མཐོང་སྣེ་སྣ་ཚོགས་པའི་སྙན་ངག་ཅེས་བྱ་བ་བཞུགས།
ཁག་དང་པོ
བླ་མ།
ང་ཡི་གྲྭ་ཤག་གི་མི་ལོ་ཉི་ཤུ་ནི།
ངའི་ཤེས་རབ་ཀྱི་མེ་སྦར་བའི་མི་ལོ་ཉི་ཤུ་དེ་ཡིན།
ང་ཡི་དཔེ་སྒྲོམ་སྟེང་གི་གླེགས་བམ་བདུན་སྟོང་ཉིས་བརྒྱ་ནི།
ང་ཏིང་ངེ་འཛིན་གྱི་ཁྲུས་ལ་ཞུགས་པའི་ཉིན་ཞག་བདུན་སྟོང་ཉིས་བརྒྱ་དེ་ཡིན།
ངས་སྟོང་ཉིད་ལ་ནན་གྱིས་མཉམ་པར་བཞག་ནའང་།
ང་སེམས་ཅན་ཐམས་ཅད་ཟེར་བའི་བློས་མི་ཐོངས་ས་ཞིག་ཡོད།
ངས་སྣང་ཚད་ཐམས་ཅད་ལྷ་རུ་ངེས་ཅི་ཐུབ་བྱས་ཀྱང་།
ང་དང་འདྲ་བའི་སེམས་ཅན་སྐོར་གཅིག་ག་ས་གང་ནས་མཐོང་འོང་།
ང་ད་དུང་འདང་མི་དཔོག་པའི་གནད་དོན་མང་པོ་ཡོད།
ངས་དེ་དག་རེ་ཞིག་འཇིག་རྟེན་ལྟར་དུ་འགྲེལ་བཤད་བཏང་།
ངས་ཕྱི་དྲོའི་ཐུན་གསེང་དུ་“རིགས་གསར་”ཞིག་བསླབ་དགོས།
ང་ཡི་དཀར་ཡོལ་འབྲུག་མགོ་མ་དེ་ཐང་ལ་ལྷུང་།
ང་ཡི་ལྷ་མཆོག་གིས་གནང་བའི་དངོས་གྲུབ་དེ་ཐང་ལ་ལྷུང་།
ང་ཡི་བདག་འཛིན་གྱི་བྱུར་སྡུད་མ། ཨེ།
༢༠༡༧-༢-༣
དགེ་རྒན།
ངས་མི་རེ་ལ་ལམ་རེ་སྟོན།
ལམ་དེའི་མཐར་ཐུག་པ་ནི་འཆི་བའོ།།
ངས་མི་རེ་ལ་གཤོག་པ་རེ་བསྩལ།
གཤོག་པ་དེའི་བྱེད་ནུས་ནི་རྨི་ལམ་རྨི་བའོ།།
ད་དུང་། བདག་གིས
"ལམ་དེ་ནི་ཡང་དག་པའོ།།
ལམ་འདི་ནི་ནོར་བའོ།།"
ཞེས་མི་ཞིག་གི་མི་ཚེ་ལ་སྡོམ་ཚིག་བཀོད།
ངས་ད་ལྟ་ཅིའང་ཤོད་ཀྱིན་མེད།
ཅི་ཡང་བཤད་མི་ཕོད།
ཐ་ན་མི་སྒེར་གྱི་བསམ་ཚུལ་ཡང་་་་་་
༢༠༡༧-༢-༢༠
གྲྭ་པ།
ཞེ་སྡང་། ཕྲག་དོག ང་རྒྱལ། འདོད་ཆགས།
འདི་དག་ནི་གང་ནས་འོང་པའང་ཤེས་དཀའ
མི་ཞིག་གི་ཚིག་རྩུབ་ཅིག་ལས་སམ
གཞན་ཞིག་གི་འཕེལ་རྒྱས་མཐོང་བའམ
རང་ལ་གྲུབ་འབྲས་རེ་སྨིན་པའམ
ཡང་ན། ཤིན་ཏུ་མཛེས་པའི་བུད་མེད་ཅིག་ལས་སོ།།
དེ་བཞིན་དུ། བྱམས་སེམས། སྙིང་རྗེ། བཏང་སྙོམས།
འདོད་ཆུང་དག་ཀྱང་དེ་དག་ལས་བྱུང་ངམ།
གྲྭ་ཤག་ཏུ་བསྟུད་མར་བརྩེགས་པའི་དཔེ་ཆ་དང་
སྤུས་དག་གི་ཡོལ་གོ་འགའ་ལས་ཅིའང་མེད།
ཅིའང་མེད། ད་ལྟ་ང་ལ་ཅི་ཞིག་མཁོ་བ་རེད།
ཨེ། དུས་ངན་སྙིགས་མ་འདི་ཡ།
ཁ་སང་འཕྲིན་ཕྲན་ཏུ་ཆུང་འདྲིས་བྱམས་པས་ང་ད་དུང་བློ་ཡིས་མི་ཐོངས་ཀི་ཟེར།
ངས་ལན་དུ་ང་ལ་རེ་བ་མ་འཆིང་།
ང་རང་བརྗེད་དུ་ཆུགས་ཞེས་བཤད་ནའང་།
སེམས་འདི་རྟ་ཕོ་བཏུལ་མེད་ཅིག་དང་འདྲ་བར་
ཡར་མར་ཀུན་ཏུ་མཆོངས་རྒྱུག་བྱེད།
འོན་ཀྱང་། ང་ལ་ང་ཡི་རྩ་དོན་ཞིག་ཅིས་ཀྱང་ལོས་ཡོད་སྙམ།
སྡོད་ཤག་ཏུ་ཚ་ལམ་ལམ་གྱི་མེ་ཞིག་འབུད་རྗེས།
ངས་དེ་ལྟར་བསམ་བློ་བཏང་།
༢༠༡༧-༢-༢༣
སློབ་མ།
ཕལ་ཆེར་ཚ་གྲངས་ཚད་བརྒལ་གྱི་སྐད་ཆ་ཁ་ཤས་ཁྱོད་ཀྱི་ནང་སེམས་ལ་བླུགས
ཕལ་ཆེར་ཉིན་ལམ་ཁ་ཤས་ཀྱི་ཕ་རོལ་དེར་ཕུགས་འདུན་ཞིག་ཁེར་རྐྱང་དུ་ལུས
ཤིན་ཏུ་མཐོ་བའི་རྐུབ་སྟེགས་དང
རབ་ཏུ་གཉོམ་པའི་བརྩེ་དུངས
དེ་དག་ནི་རྒྱང་རིང་བའི་བདག་གི་མ་འོངས་པ་དང་འདྲ།
ང་ནམ་ཡང་རང་དབང་གི་གདམ་ཀ་ཞིག་ཡོད་པ་ནི
ཕལ་ཆེར་ང་མི་སྒེར་གྱི་དད་པ་ཞིག་ཡོད་པས་རེད་སྙམ།
ང་དེ་རིང་ཁྱོད་ཀྱི་ནང་སེམས་ཀྱི་ནེའུ་གསེང་དུ་ལྗོངས་རྒྱུར་ཕྱིན
ཁྱོད་ཀྱི་མཚར་སྡུག་གི་བསམ་བློའི་འཇིག་རྟེན་ནི་ང་དང་ང་ཚོ
མ་ཟད་ངའི་དུས་རབས་ཀྱི་མི་ཐམས་ཅད་དང་བར་ཐག་དེ་འདྲའི་རིང་བ་ལ། ངས་ཁྱོད་ལ་ཞེ་སྨོན་བྱེད་པ་ནི།
ངས་ཁྱོད་ལ་མྱ་ངན་ཞུས་པ་གཏན་ནས་མིན།
འཇིག་རྟེན་ཅི་འདྲའི་མཛེས་པ་ལ།
འཇིག་རྟེན་འདིའི་སྐྱེ་འགྲོ་མཐའ་དག་ཅི་འདྲའི་སྙིང་དུ་སྡུག་པ་ལ།
རྒྱང་རིང་བའི་མཚར་སྡུག་གི་མ་འོངས་པ་ལགས།
བདག་ལ་རེ་ཞིག་སྒུག་རོགས་གནོངས་དང་།
༢༠༡༧-༢-༢༣
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com