ཅོ་བྱང་སྐར་གྱི་བརྩམས་ཆོས་བདམས་བཀོད།
སྤྲིན་དཀར་གྱི་འདབ་མ།
དབྱར་གཞུང་དེར།
ལུག་ཁྱུ་བཞིན་ཁུག་ལྡེམ་མེར་འཁྱིལ་ཡོད་པའི།
མཐོན་མཐིང་མཁའ་དབྱིངས་ཀྱི་སྤྲིན་དཀར་གྱི་ཚོམས་ནི།
བྱིལ་བྱིལ་མ་ལགས་ཀྱི་ཕྱག་ཟུང་དང་འདྲ་བའི།
རླུང་བུ་བསིལ་མོའི་ཁ་ཕྱོགས་དང་བསྡོངས་ནས།
འགྲོ་དྲུག་ཀུན་ལ་བསིལ་སྦྱིན་གྱི་སྣང་བ་བསྩལ།
དབྱར་གཞུང་དེར།
རྟ་བདུན་དབང་པོའི་འཛུམས་མདངས་དང་འགྲོགས་པའི།
སྨུག་སྤྲིན་གྱི་ཚེ་སྲོག་བསྣབས་པའི་སྤྲིན་དཀར་གྱི་ཚོམས་ནི།
ཁོད་ཡངས་པའི་རྩྭ་ཐང་གི་མཁའ་དབྱིངས་སུ།
ཨ་ཕོ་ལུག་རྫིའི་དབྱངས་རྟ་དང་ལྷན་དུ།
སྐྱེ་འགྲོ་ཀུན་ལ་བསིལ་ཆར་གྱི་དངོས་གྲུབ་འཇོ།
དབྱར་གཞུང་དེར།
ཚ་གདུང་གི་དྲོད་གྲང་ལ་ཆ་སྙོམས་བྱེད་པའི།
དཀར་དཀར་གྱི་ལིང་འདྲ་བའི་སྤྲིན་དཀར་གྱི་ཚོམས་ནི།
རྫ་རི་དང་གངས་རི་ཡི་གཞིས་ལམ་དུ།
སུན་སྣང་གི་ཚོར་བ་དབེན་པའི་འེ་ཅག་དང་ལྷན་དུ།
དྲོད་གྲང་གི་བདེ་སྐྱིད་འཚོ་བ་ཕངས་མེད་སྦྱིན།
གཡང་ཁྱིམ་ཚང་གི་ཉིན་གཅིག
གོ་ལའི་རྩེ་ལ་ཉིན་བྱེད་དབང་པོ་ཡིས། །
བདུད་རྩི་སྨན་གྱི་གསོས་སྨན་བསྩལ་བ་ན། །
སྐྱེ་འགྲོ་མ་ལུས་མིག་ཟུང་དལ་གྱིས་ཕྱེས། །
གླུ་དང་གཞས་ཀྱི་མཆོད་པའི་དབྱངས་རྟ་གྱེར། །
སྤྲིན་དཀར་ལེབ་ལེབ་རི་སྐེད་རྒྱུད་ནས་ནི། །
མངའ་རིས་སྟོད་དུ་འགྲོ་བའི་ལམ་ལ་ཞུགས། །
དབྱར་གྱི་ཕོ་ཉ་ཁུ་བྱུག་གཤོག་འགྱུར་ཡང་། །
སྟོད་ཀྱི་དབུས་སུ་བསྒྱུར་བར་སྟ་གོན་བྱས། །
ཨ་ལ་ལ་མོ་དབྱངས་སུ་འགུག་པ་ཡི། །
སྨུག་པོ་གདོང་གི་རང་གཤིས་མངོན་པ་ཡི། །
འུར་ཆའི་བདག་པོ་རྫི་བོ་གཡང་འབུམ་ཡང་། །
དགོ་དགོ་ངག་གིས་གཡང་ཟོག་རི་ལ་དེད། །
སྙན་པ་ཚངས་སྲས་བུ་མོའི་ངག་གི་ཟླ། །
མཛེས་པ་སང་ལྕམ་འབྲུག་མོའི་གཤིས་ཀྱི་དོ། །
གཡང་ཁྱིམ་ཚང་གི་བདག་མོ་གཡང་མོ་སྐྱིད། །
གཡང་མོ་ལུག་གི་རྗེས་ན་གཡང་གིས་འགྲོ། །
༼མུ་འགོད༽
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com