ལོའི་བརྩེ་བ་དག་མ། །
སེམས་ཀྱི་ཟབ་ས་གན་ན། །
དྲིན་ཅན་མ་ལོར་བྱམས་དང་སྙིང་རྗེ་ལྡན།
སྒང་བ་བོད་ཀྱི་བརྒྱུད་པ་བྱམས་དང་སྙིང་རྗེའི་རང་གཟུགས། །
མཐུན་སྒྲིལ་ཨ་ལོང་སྒོར་སྒོར་རང་གཤིས་ཀུན་སྤྱོད་གཙང་མ། །
དད་པའི་ལྷག་བསམ་དཀར་པོ་ལྷ་གསང་དཀར་པོའི་རང་མདངས། །
ཨ་སྐྱེས་ཨ་མའི་རང་གཤིས་དུང་མདོག་ཟླ་བ་དཀར་པོ། །
ཀུན་སྤྱོད་ཞི་དུལ་ཅན་པོ་ཨ་མ་ལགས་ཀྱི་རང་གཤིས། །
ཕྱོགས་བཞི་ཀུན་ལ་མཐུན་པ་མཐུན་པ་སྤུན་བཞིའི་ལུགས་སྲོལ། །
མགྲོན་པོ་འཛུམ་གྱིས་བསུ་བ་མེ་ཏོག་གཡུ་སྦྲང་འཁོར་འཁོར། །
ཁྱིམ་མི་བྱམས་ཀྱིས་སྐྱོང་པ་མ་ལོའི་རང་གཤིས་གཙང་མ། །
སྙིང་རྗེའི་རང་གཟུགས་ཅན་པོ་མ་ལོའི་རྒྱུད་ན་མངའ་ཡོད། །
མཛེས་སྡུག་ཡིད་འོངས་ཅན་པོ་མ་ལོའི་ལུས་སུ་སྦྲུམ་ཡོད། །
ལྷད་མེད་ལྷག་བསམ་ཅན་པོ་མ་ལོའི་སེམས་སུ་གནས་ཡོད། །
དྲིན་ཆེན་མ་ལོ་མ་ལོར་བྱམས་དང་སྙིང་རྗེ་ལྡན་ཡོད། །
རྩྭ་ལྗང་སྨྱུག་ཕྲན་ཡིན་རུང་ཚེ་སྲོག་གཅོད་པ་དཔེ་མེད། །
སྤྱང་ཀིས་སྒོ་ཕྱུགས་གསོད་རུང་ཚིག་ངན་སྨྲ་བ་དཔེ་མེད། །
མ་ཎི་ཡིག་དྲུག་རྒྱུན་གྱི་འགྲོ་རོགས་འདུག་གྲོགས་གྱུར་པ། །
མ་ལོ་བྱམས་སེམས་ཅན་མ་བྱམས་དང་སྙིང་རྗེ་ལྡན་ཡོད། །
རུ་ཁ་ཁྱིམ་མཚེས་བར་ན་རང་གཤིས་བལ་ལས་འཇམ་པ། །
སྡེ་དང་སྡེ་བའི་བར་ནས་ཀུན་སྤྱོད་ལྷ་ལས་ཡག་པ། །
ཁྱིམ་དང་ནང་མའི་བར་ན་ལྷད་མེད་ལྷག་བསམ་དཀར་པོ། །
མ་ལོ་དྲིན་ཅན་ཚེ་རིང་བྱམས་དང་སྙིང་རྗེ་ལྡན་ཡོད། །
འཇིག་རྟེན་རླུང་འཚུབ་ཟེར་བ་ནམ་ཡོང་ངེས་པ་མེད་པར། །
བྱམས་དང་སྙིང་རྗེའི་བདག་མོ་ང་ཡི་མ་ལོ་ཚེ་རིང་། །
གས་སྲིབ་སྲིབ་ག་ཞིག་ནས་ཕྱིར་ཡོང་མེད་པར་ཆས་སོང་། །
ཅོལ་ཆུང་བྱིས་པ་ང་རང་བདག་མེད་གཅེར་པུར་ལུས་སོང་། །
མ་ལོའི་ཚེ་སྔོན་བསྒྲུབ་པའི་ལས་བཟང་དཔེ་བཟང་རྣམས་ཀྱིས། །
བུ་ཆུང་ང་ཡི་སྐྱེ་བར་ལས་ཀྱི་བསོད་ནམས་བསགས་སོང་། །
གཅེར་བུ་ལུས་པའི་བུ་ལ་ལས་ཀྱི་བསོད་ནམས་བསགས་པས། །
བུ་ཆུང་རྒྱབ་གོས་ཟས་ལ་འདང་བརྒྱག་མེད་པར་གྱུར་སོང་། །
རང་གཅེས་མ་ལོ་ཡོད་པའི་འཇིག་རྟེན་གང་ཟག་ཀུན་ལ། །
སྐད་ཆ་ཚིག་གསུམ་ཞུས་པ་མ་བརྗེད་ཨ་ཁུ་ལོ་ལོ། །
དྲིན་ཅན་མ་ལོའི་བརྩེ་བ་སྒོར་མོའི་དབང་ལ་མ་བརྗེ། །
དྲིན་ཅན་མ་ལོར་མཁོ་བ་དཔལ་དང་འབྱོར་བ་མ་ཡིན། །
འཇིག་རྟེན་ཨ་མར་མཁོ་བ་མིག་མཐོང་ལག་ཟིན་ས་ནས། །
རང་གི་བུ་ཆུང་ཟེར་ན་བོས་ན་རྣ་བས་གོ་ས། །
གཅེས་ཕྲུག་ཨ་མར་བོས་ན་མིག་གིས་ཟིན་ས་ཞིག་དང་། །
སྦྲང་དཀར་རྩམ་པ་ཟས་དུས་མཉམ་དུ་ཟ་རོགས་ཤིག་རེད། །
རང་གཤིས་མར་ལོའི་རང་མདངས་སུ་ཡིས་སྐྱོན་བརྗོད་མ་མཛད། །
མ་ལོའི་རང་གཤིས་གན་ལ་སྐྱོན་གྱི་དྲི་མས་གོས་མེད། །
ཀུན་སྐྱོད་ཞི་དུལ་གན་ལ་སུ་ཡིས་ཀེར་ཀེར་མ་བྱེད། །
མ་ལོའི་ཀུན་སྤྱོད་གཙང་མ་ལྷབ་ལྷུབ་ཁ་བའི་རང་མདངས། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com