ཉི་ནུབ་དང་ཨ་མ།
ཉི་ནུབ་དང་ཨ་མ།
འབྲོང་སྨུག་པོ།
མིག་གིས་ཟིན་པ་དཀའ་བའི་གནམ་མཐའི་གྲོང་དུ།།
སྐྱོ་བའི་ཟིལ་བ་མང་པོས་རྒྱང་བལྟས་བྱས་ཏེ།།
རྒྱུ་སྐར་ཐང་མར་བརྡལ་བའི་ངོས་ཀྱི་དེ་ནས།།
དྲན་གདུང་མེ་ལོང་དམར་པོ་ལན་རྒྱར་ཕྱིས་ཡོད།།
ཟླ་འོད་འཁོར་བར་ལྷུང་བའི་ས་སྲོད་གྲངས་མེད།།
མདུན་གྱི་སྒེའུ་ཁུང་འགྲམ་ན་ཡང་ཡང་བསུ་དུས།།
རྣམ་ཤེས་ཤོག་བུའི་ལྡེབས་ཀྱི་དྲིན་ཆེན་ཨ་མ།།
སེམས་ཀྱི་ཕོ་བྲང་དབུས་ནས་མ་ཡལ་འདུག་གོ།
ཚེ་ཡི་ཆུ་ཐིགས་རྡོག་པོ་མུར་རྒྱུན་ཟགས་ཏེ།།
རླུང་བུས་སྒུལ་བའི་སྣང་བ་མུན་པར་དུད་ཀྱང་།།
ཡིད་ཀྱི་ལྗོན་པར་ཁྲི་བའི་བརྩེ་བ་འཇམ་པོ།།
ཕྱོགས་མེད་ཉི་ཟེར་ཡིན་རུང་ཆོག་པར་འདྲ་འོ།།
སྤྲིན་དཀར་ལྷ་ལམ་བརྒྱུད་ནས་བྱང་ལ་ཐལ་སོང་།།
ཉི་ནུབ་ལས་ཀྱི་རྐང་རྗེས་བདག་ལ་སྤར་བྱུང་།།
མུན་པའི་ལྕགས་ཀྱུས་ཐེབ་པའི་སྨྲེང་སེམས་འཁྱག་པ།།
ལ་གཞུང་མང་པོ་བསྒལ་ཏེ་ཡུལ་ལ་ལོག་ཡོང་།།
ད་ལྟའི་ཚེ་རབས་འདི་ཡི་ཕྱོགས་མཚམས་ཀུན་ལ།།
ཟས་གོས་འཕོངས་མེད་བཤམས་པའི་མི་ཞིག་ཡོད་དེ།།
སེམས་གཅོང་མཛད་མེད་འདི་ཡི་རླབས་ཁ་གཅོད་པའི།།
སྟོང་ཉིད་དེ་བཞིན་ཉིད་དང་མཚུངས་པར་འདྲ་ལེ།།
སྒྱུ་མའི་མི་ཚོགས་གྲུག་པའི་མཐའ་དབུས་འདི་རུ།།
ཆགས་ཞེན་ཆུ་བོ་དབོ་སའི་སྣོད་ཅིག་མེད་འདྲ།།
ནམ་མཁའི་མེ་ཏོག་ལྡེམ་པའི་མཚན་ལྗོངས་དག་ལ།།
རྨི་ལམ་འཁྲུལ་བའི་ཀློང་ནས་མ་ལོར་སྒུག་ཡོད།།
ཕྱི་དྲན་གསེར་བུ་ལྡོང་བའི་རི་སྒོང་འདི་ནས།།
མི་མངོན་ཡུལ་གྱི་འཇིག་རྟེན་རེ་བས་བལྟ་དུས།།
བདག་གི་འདས་དོན་སློག་པའི་འདང་ཆེན་ཨ་མ།།
ངོ་གདོང་མཆི་ནས་རླན་རུང་མཐོང་རྒྱུ་མ་བྱུང་།།
སེམས་ལ་དྲན་པ་སྐྱེས་པའི་མཚན་སྨག་རེ་རེར།།
ལྷིང་འཇགས་བདེ་བའི་གྲོང་གི་ཁེར་རྐྱང་ང་ལ།།
བརྩེ་ཞེན་དབྱངས་ལ་རྒྱུས་པའི་གཏམ་ཞིག་ཡོད་མོད།།
བར་སྣང་སྟོང་བ་འདི་ལ་ཅི་བཤད་མི་འདུག།
ངས་ནི་བྱིས་པ་ནང་བཞིན་ངུ་ལབ་གཏོང་སྟེ།།
མཛུབ་མོའི་ནག་ནོག་འཇུབ་ནས་ཀེ་རེར་བལྟས་ཡོད།།
ཚོར་བའི་རྡུལ་རྣམས་སྤྲུག་པའི་དཔྱིད་ཀའི་སྣང་བས།།
འཁྲེང་ཞེན་ལ་རྩེར་བུད་པའི་གཞོག་འདེགས་བྱས་སོ།།
ལས་ཀྱིས་འགྲུལ་ཆས་སྒྲིག་པའི་འཁོར་བ་ཆུང་ཆུང་།།
མི་ཚེའི་ཟིལ་བ་ལྷུང་བའི་རྟེན་མཁར་ཡིན་ཙང་།།
འབྱམས་ཀླས་སྣང་བ་འཕྲུལ་བའི་གཞིས་ཀ་དེ་ནས།།
དགའ་སྐྱོ་སྣོལ་མར་མཚོན་པའི་ཨ་མ་ཚེ་རིང་།།
༧༠༡༧.༤.༢༡།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com