སྙིང་མོ་སྐྱིད་ཀྱི་སྒྲུང་རྩོམ《ཨ་མའི་ལས་ཀ》ཞེས་པ་འོས་སྦྱོར།

རྩོམ་པ་པོ།:སྙིང་མོ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-09-18 08:40:00 ཀློག་གྲངས།:

ཨ་མའི་ལས་ཀ
བོད་ལྗོངས་ལྷ་ས། སྙིང་མོ་སྐྱིད།

     ངོ་གདོང་དཀར་ཞིང་ལུས་པོ་ཅུང་རྒྱགས་པ། མགོའི་སྐྲ་རྣམས་སིལ་ལིར་བཟོས་པའི་བུད་མེད་ཅིག་འབོལ་ཁྲིའི་སྟེང་ཉལ་ཅིང་ལག་ཏུ་རྒྱང་འཛིན་བཟུང་སྟེ་བརྙན་འཕྲིན་གྱི་འཕྲིན་ལམ་ཡར་བརྗེ་མར་བརྗེ་བྱེད་ཀྱིན་འདུག མཐེ་བོང་གིས་རྒྱང་འཛིན་གྱི་མཐེབ་རྣམས་ཟད་རག་བར་མནན་ཡང་རང་གི་བལྟ་འདོད་པའི་ལེ་ཚན་ཞིག་མ་རྙེད་པས་རྒྱང་འཛིན་སྟེང་གི་གློག་སྒོ་མནན་ནས་བརྙན་འཕྲིན་གྱི་ཁ་བརྒྱབ། སྐད་ཅིག་མ་དེར་ཁང་བའི་ནང་འཇམ་ཅག་གེར་གྱུར་བས་ཁོ་མོ་ཁེར་རྐྱང་གི་འཚོ་བའི་མུན་དོང་དུ་ལྷུང་བ་ལྟ་བུའི་ཚོར་བ་ཞིག་སྐྱེས་བྱུང་། རང་ཉིད་གཉེན་སྒྲིག་བྱས་ནས་ལོ་ངོ་ཉེར་ལྔ་འགོར་ཡང་དེ་རིང་ནང་བཞིན་ཁོམ་ནས་སུན་སྣང་སྐྱེས་པ་ཐོག་དང་པོ་ཡིན་པས། འཇིག་རྟེན་སྟེང་ཆེས་ལྕི་བའི་ལས་ཀ་ནི་ལས་རྒྱུ་ཅི་ཡང་མེད་པ་དེ་རེད་ཟེར་བའི་སྐད་ཆ་དེ་ཅི་མ་བདེན་སྙམ།
     དེ་རིང་ནི་སྙིང་གི་གཅེས་ཕྲུག་བུ་ཆུང་ཚེ་རིང་གཉེན་བསྒྲིགས་བྱས་རྗེས་ཁྱིམ་དང་བྲལ་བའི་ཉིན་དང་པོ་ཡིན་ཞིང་། ད་བར་དུ་བུ་ཆུང་རང་ཉིད་དང་ཁ་བྲལ་མྱོང་མེད་པས། སེམས་ནས་རིན་པོ་ཆེ་རྩ་ཆེན་ཞིག་བོར་བ་ལྟར་བློང་བློང་བོར་ཅི་བྱེད་འདི་བྱེད་མེད་པར་གྱུར། ཁྱོ་ག་ནི་ཀུང་ཟིའི་ནང་གི་བྱ་བར་བྲེལ་ནས་ས་མ་རུབ་བར་དུ་ཁྱིམ་ལ་བསླེབས་མི་སྲིད་པས། རང་ཉིད་ལ་སྐད་ཆ་བཤད་རོགས་ཤིག་ཀྱང་མེད། གལ་ཏེ་ལས་རྒྱུ་ཞིག་མ་བཙལ་ན་དེ་རིང་གི་ཉི་མ་འདི་འཁྱོལ་དཀའ་བ་ཐག་གིས་ཆོད་བསམ་བཞིན་ཁང་བའི་ནང་མིག་ཉུལ་ཅིག་བྱས་པ་ན། ཉལ་ཁང་དང་འགྲུལ་ཁང་། ཟ་ཁང་། ད་དུང་སྤྱོད་ཁང་ནང་གི་ཁྱིམ་ཆས་ཆེ་མ་ཆུང་གསུམ་ཡོད་ཚད་གྱི་འཐེན་སྒམ་ནང་དགོས་མཁོ་ཡོད་མེད་ཀྱི་དངོས་པོ་མང་པོ་བརྫངས་ཡོད་པ་དམཐོང་བ་དང་ད་ནི་བསྡུ་གསོག་ཞིག་རྒྱག་པའི་དུས་ལ་བབས་སོང་སྙམ་སྟེ་ཆ་སྒམ་རེ་རེ་བསྔོག་མགོ་བརྩམས། ཆ་སྒམ་ནང་དུ་དངོས་པོ་འདྲ་མིན་སྣ་ཚོགས་འདུག་ལ། མང་ཆེ་བ་ནི་བུ་ཆུང་གིས་འཚར་ལོངས་ཀྱི་གོ་རིམ་ཁྲོད་བཀོལ་བའི་རྩེད་ཆས་ཡིན་ཞིང་། ཁོ་མོས་བུ་ཆུང་གི་སྙིང་རྗེ་བའི་ངོ་གདོང་ཡིད་ལ་འཁོར་ཞོར་ཡར་བསྔོགས་མར་བསྔོགས་བྱེད་བཞིན་བསྡུ་གསོག་བྱས། གློ་བུར་དུ་རྒྱབ་ཤུན་དམར་པོ་ཡིན་པའི་འཛིན་ཡིག་ཅིག་ཁོ་མོའི་མིག་མདུན་དུ་མངོན་བྱུང་། ཡ་མཚན་དང་བཅས་ཁ་ཕྱེ་ནས་བལྟ་དུས་དེ་ནི་རང་གི་སློབ་ཆེན་གྱི་མཐར་ཕྱིན་འཛིན་ཡིག་རེད་འདུག
     རེད་ཡ། རང་ཉིད་ཀྱང་དུས་རབས་ཉེར་གཅིག་པའི་རྒྱལ་ཡོངས་ཀྱི་སློབ་ཆེན་མིང་གྲགས་བརྒྱའི་གྲས་སུ་ཚུད་པའི་པེ་ཅིན་མི་དམངས་སློབ་ཆེན་གྱི་སྲིད་ཁྲིམས་སློབ་གླིང་ནས་མཐར་ཕྱིན་པའི་སློབ་ཆེན་པ་ཞིག་ཡིན་ཅིང་། སློབ་ཆེན་འགྲིམས་དུས་ཁྲིམས་ལུགས་ཤེས་བྱའི་གནས་ཀུན་ཚུལ་བཞིན་དུ་གསལ་བའི་དཔྱད་རྩོད་གང་མང་སྤེལ་མྱོང་ལ། སློབ་སྦྱོང་གི་རྒྱུགས་འབྲས་ལེགས་པས་བྱ་དགའ་ཡང་གང་མང་བླངས་མྱོང་། དེ་དུས་རང་ཉིད་ལའང་ཕུགས་བསམ་ཡོད་དེ་ཁྲིམས་ལུགས་ལ་བརྟེན་ནས་དྲང་བདེན་སྐྱོང་མཁན་གྱི་ཁྲིམས་རྩོད་པ་ཞིག་ཏུ་འགྱུར་ཆེད་གཉིད་བཅག་ཟས་བརྗེད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་ཁྲིམས་འཛིན་ཡིག་ཚད་ལས་རྒྱུགས་འབྲས་རིམ་པ་Aལོན་ཏེ་རྒྱལ་ཁབ་རིམ་པའི་ཁྲིམས་འཛིན་ཐོབ་ཐང་བླངས་ཡོད། ཡིན་ནའང་ད་བར་དུ་འཁོར་བའི་འདམ་དུ་ལྷུང་ནས་རང་གི་ཕུགས་བསམ་དེ་མངོན་འགྱུར་བྱེད་པའི་དུས་ཤིག་མ་རྙེད།
     ལོ་ཉེར་ལྔར་ཁྱིམ་གྱི་བདག་མོ་བྱས་པའི་ཁོ་མོས་ཀྱང་ལག་གཉིས་དང་བློ་རིག་ལ་བརྟེན་ནས་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་བྱས་ཆོག་སྙམ་པའི་སྐབས་དེར། བུ་ཆུང་གིས་སྒོ་ཕྱེ་ནས་ནང་དུ་ཐོན་བྱུང་།
     དེ་རིང་བུ་ཆུང་གི་གདོང་ལ་འཛུམ་གྱིས་ཁེངས་འདུག
     "ཨ་མ་ལགས། ཁྱོད་ཀྱི་ལག་ཏུ་བཟུང་བའི་འཛིན་ཡིག་དེ་ཅི་ཡིན། ང་ལ་སྟོན་དང་"ཟེར་བཞིན་བུ་ཆུང་གིས་ཁོ་མོའི་ལག་གི་འཛིན་ཡིག་ཕར་ཁྱེར་ནས་ཁ་ཕྱེ་མ་ཐག་ཧ་ལས་སོང་།
     "མ་གཞི་ཨ་མ་ཁྱོད་ནི་མིང་དུ་གྲགས་པའི་པེ་ཅིན་མི་དམངས་སློབ་ཆེན་ནས་ཐོན་པ་རེད་འདུག ཡིན་ཡང་ཨ་མ་ལགས་ཀྱིས་ད་བར་ལས་ཀ་མ་བཙལ་བའི་རྒྱུ་མཚན་ཅི་ཡིན་"ཞེས་དྲིས་བྱུང་།
     བུད་མེད་ཀྱིས་ཡིད་ཕངས་བའི་ངང་དངན་པ་ཞིག་འཐེན་ནས་བཤད་རྒྱུར། "སློབ་ཆེན་འགྲིམས་དུས་ངས་ཁྱོད་ཀྱི་ཨ་ཕ་ངོ་ཤེས་པ་དང་། སློབ་མཐར་ཕྱིན་དུས་ཏག་ཏག་ང་ལ་མངལ་སྦྲུམ་པས་བྱིས་པ་སྐྱེས་ཚར་ན་ལས་ཀ་བཙལ་ཆོག་སྙམ་ནས་བྱིས་པ་སྐྱེས་རག་བར་སྒུག་པ་རེད།"
     "དེ་ནས་བྱིས་པ་སྐྱེ་ཚར་དུས་ཨ་མ་ལགས་ཀྱིས་ལས་ཀ་མ་བཙལ་བ་གང་རེད།"
     "དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟ་བུའི་བུ་ཆུང་ཁྱོད་སྐྱེས་དུས་སྨན་པས་ལུས་པོ་ཡག་པོ་མི་འདུག་ཟེར་ནས་དྲོད་སྲུང་སྒམ་དུ་ཉིན་འགར་འཇོག་དགོས་བྱུང་བ་དང་། སྦྲུམ་སྐྱེས་སྨན་པས་ང་ལ་བྱིས་པ་ཨ་མའི་འོ་མ་གསོས་ན་མ་གཏོགས་རྗེས་མ་གཟུགས་པོ་ཡག་པོ་ཡོད་མི་སྲིད་པ་མ་ཟད། རིག་པ་ཡང་བྱིས་པ་གཞན་དང་བསྡུར་ཐབས་མེད་ལ། ནད་འགོག་ནུས་པར་ཡང་གནོད་པ་ཐེབས་ངེས་རེད་སོགས་སྙིང་རླུང་སྟོད་ལ་འཚང་བྱེད་ཀྱི་སྐད་ཆ་མང་པོ་བཤད་སོང་བས་ངས་ཀྱང་ཁྱོད་ཀྱི་ལུས་ཕུང་རང་གི་ཤ་དྲོད་ལ་བརླན་ནས་རང་ཟུངས་ཕངས་མེད་འགྱེད་བཞིན་བྲང་གི་ནུ་ཞོ་བླུད་པ་དང་། བུ་ཆུང་སྐྱིད་པོ་བྱུང་སོང་ན་ང་རང་གིས་དཀའ་སྡུག་ག་ཚོད་མྱངས་ཡང་འགྱོད་པ་མེད་སྙམ་ནས་རང་ཉིད་ཀྱི་ཟས་གོས་ལོངས་སྤྱོད་རྒྱབ་ཏུ་གཡུགས་ཏེ་སྙིང་ནས་བརྩེ་བའི་བུ་ཆུང་ཁྱོད་ལ་རང་ཉིད་ཀྱི་ཡོད་ཚད་ཕུལ་ཏེ་ཉིན་གྱིས་མཚན་མཐུད། མཚན་གྱིས་ཉིན་མཐུད་ནས་གཉིད་བཅག་ཟས་བརྗེད་ཀྱིས་གཉོར་སྐྱོང་བྱས་ཤིང་། ཕྱི་ཡི་འབྱུང་བ་བཞིའི་གནོད་འཚེ་སོགས་ཐེབས་སུ་མ་བཅུག་པར་བདེ་ཐང་སྐྱོན་བྲལ་ངང་བསྐྱང་སྟེ་བུ་ཆུང་ཁྱོད་རང་ལོ་གཅིག་སོན་དུས། ཁྱོད་ཀྱི་ཨ་ཕས་བུ་གཉོར་ཞིག་བཙལ་ནས་ང་ལ་ངལ་གསོ་རྒྱོབ་ཟེར་ཡང་།  སྐྱིད་སྡུག་འདྲེས་མའི་འཚོ་བའི་གསེང་ན་བུ་ཆུང་ཁྱོད་ལ་བཅངས་བའི་སེམས་ཚགས་ནི་དེ་བས་ཤོང་ཐབས་བྲལ་བ་ཞིག་ཡིན་པས་གལ་ཏེ་གཅེས་ཕྲུག་ཁྱོད་རང་བུ་གཉོར་གྱི་ལག་ཏུ་བཞག་ན་རང་གི་བུ་ཕྲུག་གི་ཚད་དུ་བཞག་ནས་གཅེས་མི་སྲིད་ལ། ཟ་མ་དུས་ལྟར་མི་སྟེར་བ་དང་། གཙང་སྦྲ་ལ་ཡང་དང་དོད་ཡག་པོ་བྱེད་སྲིད་ཀྱི་མ་རེད་སྙམ་ནས་ལས་ཀར་མ་ཞུགས་པར་རང་གིས་གཉོར་སྐྱོང་བྱས་ནས་ལོ་གསུམ་ལ་ཁྱིམ་ནས་བསྡད་པ་རེད། ཁྱོད་རང་ལོ་གསུམ་ལ་བསླེབས་ནས་བུ་བཅོལ་ཁང་དུ་བསྐྱལ་དུས་ང་རང་ལས་ཀར་ཞུགས་འདོད་ཡོད་མོད། བུ་བཅོལ་ཁང་ལ་འགྲོ་ཐེངས་རེར་ཁྱོད་ནི་མ་བུ་ཁ་བྲལ་བྱེད་པ་བཞིན་ངུས་ནས་ཨ་མའི་ཐུ་བ་ནས་བཟུང་སྟེ་མི་གཏོང་ལ། མཚམས་ལ་རེར་རྐང་སྣམ་ནང་གཅིན་པ་ཤོར་ཏེ་དགེ་རྒན་གྱིས་ཁ་པར་ཡོང་ཐེངས་རེར་ཨ་མས་རྐང་སྣམ་བརྗེ་ཡ་ཞིག་ཁྱེར་ནས་བུ་བཅོལ་ཁང་དུ་འགྲོ་དགོས་ཤིང་།  ད་དུང་དུས་ལྟར་ཡར་སྐྱེལ་མར་ལེན་བྱེད་དགོས་པས་ལས་ཀར་ཞུགས་མ་ཐུབ་པ་རེད།"
     "ང་རང་བུ་བཅོལ་ཁང་ནས་མཐར་ཕྱིན་རྗེས་ཨ་མ་ལགས་ལས་ཀར་མ་ཞུགས་པའི་རྒྱུ་མཚན་གང་རེད།"
     "ཁྱོད་རང་སློབ་ཆུང་དུ་ཞུགས་རྗེས་ང་རང་ལས་ཀར་ཞུགས་འདོད་ཡོད་ཀྱང་ཞོགས་པར་ནམ་མ་ལངས་གོང་ནས་ཁྱོད་རང་གཅིག་པུ་སློབ་གྲྭར་བཏང་ན་གླ་གཏོང་རླངས་འཁོར་སྨྱོན་པས་རྡུང་མི་ཡོང་ངམ་བསམ་ནས་བློ་མ་བདེ་བར་ཉིན་རེའི་ཞོགས་པར་སློབ་གྲྭའི་སྒོ་ཁའི་བར་སྐྱེལ་བ་དང་། ཁྱོད་ཚོའི་སློབ་གྲྭར་ཟ་ཁང་མེད་པ་མ་ཟད་ཉིན་གུང་གི་ངལ་གསོའི་དུས་ཚོད་ཡང་ཧ་ཅང་ཐུང་བས་གུང་ཟས་སློབ་གྲྭར་སྐྱེལ་དགོས་ཡོད། དེའི་རྐྱེན་གྱིས་ངས་ཉིན་རེར་ཁྱིམ་ནས་ཟ་མ་བཟོས་རྗེས་ཟས་སྣོད་དུ་བླུགས་ནས་སློབ་གྲྭའི་སྒོ་ཁར་སྐྱེལ་བ་དང་། ཕྱི་དྲོ་སློབ་གྲྭ་གྲོལ་རྗེས་དུས་ལྟར་བསུ་རུ་སོང་བའི་གྲངས་ཀ་ནི་ཨ་མའི་ཕྲེང་བའི་ཕྲེང་རྡོག་ལས་ཀྱང་མང་གི་རེད། དེ་ལྟར་ལུས་སེམས་གཉིས་ཀ་དལ་མེད་ངང་ལོ་ངོ་དྲུག་འདས་པ་རེད།"
     "འོ་ན་ང་རང་སློབ་ཆུང་མཐར་ཕྱིན་རྗེས་ཨ་མ་ལགས་ཀྱིས་ལས་ཀ་མི་བཙལ་དོན་ཅི་ཡིན། "
     "ད་བར་གྱི་སྤྱི་ཚོགས་འདི་དངུལ་དང་དབང་ཐང་གིས་དབང་སྒྱུར་ཡོད་དེ། སློབ་མ་སློབ་གྲྭར་བཞག་ནའང་མི་ཤུགས་དང་རྒྱུ་ཤུགས་གཉིས་ཀས་སྟོབས་ཤུགས་ཕུད་དགོས། སློབ་ཆུང་མཐར་ཕྱིན་རྗེས་ངས་ཁྱོད་རང་ལྷ་ས་གྲོང་ཁྱེར་འདིའི་སློབ་འབྲིང་ཆེས་བཟང་ཤོས་སྟེ་སློབ་འབྲིང་བརྒྱད་པར་འཇོག་ཆེད་དབྱར་གནང་གི་དུས་ཚོད་བེད་སྤྱད་དེ་ངོ་ཤེས་གང་མང་བརྒྱུད་པ་དང་། སྒོར་མོ་མི་ཉུང་བ་ཞིག་བཏང་བས་སློབ་ཚུད་ཨང་གྲངས་ཞིག་རེག་བྱུང་། ཡིན་ནའང་མི་ནི་ནམ་ཡང་འདོད་པའི་ཁ་བཀང་རྒྱུ་མེད་དེ། ཁྱོད་ཀྱིས་མཐོ་འབྲིང་བཟང་པོ་ཞིག་ལ་རྒྱུགས་འཕྲོད་ཆེད། ངས་ཁྱོད་རང་ཟབ་སྦྱོང་འཛིན་གྲྭར་བཏང་ནས་ཉིན་རྒྱུན་ཡར་སྐྱེལ་མར་ལེན་དང་ཟས་ཐུན་གསུམ་པོ་དུས་ལྟར་ཟ་རུ་བཅུག་པ། ད་དུང་སློབ་སྦྱོང་ལ་ལྟ་རྟོགས་བྱེད་པ་སོགས་ལ་བྲེལ་ནས་ལོ་གསུམ་ནི་མིག་རྡེབ་དབང་ཙམ་ལ་ཕྱིན་སོང་།"
     "འོ་ན་ང་རང་སློབ་འབྲིང་མཐར་ཕྱིན་རྗེས་ཨ་མ་ལགས་ཀྱིས་ལས་ཀ་མ་བཙལ་བ་གང་ཡིན།"
     "ཁྱོད་རང་མཐོ་འབྲིང་ལ་སླེབས་དུས་སློབ་གྲྭ་ཁྱིམ་དང་ཐག་རིང་བས་ང་ཡང་ཐབས་ཟད་དེ་སློབ་གྲྭའི་ཉེ་འགྲམ་དུ་ཁང་བ་ཆུང་ཆུང་ཞིག་གླས་ནས་བསྡད་དེ་ཁྱོད་དང་སློབ་གྲྭ་"མཉམ་འདོན"་བྱས་པ་ཡིན། དུས་དེར་ངས་རང་ནུས་ཅི་ལྕོགས་ཀྱིས་ཁྱོད་ཀྱི་སློབ་སྦྱོང་དང་འཚོ་བར་ཆ་རྐྱེན་ལེགས་པོ་ཞིག་འདོན་ཆེད། ནམ་རྒྱུན་ཁྲོམ་ར་ནས་སྔོ་ཚལ་གསར་པ་ཉོས་ནས་ཟ་མ་བཟོས་པ་དང་། གོན་པ་བཀྲུ་བ་དང་ཁང་བར་གཙང་སྦྲ་བྱེད་པ། ཐ་ན་མཚན་མོ་ཁྱོད་ཀྱིས་ལས་བྱ་འབྲི་དུས་ཀྱང་ནམ་གུང་བར་འདུག་རོགས་བྱས་ཏེ་གོ་མེད་ཚོར་མེད་ངང་མཐོ་རྒྱུགས་སུ་བསླེབས། དེ་དུས་ང་ནི་རང་ཉིད་མཐོ་རྒྱུགས་ལ་ཞུགས་དུས་ལས་ཀྱང་གནོན་ཤུགས་ཆེ་ཞིང་། ངས་ཁྱོད་ལ་གནོན་ཤུགས་ཡོད་པར་སྐྲག་ནས་ནམ་ཡང་ཁྱོད་ཀྱི་གཤིས་ཀར་བསྟུན་ཅི་ཐུབ་བྱས་པ་དང་ཐོག་མཐའ་བར་གསུམ་དུ་གཟུགས་དང་གྲིབ་མ་བཞིན་འགྲོགས་ནས་བདག་སྐྱོང་བྱས་མཐར་ཁྱོད་ཀྱིས་བདེ་ལེགས་ངང་གྲོང་ཁྱེར་འདིའི་སློབ་ཆེན་དུ་རྒྱུགས་འཕྲོད་སོང་། སྐབས་དེར་ང་ནི་རྒྱབ་ཀྱི་ཁུར་བོ་ཕོག་པ་ལྟར་ལྷོད་ཡངས་སེར་གྱུར་ལ། སེམས་ནས་ད་ནི་རང་གིས་ཀྱང་ལས་ཀ་ཞིག་བཙལ་ན་ལེགས་སྙམ་ཡང་རྒྱུ་རྐྱེན་དུ་མའི་དབང་གིས་འདོད་དོན་མ་འགྲུབ།"
     "ང་རང་སློབ་འབྲིང་མཐར་ཕྱིན་རྗེས་ཨ་མ་ལགས་ཀྱིས་ལས་ཀ་མ་བཙལ་བ་གང་ཡིན།"
     "ཁྱོད་རང་སློབ་མཐར་ཕྱིན་རྗེས་ངས་ཀྱང་རང་ཉིད་དགའ་བའི་ལས་ཀ་ཞིག་ལ་ཞུགས་ནས་རང་ལ་འཐོབ་པའི་གླ་ཆ་བླངས་ནས་འཚོ་བ་རོལ་འདོད་མོད། ཁྱོད་ལ་ལས་ཀ་བཙལ་མེད་པས་རེ་ཞིག་རང་གི་འདོད་དོན་བསྐྱུར་ནས་སེམས་ཤུགས་ཡོད་ཚད་བཀོལ་ནས་ཁྱོད་ལ་ད་ལྟའི་བྱ་བ་འདི་བཙལ་བ་ཡིན། དེའི་རྗེས་སུ་ཡང་རང་སེམས་རང་གིས་གཅུན་མ་ཐུབ་པར་ཁྱོད་ལ་མནའ་མ་བཙལ་བ་དང་གཉེན་སྟོན་གྲ་སྒྲིག་བྱས་པ་སོགས་ཀྱི་དབང་གིས་ད་བར་དུ་ལས་ཀར་ཞུགས་མ་ཐུབ་པ་རེད།"
     བུ་ཆུང་གིས་ཨ་མའི་སྐད་ཆར་ཉན་བཞིན་རང་དབང་མེད་པར་མིག་ཆུ་བཞུར་བྱུང་།
     "ཨ་མ་ལགས། ང་རང་ནར་སོན་ནས་ཕོ་ལོ་ཉི་ཤུར་བུད་དེ་བློ་ཕ་ལ་འདྲི་མི་དགོས་པ་དང་ཟས་མ་ལ་སློང་མི་དགོས་པའི་ན་ཚོད་ལ་བསླེབས་ཀྱང་རང་གིས་རང་ལ་བདག་སྐྱོང་བྱེད་མ་ཐུབ་པར་ཨ་མ་ལགས་གཡོག་ཏུ་བཀོལ་རྐྱང་བྱས་ནས། ཉིན་རྒྱུན་ཨ་མས་བཟོས་པའི་ཟ་མ་ལས་མིད་པར་མི་འགྲོ་བ་དང་། ཨ་མས་བཀྲུས་པའི་ལྭ་བ་མ་གཏོགས་གྱོན་མི་འདོད་པ་ཞིག་ཏུ་གྱུར་བས། ད་བར་དུ་ཨ་མ་ཁྱོད་ལ་དབང་བའི་དུས་ཚོད་ཅུང་ཙམ་ཡང་མེད་སོང་བ་རེད། དེ་ཚང་མ་ང་རང་སྒྱིད་ལུག་ཆེ་བས་ལན་པ་རེད། "
     "ཡིན་ཡང་འདི་ཚང་མ་ནི་གནམ་འོག་ཕ་མའི་འོས་འགན་ཡིན་ལ། རང་གི་ལང་ཚོ་བུ་ཕྲུག་གི་ཆེད་དུ་ཕུལ་རྒྱུ་དེ་ཡང་འཇིག་རྟེན་གྱི་འགྲོ་ལུགས་ཤིག་རེད། ཕ་མས་ནམ་ཡང་རང་གི་བུ་རབས་ཚ་རྒྱུད་ལ་དྲིན་ལན་གཞལ་དཀའ་བའི་བདེ་སྐྱིད་རེ་རེ་བསྐྲུན་ནས་འགྲོ་བཞིན་ཡོད། ད་སྐབས་ཁྱོད་ཡང་རང་མགོ་ཐོན་པ་མ་ཟད། འཇིག་རྟེན་ཁྱིམ་ཐབ་བཟུང་ཞིང་དང་མིའི་མདུན་དུ་མགོ་བཀྱགས་ནས་འགྲོ་ཆོག་པའི་ལས་ཀ་ཞིག་ལས་བཞིན་ཡོད་པས། ཁྱོད་ཀྱིས་བླངས་བའི་གྲུབ་འབྲས་མཐོང་ཐེངས་རེར་རང་གིས་སྔོན་ཆད་ཀྱི་དཀའ་ལས་བརྒྱབ་པར་འབྲས་བུ་ཐོན་པ་རེད་སྙམ་ནས་ཨ་མའི་སེམས་པ་དྲོད་སོབ་སོབ་དུ་ཆགས་ཡོང་།"
     སྐབས་དེར་བུ་ཆུང་གི་གདོང་ཡོངས་མཆི་མས་བརླན་འདུག་ལ། ཨ་མའི་དྲོད་ཁོལ་གྱི་རུམ་ཁོང་ནས་འཚར་ལོངས་བྱུང་བའི་ཁོས་ངུ་ངག་དང་བཅས་"ཨ་མ་ལགས། ཁྱེད་ཀྱིས་ང་ལ་མི་ལུས་རིན་ཆེན་སྦྱིན་པ་མ་ཟད། ངའི་ཆེད་དུ་རང་གི་ཡོད་ཚད་བློས་བཏང་། ཁྱེད་ཀྱི་རང་གི་ཚེ་སྲོག་ཕངས་མེད་དུ་འབུལ་བའི་རང་གཤིས་དེ་ང་རང་གོམས་ལོབས་སུ་སོང་དྲགས་ནས། ཨ་མ་ཁྱེད་ཀྱིས་ངའི་ཆེད་དུ་ལོ་ངོ་ཉེར་ལྔའི་རིང་འཁོར་བ་བཙོན་རྭའི་འཐབ་མོ་བ་ཞིག་བྱས་ནས་བསྡད། འཇིག་རྟེན་ན་ཆེས་དྲིན་ཆེ་བ་ནི་ཕ་མ་དང་ཆེས་རླབས་ཆེ་བ་ནི་ཨ་མ་རེད། གནམ་འོག་འདི་ན་འཇིག་རྟེན་ཨ་མ་ལས་རླབས་ཆེ་བའི་ལས་ཀ་ཞིག་གང་ན་ཡོད། བྱམས་སེམས་ཀྱིས་བརླན་པའི་བླ་ན་མེད་པའི་ཐུགས་སེམས་མངའ་བའི་ཁྱེད་ཀྱིས་ལས་ཀ་རླབས་ཆེན་དེ་སྒྲུབ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ་བུ་ངས་ཨ་མ་ཁྱེད་ཀྱི་དྲིན་ལན་ཚེ་གང་འཇལ་ཡང་འཇལ་ཐུབ་རྒྱུ་མ་རེད།"ཟེར་བཞིན་ཨ་མར་འཐམ་ནས་ངུས།
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།