རྣམ་གླིང་རིན་ཆེན་གྱི་གཞས་ཚིག་ཕྱོགས་བསྒྲིགས། ༢
ཡིད་ལ་དྲན་པའི་ཕ་ཡུལ།
ཆར་བ་ཤག་ཤག་བབས་བྱུང་།
རླུང་བུ་སིལ་སིལ་ལྡང་བྱུང་།
དྲག་ཆར་རླུང་དམར་འཚུབ་དུས།
ཕ་ཡུལ་ཡིད་ལ་དྲན་བྱུང་།
ཡིད་ལ་དྲན་པའི་ཕ་ཡུལ།
ས་ཐག་རྒྱང་དུ་ལུས་སོང་།
དྲན་པའི་མིག་ཆུའི་ཐིགས་པས།
སྔས་མགོ་བརླན་པར་བཏང་སོང་།
བྱེའུ་ཆུང་གསུང་སྐད་ཀྱུར་ཀྱུར།
ཆུ་མོའི་སྐད་སྒྲ་ཤང་ཤང་།
བྱ་དེ་ལྷ་བྱ་གོང་མོ།
དྲན་པའི་སྐྱོ་གླུ་མ་ལེན།
བུ་ཆུང་སེམས་པ་སྐྱོ་བའི།
སྐྱོ་རོགས་ཁྱེད་ལས་མེད་པས།
ཆུ་མོའི་མཐའ་ལ་བསྐོར་ནས།
ཕ་ཡུལ་ཕྱོགས་སུ་ཕེབས་དང་།
ཕ་ཡུལ་ལུང་ཤུལ་སྐྱ་བོ།
བུ་ངའི་སྐྱེས་ཡུལ་ཡིན་ནོ།
ལུང་ཤུལ་སྐྱ་བོའི་ཀློང་དུ།
ང་ཡི་སེམས་པ་ལུས་ཡོད།
ཆུང་ཆུང་མི་ཚེའི་གཏམ་རྒྱུད།
ཕ་ཡུལ་ཕྱོགས་སུ་ཡོད་པས།
འཁྲེང་སེམས་ཕྱི་མིག་ལྟ་ཡུལ།
ཕ་ཡུལ་ཕ་མ་སྤུན་མཆེད།
རི་དེ་གམ་པ་ལ་མོ།
ཕར་ལ་ཤིག་ཙམ་གནང་དང་།
བུ་ཆུང་མིག་འབྲས་དྭངས་མོ།
ཕ་ཡུལ་ཕྱོགས་སུ་གཏད་ཡོད།
དྲན་པའི་ལོ་ཟླ་རིང་མོ།
དམར་པོའི་མེ་ལས་ཚ་བ།
བུ་ཆུང་ཕ་མ་དྲན་པའི།
གདུང་བ་རི་ལས་ལྕི་བ།
ལས་ལ་སྐོས་པའི་ཕ་ཡུལ།
གཙང་བོའི་གཞུང་ལ་ཆགས་ཡོད།
གཙང་བོར་དར་ཁ་མ་བསྒྲིབས།
ཤང་ཤང་ཤང་ལ་རྒྱུགས་དང་།
གཙང་བོའི་ཐོག་གི་གྲུ་ཆུང་།
རྦ་རླབས་བཤགས་ནས་ཡོང་ཡོད།
ཕ་ཡུལ་དྲན་པའི་སེམས་པ།
རྦ་བཞིན་མཁའ་ལ་འཕྱུར་བྱུང་།
ཡུལ་སྐྱིད་པོ་ཕ་ཡུལ་གངས་ཅན་ལྗོངས།
གཡས་རི་ཉི་མ་ཤར་འདྲ་རེད།
གཡོན་རི་ཟླ་བ་ཚེས་འདྲ་རེད།
ཉི་ཟླ་སྐར་གསུམ་མཁའ་ལ་ཤར།
མེ་ཏོག་སྣ་ལྔ་ས་ལ་བཞད།
རྒྱུ་སྐར་ཉེར་བརྒྱད་འཁོར་ས་རེད།
འཇའ་ཚོན་སྣ་ལྔ་ཤར་ས་རེད།
གཡུ་འབྲུག་སྔོན་མོ་གནམ་ནས་གྲགས།
སྦྲང་ཆར་སིལ་མ་ས་ལ་བབས།
ཕྱོགས་བཞི་གངས་ཀྱི་ར་བས་བསྐོར།
ཆུ་མོ་ཡན་ལག་བརྒྱད་དང་ལྡན།
འབྲུ་རིགས་སྣ་ལྔ་འཛོམས་ས་རེད།
རྟ་ནོར་ལུག་གསུམ་འཕེལ་ས་རེད།
མི་རྒྱུད་འོད་གསལ་ལྷ་ལས་མཆེད།
མདོ་སྔགས་བསྟན་པ་དར་ས་ཡིན།
ཐུགས་རྗེ་ཆེན་པོའི་གདུལ་བྱའི་ཞིང་།
དགེ་སྡིག་སྤང་བླངས་བྱ་ས་ཡིན།
གངས་ཅན་ཁ་བའི་དག་ཞིང་ནི།
ཆོལ་གསུམ་བོད་མིའི་ཕ་ཡུལ་ཡིན།
མ་ཡུམ་ཕ་ཡུལ་དྲོན་མོ་དེ།
ནམ་ཡང་ཕུན་ཚོགས་བདེ་ལེགས་ཤོག
ཕྱི་ཐག་རིང་བའི་གྲོགས་པོ།
ཚེ་སྔོན་ལས་ཀྱི་བསྐོས་ཐང་ཡིན་ནམ།
ལྷ་དང་བླ་མའི་བཀའ་དྲིན་གང་ཡིན།
ཕྱི་ཐག་རིང་བའི་གྲོགས་པོ་ཁྱེད་རང་།
ང་ཡི་སྙིང་གི་གཞིས་ཀར་བཞད་བྱུང་།
སྐྱིད་པའི་རྩྭ་ལ་མཉམ་བཟའ་མེད་ཀྱང་།
སྔོན་མོའི་ཆུ་ལ་མཉམ་འཐུང་ཞུས་ཡོད།
སྐྱིད་སྡུག་མི་ཚེའི་འཕྲང་ལམ་རིང་མོར།
སེམས་དང་སེམས་པས་ལག་རྡང་སྦྲེལ་ཡོད།
གྲོགས་པོ་བཟང་པོའི་བརྩེ་བ་ཟེར་ནོ།
གངས་རིའི་སྟེང་ལ་ཉི་མ་ཤར་འདྲ།
རྒྱུ་སྐར་དབུས་སུ་ཟླ་བ་ཚེས་འདྲ།
མུན་པའི་ཀློང་གི་སྒྲོན་མེ་འདྲ་བྱུང་།
གྲོགས་པོ་བཟང་པོ་རྒྱང་དུ་བཞུགས་ཀྱང་།
མི་འགྱུར་བརྩེ་བ་རྡོ་རྗེའི་བྲག་ཡིན།
སྐྱིད་པའི་གླུ་ཆུང་མཉམ་ལེན་བྱེད་ས།
སྡུག་གི་ཁུར་བོ་མཉམ་ཁུར་བྱེད་ཡུལ།
འདུ་འཛི་ཟང་ཟིང་སྤྱི་ཚོགས་ཁྲོད་དུ།
གྲོགས་པོ་ཁྱེད་ཉིད་སེམས་ཀྱི་འབབ་ཚིགས།
ངལ་བ་སྟོང་གི་སེམས་ཀྱི་གསང་གཏམ།
འཁོན་ཐོག་མེད་པར་སྨྲས་ན་ལོས་ཆོག
འཇིག་རྟེན་ཆེ་ཆེ་མྱ་ངམ་ཐང་བཞིན།
མི་ཚོགས་མང་མང་སྦྲང་ཚང་བརྡོལ་འདྲ།
སེམས་པ་སེམས་ཀྱིས་ཤེས་མཁན་མེད་དུས།
གྲོགས་བཟང་ཁྱེད་རང་ཡང་ཡང་དྲན་བྱུང་།
བོད་ཀྱི་བུ་མོ།
ཉི་འོད་དྲོན་མོས་གསོས་པའི།
གདོང་པ་དམར་སྨུག་བུ་མོ།
འཛུམ་ཞལ་ལྷུག་ལྷུག་གྲོལ་དུས།
ང་སེམས་སྤྲིན་ནག་དྭངས་སོང་།
རྒན་བཀུར་གཅེས་སྐྱོང་ཆེ་ལ།
ཕ་མར་བཀུར་བསྟི་ཆེ་བ།
བོད་སྐད་སྙན་མོའི་གསུང་སྐད།
རྣ་བའི་བདུད་རྩི་འདྲ་བྱུང་།
ཨཱ། ང་ཚོ་བོད་ཀྱི་བུ་མོ།
རིགས་བཟང་ལྷ་ཡི་སྲས་མོ།
ཨཱ། ང་ཚོ་བོད་ཀྱི་བུ་མོ།
སྦྲ་ནག་གྲུ་བཞིའི་བདག་མོ།
ཕ་རྒྱུད་གངས་རི་དཀར་པོ།
མ་རྒྱུད་ལྷ་ཤིང་ཤུག་པ།
རིགས་རུས་གཙང་མའི་བུ་མོ།
བོད་པ་ཚང་གི་རྒྱན་ཡིན།
བུ་མོ་གང་འགྲོའི་ས་ལ།
མེ་ཏོག་སྣ་ལྔ་བཞད་བྱུང་།
ཁྱིམ་གཞིས་དྲོན་མོའི་དབུ་འཕང་།
བུ་མོས་རྒྱུན་བསྲིངས་གནང་རོགས།
ཨཱ། ང་ཚོ་བོད་ཀྱི་བུ་མོ།
རིགས་རྒྱུད་སྤེལ་མཁན་སྒྲོལ་མ།
ཨཱ། ང་ཚོ་བོད་ཀྱི་བུ་མོ།
ཞིང་ཐང་གྲུ་བཞིའི་བདག་མོ།
བུ་མོ་ཕེབས་པའི་ཡུལ་ལ།
སྐྱིད་པའི་ཁྱིམ་གཞིས་ཆགས་ཡོད།
ཁྱིམ་གཞིས་དྲོན་མོའི་གཏམ་རྒྱུད།
ལྷ་སྒྲུང་ལས་ཀྱང་སྙན་སོང་།
བོད་པ་ཚང་གི་བུ་མོ།
རིགས་བཟང་མཁའ་འགྲོའི་རྒྱུད་ཡིན།
ཡིད་འཕྲོགས་བོད་ཀྱི་བུ་མོ།
ས་སྟེང་བུ་མོའི་གཙུག་རྒྱན།
ཨཱ། ང་ཚོ་བོད་ཀྱི་བུ་མོ།
གངས་རིའི་འདབས་ཀྱི་མེ་ཏོག
ཨཱ། ང་ཚོ་བོད་ཀྱི་བུ་མོ།
ཕ་ཁྱིམ་དྲོན་མོའི་གཙུག་ནོར།
ཕ་ཡུལ་གངས་ལྗོངས།
གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག་ན།
ས་པད་མ་འདབ་བརྒྱད་ཀྱི་སྟེང་ན།
ཡུལ་སྐྱིད་པོ་ལྷ་ཡི་ཡུལ་གཉིས་པ།
ཆོས་བསྟན་པ་དར་སའི་གནས་དང་གཅིག
གངས་རི་བོས་དཔུང་རྡང་ངོམས་དང་གཉིས།
ཆུ་བརྒྱད་ལྡན་གོམ་འགྲོས་འགྲན་དང་གསུམ།
ངེད་ཕ་ཡུལ་འཛམ་གླིང་ཡུལ་གྱི་རྒྱན།
འགྲོ་རིགས་དྲུག་འདྲ་མཉམ་དག་པའི་ཞིང་།
ནོར་ལོངས་སྤྱོད་ཀླུ་རྒྱལ་གཏེར་ལ་འགྲན།
ས་དགེ་བཅུ་རྫོགས་པའི་ཕུན་ཚོགས་གནས།
སྐྱིད་འཚོ་བ་དབྱར་མཚོ་རྒྱས་དང་གཅིག
ནང་ཕུ་ནུ་མཐུན་པ་སྤུན་བཞི་གཉིས།
དྲིན་ཉི་ཟླ་སྐར་གསུམ་འཛོམས་པ་གསུམ།
ངེད་ཕ་ཡུལ་ས་སྟེང་ཡུལ་གྱི་ཏོག
ཡུལ་མཐོ་བ་འཛམ་གླིང་ཡང་རྩེའི་རྒྱན།
མི་བཟང་པོ་སྤྲེལ་རྒན་བྱང་ཆུབ་རྒྱུད།
རྟགས་བཟང་པོ་བཀྲ་ཤིས་རྟགས་བརྒྱད་འཛོམས།
མགོ་མཁའ་ཐོག་ནམ་མཁའ་སྔོ་དང་གཅིག
བར་སྤྲིན་དཀར་རང་གར་རྒྱུ་དང་གཉིས།
ས་འབྲུ་རིགས་སྣ་ལྔ་རྒྱས་དང་གསུམ།
ངའི་ཕ་ཡུལ་གངས་ལྗོངས་ཕྱུག་མོ་དེ།
ལྷོ་འཛམ་བུ་གླིང་གི་གཙུག་རྒྱན་ཡིན།
སྙིང་གི་བུ་མོ།
གཡང་དཀར་ལུག་གི་འཚོ་རོགས།
ཡང་ཆུང་མེ་ཏོག་འཐུ་རོགས།
ཡིད་འཕྲོག་སྙིང་གི་བུ་མོ།
སྐུ་ལུས་བདེ་མོ་ཨེ་ཡིན།
དྲན་པའི་ལོ་ཟླ་རིང་མོ།
སྙིང་ལ་བརྐོས་པའི་རི་མོ།
དྲག་ཆར་རླུང་དམར་འཚུབ་ཀྱང་།
རི་མོ་ཟུབ་རྒྱུ་མིན་འདུག
བག་རྟའི་འཕོང་ལ་བཞོན་ནས།
གཞན་གྱི་ཆུང་མར་འགྲོ་དུས།
ང་སེམས་དཀར་གསལ་ཟླ་བ།
སྨུག་སྤྲིན་ཡོལ་བས་བསྒྲིབས་སོང་།
ལས་ཀྱི་རླུང་བུས་དེད་ནས།
ཁྱེད་སེམས་གཞན་ལ་འཁུར་སོང་།
ང་སེམས་སྙིང་གི་གཞིས་ཀར།
སྡུག་གི་ལོ་མས་བཀང་སོང་།
སྙིོང་ཁར་བཞད་པའི་བུ་མོ།
མཚོ་ནང་ཟླ་བ་འདྲ་བྱུང་།
མིག་གིས་མཐོང་ས་ཡོད་ཀྱང་།
ལག་པས་རེག་ཐབས་མིན་འདུག
མི་ཡི་མི་ཚེ་ཟེར་བ།
ཚོང་འདུས་མགྲོན་པོ་རང་རེད།
མཇལ་བའི་ལས་འཕྲོ་ཡོད་ཀྱང་།
མཐའ་མ་སོ་སོར་གྱེས་དགོས།
སྙིང་གི་བུ་མོ་ཆུང་ཆུང་།
དབྱར་གསུམ་སྤང་གི་མེ་ཏོག
མེ་ཏོག་ཁ་འབྲས་མཚར་ཡང་།
དབྱར་ཟླ་གསུམ་གྱི་དུས་རེད།
དྲན་གླུ།
རྐང་ཆུང་རྟ་ཕོར་བཞོན་ནས།
གཞན་ཡུལ་ལུང་པ་འགྲིམས་དུས།
རང་ཡུལ་ཕ་ས་དྲོན་མོའི།
མཛེས་སྡུག་སྙིང་ལ་ཤར་བྱུང་།
ཁྲ་ཆུང་མིག་གིས་འཚོལ་མཁན།
ཤ་ཁྲག་སྦྱིན་མཁན་མ་ཁྱེད།
དམར་ཆུང་སེམས་ཀྱིས་གླན་མཁན།
རུས་རྒྱུད་སྩོལ་མཁན་ཕ་ཁྱེད།
ང་ཡི་བུ་ཆུང་ཟེར་བཞིན།
མ་ཎི་བཞིན་དུ་བགྲང་མཁན།
སེམས་དང་སེམས་པས་སྐྱོང་བའི།
དྲིན་ཆེན་མ་ལོ་ཁྱེད་ཡིན།
ཁ་འཇམ་ཚིག་སྙན་མེད་ཀྱང་།
འཇིག་རྟེན་འགྲོ་ལུགས་སློབ་མཁན།
བུ་ཡི་མི་ཚེའི་སླད་དུ།
ལང་ཚོ་ཕུལ་མཁན་ཕ་ཁྱེད།
དྲིན་ཆེན་ཨ་མའི་སེམས་པ།
མཁའ་ཡི་དྲིན་ཆེན་ཉི་མ།
ཉི་མ་ནུབ་རིར་བྱོན་ཡང་།
དྲོད་ལ་ཟད་མཐའ་མིན་འདུག
དྲིན་ཆེན་ཨ་ཕའི་སེམས་པ།
མཚན་གུང་དཀར་གསལ་ཟླ་བ།
ཟླ་བར་དྲོད་ཁོལ་མེད་ཀྱང་།
མུན་པ་འོད་ཀྱིས་གསལ་འོང་།
ཉི་མ་མཁའ་ལ་ཤར་དུས།
པདྨ་ཞལ་ཁ་ཕྱེས་སོང་།
མེ་ཏོག་པདྨ་བཞད་དུས།
ཨ་མའི་ཞལ་རས་དྲན་བྱུང་།
ཟླ་བ་མཁའ་ལ་འཕགས་དུས།
ཀུ་མུད་འཛུམ་མདངས་གྲོལ་སོང་།
ཟླ་བའི་ཞལ་རས་སྒོར་སྒོར།
ཨ་ཕ་ཡིན་ན་དགའ་བ།
གཞན་ཡུལ་ཕྱོགས་ཀྱི་བུ་ཆུང་།
ཕ་མ་སྙིང་ནས་དྲན་བྱུང་།
ཕ་མ་དྲན་པའི་གླུ་ཆུང་།
གཞན་ཡུལ་ཕྱོགས་ནས་བཏང་ཡོད།
བུ་ཆུང་ཕ་མ་དྲན་པའི།
དུང་བ་ཆུ་ལ་བཅོལ་ཡོད།
ཆུ་མོ་མར་འགྲོ་ཤིག་ཤིག
ཡར་འགྲོ་ཡིན་ན་དགའ་བ།
ཇོ་རིའི་སྙན་དབྱངས།
འཛམ་གླིང་ཡང་རྩེའི་གཙུག་རྒྱན་དུ་ཆགས་ཤིང་། །
གནམ་ས་གཉིས་ཀྱི་བར་སྣང་དུ་ལྡིང་བ། །
འཇའ་སྤྲིན་ཟུང་གི་མཛེས་རྒྱན་གྱིས་སྤུད་པའི། །
བརྗིད་ཆགས་ཇོ་མོ་གླང་མ་གངས་རི་ཡི་ཏོག་ཡིན། །
གནམ་ས་གཉིས་ཀྱི་འདྲེས་མཚམས་སུ་ཆགས་ཤིང་། །
ཉི་ཟླའི་རྣ་ཆ་རང་ལུས་ལ་ཐོགས་པ། །
རྩེ་མོ་མཁའ་ལ་འགྲན་པའི་སྟོད་ཕྱོགས་ཀྱི་ཇོ་རི། །
བོད་མིའི་བློ་སྟོབས་མཚོན་པའི་དན་རྟགས་སུ་འཁྲུངས་སོང་། །
ཇོ་མོ་གླང་མའི་རི་གཤམ་དུ་ཆགས་ཤིང་། །
ས་ལ་དགེ་བཅུ་རྫོགས་པའི་དིང་རི་ཡི་ཕ་ཡུལ། །
ཆབ་དཔལ་རིག་གསུམ་དབྱར་མཚོ་ལྟར་རྒྱས་ཤིང་། །
མང་ཚོགས་འཚོ་བ་ཡར་ངོ་ཡི་ཟླ་བ། །
ཏང་གི་ཉི་འོད་ཕྱོགས་བཅུ་རུ་འཕྲོས་པས། །
ཞིང་འབྲོག་ཐོན་སྐྱེད་ཀྱི་འབྲས་བུ་བཟང་བ། །
སྟོན་ཚིགས་ལོ་ལེགས་འབྲས་བུ་བསྡུ་བཞིན་བསྡུ་བཞིན། །
གདོང་ནས་དགའ་སྤྲོའི་འཛུམ་མདངས་ཤིག་རྒྱས་བྱུང་། །
སྲིད་ཇུས་བཟང་པོའི་དུས་རབས་ཀྱི་ཀློང་ནས། །
མི་ཚེ་ཞེས་པའི་ཁ་དོག་དེ་རྙེད་བྱུང་། །
འཚོ་བ་ཞེས་པའི་དབྱངས་རྟ་དེ་སྙན་བྱུང་། །
བདེ་སྐྱིད་ཅེས་པའི་གོ་དོན་དེ་རྟོགས་བྱུང་། །
དིང་རིའི་ཡུལ་གྱི་ཕོ་གཞོན་དང་མོ་གཞོན། །
འཚོ་བ་གསར་བ་ལོངས་སུ་ནི་སྤྱོད་བཞིན། །
སྙན་པའི་གཞས་ཆུང་དབྱངས་ལ་འགུགས་ཞོར། །
འཁྲུག་པའི་ཞབས་བྲོ་མཁའ་ལ་ཕུལ་སོང་། །
རི་གྲོང་གི་བུ་མོ།
རི་གྲོང་གི་བུ་མོ།
ཞོགས་པའི་སྐྱ་རེངས་ཀྱི་འཛུམ་མདངས་ཀློང་དུ།
ཐབ་ཀའི་ནང་ལྕི་བ་འབུད་ཞོར།
ཆུ་ཟོམ་ནང་ཆུ་ཕུད་ལེན་ཞོར།
བུ་ཆུང་ལ་སྐྱོར་མ་བླུད་ཞོར།
ཉི་མ་གསར་བ་ཞིག་གི་འཚོ་བའི་ལས་སྣེ་ལ་འཇུག
རི་གྲོང་གི་བུ་མོ།
རྩྭ་ཐང་གི་མེ་ཏོག་འཐུ་ཞོར།
ནོར་གནག་གི་ལྕི་བ་སྒྲུག་ཞོར།
རི་གྲོང་གི་འཚོ་བ་དབྱངས་རྟར་འགུགས་ཞོར།
ཁ་དོག་དམར་སྨུག་གི་འཛུམ་ཞལ་དབྱིངས་ནས།
ལྷད་མེད་གཡའ་དག་གི་འཛུམ་ཆུང་ལྷུག་ལྷུག་ཏུ་དགོད།
རི་གྲོང་གི་བུ་མོ།
མགོ་དཀྲིས་དམར་བོའི་འོག་གི་མིག་ཟུང་ཀློང་ནས།
རེ་བ་དང་ཕུགས་འདུན་གྱི་རེ་ཁཱ་དགོད་ཅིང་།
མཁའ་ཡི་འཇའ་ཚོན་རྒྱན་དུ་སྤྲས་ཞོར།
བདེ་སྐྱིད་ཀྱི་འཚོ་བར་བསྟོད་གླུ་ལེན་ཞོར།
ལྷིང་འཇགས་ཀྱི་མི་ཚེ་མཛེས་སྡུག་གིས་འབྲི་བཞིན་ཡོད།
ཨེ་མ། རི་གྲོང་གི་བུ་མོ།
ཁྱེད་ནི་གངས་རི་ཡི་མཛེས་རྒྱན།
རྩྭ་ཐང་གི་བདག་མོ།
མི་རབས་ཤིག་གི་རྒྱུན་ཐག་བསྲིངས་མཁན་ཡིན་ཡཱ།
རྒྱང་རིང་གི་ཨ་ཇོ།
རྒྱང་རིང་ས་མཐའ་འགྲིམས་པའི། །
ང་ཡི་སྙིང་གི་ཨ་ཇོ། །
སྤྲིན་གྱི་ཕོ་ཉ་མངགས་ནས། །
བུ་མོར་ཡིག་ཆུང་སྐུར་ཞོག །
ང་ཡི་ནམ་མཁའ་སྔོན་མོ། །
ཁྱེད་ཀྱི་སྤྲིན་པས་བཀང་སོང་། །
བུ་མོའི་སྙིང་གི་གཞིས་ཀར། །
དྲན་པའི་ལོ་འདབ་རྒྱས་སོང་། །
ཨ། ཨ། རྒྱང་རིང་གི་ཨ་ཇོ།
ཁྲ་ཆུང་མིག་གིས་འདོད་པ། །
ཨ་ཇོ་ཁྱེད་ལས་མིན་འདུག །
བུ་མོའི་སེམས་ཀྱི་གཏད་ས། །
རྒྱང་རིང་ཨ་ཇོ་ཁྱེད་ཡིན། །
སྙིང་གི་ཚི་ལུ་བཞུར་བའི། །
མཆོད་མེ་ཁྱེད་ལ་བསྒྲོན་ཡོད། །
ཐུགས་རྗེའི་སྤྱན་གྱི་འོད་ཟེར། །
བུ་མོར་འཕྲོས་རྒྱུ་མིན་འདུག །
ཨ། ཨ། རྒྱང་རིང་གི་ཨ་ཇོ།
ས་ཕྱོགས་གང་དུ་ཕེབས་ཀྱང་། །
བུ་མོ་སེམས་ནས་མ་བོར། །
ཨ་ཇོ་རྒྱང་དུ་ཞུགས་ན། །
ཉམ་ཆུང་བུ་མོ་སྙིང་རྗེ། །
བུ་མོའི་སེམས་པ་དམར་སོང་། །
དམར་བོའི་མེ་དང་འདྲ་བ། །
མེ་ལྕེ་ཆུ་དང་འདྲེས་ན། །
འཚོ་བའི་སྤོབས་པ་ཞི་འགྲོ།
ཁ་བ་དཀར་པོ།
སའོ། ཁ་བ་དཀར་པོའི་ཡུལ་ལ། །
གངས་དང་སྨུག་པས་བསྒྲིབས་ཤག །
གངས་སེང་གཡུ་རལ་ངར་མོ། །
ཐུགས་སེམས་སྐྱོ་བ་མ་གནང་། །
ཞོགས་པའི་ཉི་གཞོན་དྲོན་མོ། །
ཤར་རིའི་རྩེ་ནས་འཆར་བྱུང་། །
གངས་ལྗོངས་ནམ་མཁའི་ཁྱོན་ལ། །
བཀྲ་ཤིས་འཇའ་ཚོན་ཤར་བྱུང་། །
སའོ། མཐོན་མཐིང་མཁའ་དབྱིངས་ཡངས་མོར། །
ཉི་ཟླ་སྐར་གྱིས་བརྒྱན་ཞག །
གངས་ལྗོངས་ས་གཞི་གཤིན་པོར། །
བདེ་སྐྱིད་སྦྲང་ཆར་བབས་བྱུང་། །
ཁ་བ་དཀར་བོའི་ཡུལ་མི། །
བྱམས་དང་སྙིང་རྗེས་བརྒྱན་ཞག །
འབྱུང་འགྱུར་འཚོ་བའི་ལམ་བུར། །
བཀྲ་ཤིས་རླུང་རྟ་ཡར་འཕེལ། །
འཛོམས་པ་ཡག་མོ།
རི་འཛོམས་གསུམ་འཛོམས་པའི་རི་གཤམ་ན། །
ཆུ་ཡན་ལག་བརྒྱད་ལྡན་ལྷུང་ལྷུང་འབབ། །
ཆུ་ཡན་ལག་བརྒྱད་ལྡན་གསེར་གྱི་ཆུ། །
རིགས་སེམས་ཅན་སྐོམ་སེལ་བདུད་རྩི་རེད། །
རི་འཛོམས་གསུམ་འཛོམས་པའི་རི་སྐེད་ན། །
ཤིང་ཡག་མོ་ཙན་དན་ལྷ་ཤིང་འཁྲུངས། །
ཤིང་ཙན་དན་ལྷ་ཤིང་སྡོང་པོ་ཡི། །
དྲི་ཞིམ་པ་སྨན་མཆོག་བདུད་རྩི་རེད། །
རི་འཛོམས་གསུམ་འཛོམས་པའི་རི་རྩེ་ན། །
ཕུ་འབྲོག་པ་ཁྱིམ་ཚང་གསུམ་ཙམ་གདའ། །
ཤ་མར་ཕྱུར་ཟས་ཀྱི་ཡང་རྩེ་རེད། །
འབྲོག་འཚོ་བ་ཇེ་ཡག་ཇེ་སྐྱིད་རེད། །
རི་འཛོམས་གསུམ་འཛོམས་པའི་མཐོང་དབྱིངས་སུ། །
བྱ་ཐང་དཀར་མཁོ་ལག་རྩལ་དགུ་ངོམས། །
གཤོག་རྩལ་དགུའི་ཁ་ལོ་གངས་རིར་བསྒྱུར། །
བོད་གངས་ཅན་ཚོགས་གཉིས་རྒྱས་སེ་རྒྱས། །
ང་དང་ལྷ་བྱ་གོང་མོ།
ང་དང་ལྷ་བྱ་གོང་མོའི། །
འཁྲུངས་ས་བོད་ཡུལ་ཡིན་པས། །
མཛའ་ཞེན་ཕྱི་ཐག་རིང་མོ། །
གངས་རིའི་ལྗོངས་ལ་བསྲིངས་ཡོད། །
ང་དང་ལྷ་བྱ་གོང་མོའི། །
མཁོ་ལག་བོད་དུ་རྒྱས་པས། །
ལུས་ངག་ཡིད་ཀྱི་མཆོད་པ། །
གངས་རིའི་ལྗོངས་ལ་འཕུལ་ཡོད། །
ང་དང་ལྷ་བྱ་གོང་མོའི། །
ལས་དབང་བོད་དང་འབྲེལ་བས། །
དབྱངས་རྟ་སྙན་མོའི་འགྱུར་ཁུག །
གངས་རིའི་ལྗོངས་ལ་འཕེན་འགྲོ། །
ང་དང་ལྷ་བྱ་གོང་མོའི། །
གཤོག་ཟུང་བོད་དུ་རྫོགས་པས། །
རང་ལུས་གཤོག་རྩལ་ངོམས་ས། །
གངས་ལྗོངས་ནམ་མཁའ་སྔོན་མོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com