གྱེས་ཁའི་མགྱོགས་བྲིས་ཁག་གཉིས།

རྩོམ་པ་པོ།:མགོན་པོ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-03-21 10:05:00 ཀློག་གྲངས།:

ཞག་སྒྲོན།

                                     བསེ་ཀུན་དོང་།

ཤར་གྱི་ཐིག་ལེ་ནུབ་ཕྱོགས་རི་བོའི་ཟོམ་དུ་ལྟུང་།།

ཕྱོགས་བཅུའི་མུ་མཐའ་མུན་ཇག་རྒོད་པས་ཁ་ཟས་གྱུར།།

ཅེ་སྤྱང་ངར་མ་འདུར་རྒྱུག་རྩེན་པའི་གླེགས་ཤིག་བསྐྲུན།།

ཉིན་མོར་ལོང་བ་སྣང་བའི་བདེ་སྐྱིད་དཔལ་གྱིས་བཟི།།
 

སྣང་བའི་ལོངས་སྤྱོད་སྐྱིད་ལ་རོལ་བའི་སེམས་ཅན་གང་།།

སྡུག་གི་མུན་པའི་ཀློང་ན་དངངས་བའི་འོ་དོད་སྒྲོག།

རུབ་པའི་འོབ་ཀྱི་ནང་ན་འཆི་ཁའི་འཕག་ཚག་རྒྱག།

བསླུ་མེད་སྐྱབས་ཀྱི་དྭངས་མ་སྣང་བ་མིན་ནམ་ཅི།།

 

སྣང་མཛོད་ཉི་མར་འཁུ་བའི་བླ་མ་ལྟ་མི་སྨོས།།

རྒྱུ་སྐར་ཁྲོད་ཀྱི་ཟླ་བ་འཛུམ་པའི་དགེ་བའི་བཤེས།།

མཚན་ཉིད་བཅུ་བའི་བླ་མ་ང་འདྲ་མིན་ན་ཡང་།།

ཞག་གི་མུན་སེལ་ཞག་སྒྲོན་ང་རང་ཅི་ལ་མིན།།

 

ཀློག་ཙམ་འགྲོ་བའི་བློ་གསལ་སློབ་ཆེན་སྒོ་ཁར་སྐྱེལ།།

ཚིག་འབྲེལ་མི་འཁྱོང་སློབ་བུ་རྩོམ་པའི་དཔུང་སྡེར་བཅུག།

ཨ་ལན་མི་ཐོབ་སློབ་མས་གླེང་སྟེགས་འཕྲོག་རྩོད་བྱེད།།

བསླབ་ན་མཁས་པའི་གོ་འཕང་སྙེག་པ་ཅི་མ་བདེན།།

 

རང་ཁྱིམ་སྐྱིད་ལ་བཀོད་པའི་ཞག་སྒྲོན་རྐང་གཅིག་མ།།

ཚེ་ཡུན་ཞག་གཅིག་སྣང་བར་བཀོད་པའི་བསྐལ་བ་ལ།།

ལྷག་བསམ་འོད་དུ་སྦྲུམ་ནས་རང་གི་མི་ཚེ་བསྐྱལ།།

འདི་ནི་ཕལ་བའི་དགེ་རྒན་ཞིག་གི་ལས་དབང་ཡིན།།

                          ༢༠༡༦ལོའི་ཟླ༤པའི་ཚེས༢༧ལ།

འདུ་བྲལ་དཀར་དམར་ལྗང་སེར།


 
ལས་སྐལ་ཡོད་ཀྱང་ལྷན་འཛོམས་བསྐལ་བ་ཕྲ་མོ།།

མ་གྲོས་གཅིག་ཏུ་འདྲེས་པའི་ཞེ་འདང་ཟབ་མོ།།

རི་ཆུ་སྟོང་གི་ཡུལ་གྱིས་ཡང་ཡང་བསྐལ་རུང་།།

འདུ་བྲལ་བློ་དཀར་དྭངས་བསིལ་གཙང་བོ་འབབ་འབབ།།

 

ཆོས་ཉིད་མེད་ཀྱང་སྟེས་དབང་འགྲིག་གི་ལྷན་འཛོམས།།

འབྲལ་འདོད་མེད་ཀྱང་ལས་ཀྱི་བཀོད་སྒྲིག་བཙན་པོ།།

བསྐལ་བཟང་དུས་ཀྱི་བསོད་ནམས་མ་ཉམས་ཐུ་མེད།།

འདུ་བྲལ་བློ་དམར་ཁྲག་གི་ས་ཆེན་ཡོམ་ཡོམ།།

 

ཐ་དད་འགྲོ་བའི་འདུ་འགོད་ཀློང་ནས་འཛོམས་པ།།

དམ་འཛིན་བློ་ན་ཡོད་ཀྱང་ལག་ནས་འཛད་འགྲོ།།

འདོད་པ་ལམ་ལྷོང་དཀའ་བ་འཁོར་བའི་ཆོས་ཉིད།།

འདུ་བྲལ་བློ་ལྗང་སྤང་ལྗོངས་གཡུ་ལོ་ལྡེམ་ལྡེམ།།

 

སྲིད་པའི་སྒྲོན་མེ་ཉི་ཟླར་འཆར་ནུབ་ཡོད་ལ།།

ཐར་བ་མ་ཐོབ་སྡུག་བསྔལ་སྤངས་ཐབས་མེད་ཀྱང་།།

མཛའ་བརྩེ་ཕྱི་ཐག་རིང་མོའི་འཁྲེང་བ་ཇེ་ཟབ།།

འདུ་བྲལ་བློ་སེར་བསྐལ་བའི་མེ་དཔུང་འབར་འབར།།

          ཕྱི་ལོ༢༠༡༦ལོའི་ཟླ༩པའི་ཚེས༢༠ཉིན།
རྩོམ་པ་པོ་ནི་མང་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཡིན།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།