རྣམ་གླིང་རིན་ཆེན་གྱི་གཞས་ཚིག་ཕྱོགས་བསྒྲིགས། ༣
ཕ་སེམས་འཁོར་སའི་བུ་ཆུང་།
ཧིན་ཧིན་ངུ་སྒྲ་སྒྲོག་བཞིན། །
བུ་ཁྱོད་ཕ་ལ་གནང་བྱུང་། །
ལྷ་དང་དཀོན་མཆོག་དྲིན་གྱིས། །
ཕ་བུའི་ལས་དབང་ཐོབ་བྱུང་། །
ཁྱེད་ཀྱི་ངུ་སྒྲ་ཐོག་མ། །
ཕ་ཡི་སེམས་ལ་ཟུག་སོང་། །
འཛུམ་མདངས་རྣལ་མའི་དགོད་སྒྲ། །
ཕ་ཡི་སྙིང་ཁར་བཞད་སོང་། །
རྒྱང་རིང་ཨ་ཕའི་སེམས་པ། །
ཁྱེད་ཀྱི་ཕྱོགས་ལ་བསྲིངས་ཡོད། །
ལུས་ངག་ཡིད་ཀྱི་དྲན་པ། །
བུ་ཆུང་ཁྱེད་ལ་བཏང་ཡོད། །
ཡངས་པའི་འཇིག་རྟེན་ཆེན་མོར། །
དཀའ་བ་ཁྲི་ཕྲག་མྱངས་ཡོད། །
བུ་ཆུང་ཁྱེད་ཉིད་རིག་ན། །
སྡུག་བསྔལ་མཐའ་དག་བརྗེད་འགྲོ། །
བུ་ཆུང་ཁྱེད་ཀྱི་སླད་དུ། །
དཀའ་བ་འཛུམ་གྱིས་བསུས་ཡོད། །
ཁྱེད་ལ་བར་ཆད་མེད་པའི། །
སྨོན་ལམ་སྙིང་ནས་བཏབ་ཡོད། །
བུ་ཆུང་སྤྱན་མིག་ཧྲིག་ཧྲིག །
དབྱངས་གསལ་གྲོགས་ལ་འགྲོགས་ནས། །
རང་རིགས་རིག་གནས་གནས་ལ། །
འབད་པ་ལྷུར་ལེན་གནང་དང་། །
མི་ལ་ཤེས་རིག་ལྡན་དགོས། །
མེས་པོའི་ལོ་རྒྱུས་ཤེས་དགོས། །
ཤེས་བྱ་ཡོན་ཏན་འཛོམས་ན། །
མི་ཡི་རྒྱན་ཆ་འདི་ཡིན། །
ཆུང་འདྲིས།
རྒྱང་རིང་རྩྭ་ཐང་སྟེང་གི །
ཆུང་འདྲིས་མེ་ཏོག་ལྷ་མཛེས། །
ཁྲ་ཆུང་ཟུར་མིག་མ་འཕེན། །
བུ་ངའི་སེམས་པ་བཀུག་འགྲོ། །
བུ་མོར་བརྩེ་དུང་ཡོད་ན། །
གཟི་བྱུར་སེམས་རྟེན་མི་དགོས། །
གཡོ་ཟོལ་བཅོས་མ་མིན་པའི། །
སེམས་པ་དམར་པོས་ལོས་ཆོག །
གནས་སྐབས་ཆུང་འདྲིས་ཟེར་བ། །
གང་ནས་བཙལ་ཀྱང་ཆོག་མོད། །
ཚེ་གཅིག་གཏན་འགྲོགས་བྱུང་ན། །
སེམས་པའི་ནང་སྙིང་བསྟན་ཆོག །
ཕྱི་ལུས་མེ་ཏོག་ལྟ་བུའི། །
ནང་སེམས་གཙང་མ་བྱུང་ན། །
མི་ཚེའི་འགྲུལ་བཞུད་རིང་མོར། །
སེམས་པ་སེམས་ཀྱིས་གཏད་ཆོག །
དུས་བཞིའི་དྲན་འཆར།
དཔྱིད་ཀྱི་དྲོད་རླུང་བསིལ་བསིལ། །
ས་གཞིའི་ཁྱོན་ལ་ལྡང་བས། །
ནོར་འཛིན་སྒེག་མོའི་བཞིན་རས། །
ང་ཡི་སྙིང་ཁར་བཞད་བྱུང་། །
དབྱར་གྱི་འབྲུག་སྒྲ་ངར་མས། །
ཆར་བ་ཤག་ཤག་དྲངས་བྱུང་། །
ཁ་དོག་སྣ་ལྔའི་མེ་ཏོག །
མིག་གི་རྒྱན་དུ་འཆར་བྱུང་། །
སྟོན་གསུམ་སྙེ་མའི་རྦ་རླབས། །
ལང་ལོང་སེམས་ལ་གཡོ་དུས། །
འབྲུ་རིགས་སྣ་ལྔའི་ལོ་ཏོག །
འབྲས་བཟང་སྨིན་དེ་སྐྱིད་བྱུང་། །
དགུན་གསུམ་ཁ་བ་དཀར་བོ། །
གངས་རིའི་ལྗོངས་ལ་བབས་དུས། །
བོད་མིའི་གངས་དཀར་སེམས་པ། །
དབང་མེད་སེམས་ལ་དྲན་བྱུང་། །
རྒྱང་རིང་གི་ཕ་མ།
ཕ་ཡི་རུས་པ་དཀར་བོ། །
མ་ཡི་ཤ་ཁྲག་དམར་བོ། །
ཤ་རུས་གནང་བའི་དྲིན་ཆེན། །
རྒྱང་རིང་ཡུལ་དུ་ལུས་སོང་། །
མི་གཙང་སྐྱག་གཅིན་འབྱིད་ཞོར། །
ཁ་ལ་འོ་ཞོ་དྲངས་ཞོར། །
ཤ་རྡོག་ཆུང་ངུ་ཞིག་ནས། །
སེམས་དང་སེམས་པས་བསྐྱངས་བྱུང་། །
ནོར་གནག་རྨིག་རྗེས་དེད་པའི། །
རྫི་བོའི་ལས་ལ་མ་བསྐུལ། །
ཀ་མད་དབྱངས་རྟ་འཐེན་པའི། །
སློབ་གཉེར་ལམ་བུར་བརྫངས་བྱུང་། །
ང་ཡི་བུ་ཆུང་ཟེར་བཞིན། །
བུ་ཆུང་སྙིང་ལ་བཞག་བྱུང་། །
མ་ཎི་ཡིག་དྲུག་ཇི་བཞིན། །
བུ་ཆུང་ངག་ནས་འདོན་གིས། །
བུ་ཆུང་རང་མགོ་ཐོན་དུས། །
ཕ་མ་རྒྱང་དུ་ལུས་སོང་། །
བུ་ཆུང་དྲན་པའི་གདུང་བས། །
དབུ་སྐྲ་དཀར་བོར་གྱུར་འདུག །
རྒྱང་རིང་དྲིན་ཆེན་ཕ་མ། །
འཇིག་རྟེན་མི་ཡི་སྐྱབས་མགོན། །
ཚེ་གཅིག་ལུས་གཅིག་ལང་ཚོ། །
བུ་ཆུང་དོན་དུ་སྟོང་སོང་། །
མི་ཚེ།
འདུ་འཛི་ཟང་ཟིང་ཀློང་དུ། །
ལྷིང་འཇགས་འཚོ་བ་མིན་འདུག །
སེམས་ལ་ཞི་བདེ་བྱུང་ན། །
བདེ་སྐྱིད་ཅེས་པ་འདི་ཡིན། །
བང་མཛོད་ནོར་གྱིས་བཀང་ཡང་། །
སེམས་ལ་ཡི་དྭགས་ཞུགས་སོང་། །
ནོར་གྱི་བྲན་གཡོག་ཆགས་དུས། །
རྒྱུ་ལ་སྙིང་པོ་མིན་འདུག །
ཕྱི་ཡི་རྒྱན་ཆ་ཟེར་བ། །
དབྱར་གསུམ་དུས་ཀྱི་མེ་ཏོག །
སེམས་ལ་སྙིང་རྗེ་འཆང་ན། །
འདི་ཕྱིའི་མཛེས་པ་འདི་ཡིན། །
སྐྲ་ལོར་མེ་ཏོག་བརྒྱན་ཡང་། །
ཕྱི་ཚུལ་རྣམ་པ་ཙམ་རེད། །
ཀླད་པའི་ནང་གི་ཡོན་ཏན། །
འཇིག་རྟེན་མི་ཡི་རྒྱན་ཡིན། །
འདོད་སྲེད་ཆགས་ཞེན་མ་གནང་། །
འདོད་ཆུང་མཆོག་ཤེས་གནོངས་དང་། །
སེམས་པ་ལྷོད་ལ་འབབ་ན། །
བདེ་སྐྱིད་ཅེས་པ་འདི་ཡིན། །
ཕ་ཡུལ་དྲན་གླུ།
རང་ཡུལ་རི་གྲོང་བཞག་ནས། །
གཞན་ཡུལ་གདོང་གིས་བསུས་ཡོད། །
འཇིག་རྟེན་ལྷ་ཡུལ་འདྲ་ཡང་། །
སེམས་ལ་དྲོ་སྐྱིད་མིན་འདུག །
ཨེ་མ། ང་ཡི་ཕ་ཡུལ།
ཨེ་མ། ང་ཡི་ཕ་མ།
མ་འོངས་མི་ཚེའི་སླད་དུ། །
ཕ་མ་རྒྱང་དུ་ལུས་སོང་། །
ལོ་ཟླའི་ཆ་ཤས་རེ་རེ། །
འགྱོད་གདུང་ཀློང་དུ་ཟད་སོང་། །
གཞན་ཡུལ་མི་ཡི་ལུང་པ། །
རང་ཡུལ་ཡིན་ན་དགའ་བ། །
དྲིན་ཆེན་ཕ་མའི་བཀའ་དྲིན། །
མཇལ་རྒྱུ་བྱུང་ན་སྐྱིད་པ། །
ཨེ་མ། ང་ཡི་ཕ་ཡུལ།
ཨེ་མ། ང་ཡི་ཕ་མ།
དཀའ་སྡུག་མི་ཚེའི་ལམ་བུ། །
དྲག་ཆར་གདོང་གིས་བསུས་སོང་། །
བུ་ཆུང་བདེ་སྐྱིད་ཆེད་དུ། །
ལང་ཚོའི་འདབ་མ་རྙིད་སོང་། །
བུ་ང་གང་འགྲོའི་ས་ལ། །
ཕ་ཡུལ་བརྗེད་ཐབས་མིན་འདུག།
རང་ཡུལ་ལུང་པ་ཆུང་ཆུང་། །
བུ་ངའི་སེམས་ཀྱི་དྲན་ཤིང་། །
ཨེ་མ། ང་ཡི་ཕ་ཡུལ།
ཨེ་མ། ང་ཡི་ཕ་མ།
ཁྲ་ཆུང་མིག་གིས་འཚོལ་ས། །
བུ་ཆུང་ང་ལས་མིན་འདུག །
ཡ་ཆུང་སེམས་ཀྱིས་གླན་ས། །
སྙིང་གི་བུ་ཆུང་ང་རེད། །
ཨེ་མ། ང་ཡི་ཕ་ཡུལ།
ཨེ་མ། ང་ཡི་ཕ་མ།
ཚེ་གཅིག་ལུས་གཅིག་ལང་ཚོ། །
བུ་ངའི་དོན་དུ་སྟོང་སོང་། །
བུ་ལ་བདེ་སྐྱིད་བྱུང་ན། །
ཕ་མའི་བསམ་དོན་བསྒྲུབས་སོང་། །
བུ་ལ་བདེ་སྐྱིད་བྱུང་ན། །
ཕ་མའི་བསམ་དོན་བསྒྲུབས་སོང་། །
གྲོང་གསེབ་བུ་མོ།
ཞིང་ལ་ལོ་ཏོག་སྨིན་བྱུང་། །
སྙེ་མའིོ་རྦ་རླབས་ཤིག་ཤིག །
གྲོང་གསེབ་བུ་མོའི་གདོང་ནས། །
དགའ་བའི་མེ་ཏོག་བཞད་བྱུང་། །
ཡེ། གྲོང་གསེབ་བུ་མོ།
ཞིང་ཐང་གྲུ་བཞིའི་ཁྱོན་དུ། །
བུ་མོའི་རྐང་རྗེས་ཕབ་འདུག །
རྣང་མ་རེ་རེའི་ཀློང་དུ། །
མིག་ཆུ་རེ་རེ་འཐོར་སོང་། །
ཡེ། གྲོང་གསེབ་བུ་མོ།
སྔས་མགོ་ཐབ་ལ་བཅས་ཡོད། །
སྔས་གཞུག་ཞིང་ལ་བསྲིངས་ཡོད། །
བུ་མོའི་ལས་ཀྱི་རྨུ་ཐག །
ཞིང་ཐང་གྲུ་བཞིར་འཐེན་ཡོད། །
ཡེ། གྲོང་གསེབ་བུ་མོ།
བཅུ་དྲུག་ལང་ཚོའི་མེ་ཏོག །
པད་ཀའི་མེ་ཏོག་འདྲ་བྱུང་། །
ནམ་ཟླ་དགུན་ལ་མ་ཐོན། །
མེ་ཏོག་འདབ་མ་རྙིད་སོང་། །
ཡེ། གྲོང་གསེབ་བུ་མོ།
བྱུ་རུ་དམར་པོ།
ཕ་མེས་ཡང་མེས་བརྒྱུད་པའི། །
བྱུ་རུ་དམར་པོའི་མགུལ་རྒྱན། །
དམར་ཆུང་སེམས་པ་མཚོན་བྱེད། །
ཆུང་གྲོགས་ཁྱེད་ལ་ཕུལ་ཡོད། །
བྱུ་རུ་དམར་པོའི་ཁོག་ཏུ། །
ཨ་ཕའི་སྨོན་འདུན་བསྟིམས་ཡོད། །
ལྷད་མེད་བརྩེ་བ་དྭངས་མ། །
བུ་མོའི་སྙིང་ཁར་གཏད་ཡོད། །
བྱུ་རུ་དམར་པོའི་སེམས་རྟེན། །
བུ་མོའི་མགུལ་ལ་བསྒྲོན་ཡོད། །
བུ་མོ་དུང་སེམས་ཅན་མོ། །
བརྩེ་བ་སེམས་ནས་མ་བོར། །
བརྩེ་བའི་དུང་སེམས་ཟབ་མོ། །
བྱུ་རུའི་རྒྱན་ལ་བཅོལ་ཡོད། །
བྱུ་རུར་གས་ཆག་མེད་པ། །
བུ་མོས་གནང་རོགས་གནོངས་དང་། །
ང་ཡི་ཆུང་གྲོགས་ལོ་ལོ། །
མཁུར་ཚོས་བྱུ་རུ་འདྲ་བོི། །
བྱུ་རུ་བོར་དུ་མ་བཅུག།
གཞོན་པའི་སེམས་པ་བཅུག་ཡོད། །
བྱུ་རུ་དམར་པོའི་མགུལ་རྒྱན། །
གང་ནས་ཉོས་ཉོས་ཡིན་ཡང་། །
སྙིང་གི་ཁྲག་དམར་བཞུར་བའི། །
བརྩེ་བ་ཉོ་ཐབས་མིན་འདུག །
དྲིན་ཨ་ཕ་རྒྱབ་རི་སྨུག་པོ་རེད།
དྲིན་ཆེན་ཕ་ལོའི་ཞལ་རས། །
རྒྱབ་རི་སྨུག་པོ་འདྲ་བྱུང་། །
བཞིན་ལ་འཛུམ་མདངས་མེད་ཀྱང་། །
ཕ་ཁྱིམ་བཙན་པོར་སྲུང་ཡོད། །
དྲིན་ཆེན་ཕ་ལོའི་ཡིད་ངོར། །
འཇའ་འོད་དཀྲིག་རྒྱུ་མེད་ཀྱང་། །
དཔྲལ་བའི་གཉེར་རིས་རེ་རེར། །
ཁྱིམ་གྱི་དཀའ་སྡུག་ཐིམས་ཡོད། །
དྲིན་ཆེན་ཕ་ལོའི་ཞལ་ནས། །
སྙན་པོའི་གསུང་སྐད་མེད་ཀྱང་། །
དཀའ་སྡུག་འཕྲང་ལམ་རིང་མོར། །
ངལ་ན་ལྷོད་ཀྱིས་བསྙེས་ཆོག།
ཨ་ཕ་བཀའ་དྲིན་ཅན་པོ། །
བུ་ངའི་རྒྱབ་རི་སྨུག་པོ། །
ཉི་འོད་འཕྲོ་རྒྱུ་མེད་ཀྱང་། །
དྲོད་ཁོལ་གཞན་ལས་ལྷག་པ། །
རྒྱབ་རི་ཡོམ་པ་མ་གནང་། །
བརྟན་དུ་ལྷིང་ངེར་བཞུགས་རོགས། །
བུ་ངའི་སེམས་ཀྱི་འཁར་བ། །
རྒྱབ་རིའི་གཞུང་ལ་བཙུགས་ཡོད། །
ཨ་ཕར་བར་ཆད་མེད་ན། །
རྒྱབ་རི་སྔར་བས་བརྟན་པ། །
གཞིས་ཁྱིམ་དྲོན་མོའི་མཁར་རྫོང་། །
རྒྱབ་རི་ལས་ཀྱང་མཐོ་བ། །
ཨེ། ང་ཡི་དྲིན་ཆེན་ཕ་ལོ།
ཨེ། ང་ཡི་དྲིན་ཆེན་ཕ་ལོ།
བུ་ངའི་སྙིང་ཁར་ཆགས་པའི། །
བརྗིད་ཆགས་རྒྱབ་རི་སྨུག་པོ། །
ཁང་པ་ཀ་བཞི་གདུང་བརྒྱད།
ཁང་པ་ཀ་བཞི་གདུང་བརྒྱད།
རྩིག་རྨང་རྡོ་ལ་བཅོལ་ཡོད། །
རྡོ་ལ་གས་ཁ་མེད་ན། །
ཉམས་བཟང་གཞན་ལས་དོད་པ། །
ཁང་པ་ཀ་བཞི་གདུང་བརྒྱད།
ཐོག་ཁར་དར་ཚོན་སྣ་ལྔ། །
བར་ལ་བཀྲ་ཤིས་རྟགས་བརྒྱད། །
ནང་ལ་མཐུན་པ་སྤུན་བཞི། །
ཁང་པ་ཀ་བཞི་གདུང་བརྒྱད།
གདོང་དམར་བོད་པའི་ཁྱིམ་གཞིས། །
བཞུགས་གྲལ་མི་བུ་འཛོམས་དུས། །
ཉམས་བཟང་གཞན་ལས་དོད་པ། །
ཁང་པ་ཀ་བཞི་གདུང་བརྒྱད།
མི་རྒྱུད་གཙང་མའི་ཕ་ས། །
རིགས་རུས་ཉམས་པ་མེད་པའི། །
བཀྲ་ཤིས་ཁ་གཡང་འབོད་དོ། །
ཁང་པ་ཀ་བཞི་གདུང་བརྒྱད།
རྩེ་མོ་མཁའ་ལ་བཅོལ་ཡོད། །
མཁའ་ལ་འཇའ་ཚོན་དཀྲིགས་དུས། །
ཉམས་བཟང་གཞན་ལས་དོད་པ། །
ཁང་པ་ཀ་བཞི་གདུང་བརྒྱད།
ཁང་བཀྲག་གཞན་ལས་དོད་པ། །
ཀ་བར་འགྱུར་བ་མེད་ན། །
ཉམས་བཟང་གཞན་ལས་དོད་པ། །
ཁང་པ་ཀ་བཞི་གདུང་བརྒྱད།
མ་ཎིའི་ཆོས་དབྱངས་ལྷང་ལྷང་། །
མི་ནོར་ཕྱུགས་གསུམ་འཕེལ་དུས། །
ཉམས་བཟང་གཞན་ལས་དོད་པ། །
མི་ནོར་ཕྱུགས་གསུམ་འཕེལ་དུས། །
ཉམས་བཟང་གཞན་ལས་དོད་པ། །
ཆུ་དེ་རྒྱལ་མོ་རྔུལ་ཆུ།
ཆུ་དེ་རྒྱལ་མོ་རྔུལ་ཆུ།
ཕར་ལ་ཤིག་ཙམ་གནང་དང་། །
བདག་གི་དྲིན་ཆེན་ཕ་མའི། །
ཞལ་རས་ཡིད་ལ་འཁོར་བྱུང་། །
དྲན་བྱུང་ལགས། དྲན་བྱུང་།
ཉིན་མཚན་མེད་པར་དྲན་བྱུང་།
དྲན་བྱུང་ལགས། དྲན་བྱུང་།
ལུས་ངག་ཡིད་ཀྱིས་དྲན་བྱུང་།
ཆུ་དེ་རྒྱལ་མོ་རྔུལ་ཆུ།
ཤང་ཤང་སྐད་སྒྲ་མ་སྒྲོག།
དྲིན་ཆེན་ཕ་མའི་གསུང་སྐད། །
རྣ་བར་ལྷང་ལྷང་གྲགས་བྱུང་། །
དྲན་བྱུང་ལགས། དྲན་བྱུང་།
ལུས་སེམས་གཉིས་ཀས་དྲན་བྱུང་།
དྲན་བྱུང་ལགས། དྲན་བྱུང་།
སྐད་ཅིག་ཉིད་དུ་དྲན་བྱུང་།
ཆུ་དེ་རྒྱལ་མོ་རྔུལ་ཆུ།
ཕ་ཡུལ་ཕྱོགས་ལ་བཞུར་དང་།
ཕ་མའི་སྤུན་མཆེད་ཕྱོགས་ལ།
ཁམས་བདེའི་འཚམས་འདྲི་བསྣམས་རོགས།
དྲན་བྱུང་ལགས། དྲན་བྱུང་།
དབྱར་དགུན་སྟོན་དཔྱིད་དྲན་བྱུང་།
དྲན་བྱུང་ལགས། དྲན་བྱུང་།
གློ་སྙིང་མཆིན་པས་དྲན་བྱུང་།
ཆུ་དེ་རྒྱལ་མོ་རྔུལ་ཆུ།
རྒྱུན་ཐག་རིང་བ་མ་གནང་། །
དྲིན་ཆེན་ཕ་མའི་ངང་རྒྱུད། །
སྔོན་མོའི་ཆུ་ལས་རིང་བ། །
དྲན་བྱུང་ལགས། དྲན་བྱུང་།
སྙིང་གི་དཀྱིལ་ནས་དྲན་བྱུང་།
དྲན་བྱུང་ལགས། དྲན་བྱུང་།
མིག་ཟུང་ཀློང་ནས་དྲན་བྱུང་།
ཆུ་དེ་རྒྱལ་མོ་རྔུལ་ཆུ།
ཕ་མའི་རྔུལ་ཆུ་ཨེ་ཡིན།
བུ་ཆུང་ཕ་མ་དྲན་པའི།
གདུང་བ་ཆུ་ལ་བཅོལ་ཡོད།
ཆུ་དེ་རྒྱལ་མོ་རྔུལ་ཆུ།
བུ་ངའི་མིག་ཆུ་ཨེ་ཡིན།
ཕ་མའི་དྲན་པའི་མིག་ཆུ།
མིག་ཆུ་ཆུ་ལ་འདྲེས་སོང་།
དྲན་བྱུང་ལགས། དྲན་བྱུང་།
དྲིན་ཆེན་ཕ་མ་དྲན་བྱུང་།
དྲན་བྱུང་ལགས། དྲན་བྱུང་།
ཉིན་མཚན་མེད་པར་དྲན་བྱུང་།
བཀྲ་ཤིས་ཆུ་ཕུད།
བཀྲ་ཤིས་ལུང་པའི་ཕུ་ལ། །
བཀྲ་ཤིས་ཆུ་མིག་འཁྲུངས་སོང་། །
ཨ་མའི་ནུ་ཞོ་འདྲ་བའིོ། །
གསེར་གྱི་ཆུ་མོ་ཡིན་ནོ། །
བཀྲ་ཤིས་ལུང་པའི་ཕུ་ལ། །
བཀྲ་ཤིས་ཆུ་ཞིག་རྒྱུགས་བྱུང་། །
པདྨ་འབྱུང་གནས་མཆོག་གིས། །
གནངས་བའི་སྒྲུབ་ཆུ་ཡིན་ནོ། །
བཀྲ་ཤིས་ལུང་པའིོ་ཕུ་ལ། །
བཀྲ་ཤིས་ཆུ་མིག་བརྡོལ་བྱུང་། །
འགྲོ་དྲུག་སྡུག་བསྔལ་འདྲེན་པའི། །
བདུད་རྩིའི་ལྷ་ཆབ་ཡིན་ནོ། །
བཀྲ་ཤིས་ཆུ་ཕུད་དང་པོ། །
དཀོན་མཆོག་གསུམ་ལ་ཕུལ་ལོ། །
མཆོག་གསུམ་བླ་མའི་ཕྱོགས་ལ། །
དད་པའི་ལྷ་ཆབ་དྲངས་ལོ། །
བཀྲ་ཤིས་ཆུ་ཕུད་གཉིས་པ། །
དྲིན་ཆེན་ཕ་མར་ཕུལ་ལོ། །
ཕ་མ་བཀའ་དྲིན་ཅན་གྱི། །
ལུས་སེམས་སྡུག་བསྔལ་སེལ་ཤོག།
བཀྲ་ཤིས་ཆུ་ཕུད་གསུམ་པ། །
སྙིང་གི་སྐྱ་ཡར་ཕུལ་ལོ། །
འོ་ཆུ་ལྟ་བུའི་བརྩེ་བ། །
རྡོ་རྗེ་བྲག་ལས་བརྟན་ཤོག།
བཀྲ་ཤིས་ཆུ་ཕུད་བཞི་པ། །
ཁ་བའི་ལྗོངས་ལ་ཕུལ་ལོ། །
གངས་ཅན་ཁ་བའི་ཞིང་ཁམས། །
དབུ་འཕང་གངས་ལས་མཐོ་ཤོག།
ཨ་ཕའི་དབུ་སྐྲ།
རྒྱང་རིང་རིོ་གྲོང་ཡུལ་ལ། །
ཁ་བ་ལྷབ་ལྷུབ་བབས་བྱུང་། །
དྲིན་ཆེན་ཕ་ལོའི་དབུ་སྐྲ། །
དཀར་པོའི་དུང་ལ་གྱུར་སོང་། །
ལོ་དང་ཟླ་བའི་ཆོམ་རྐུན། །
ཨ་ཕའི་ལང་ཚོ་མ་འཕྲོག།
སྐྲ་རྐང་རེ་རེའི་གསེབ་ན། །
དུང་སེམས་རེ་རེ་འཁྲུངས་ཡོད། །
བུ་ཆུང་གསོ་སྐྱོང་སླད་དུ། །
དཀའ་བ་ཁྲི་ཕྲག་མྱངས་ཡོད། །
ཚེ་གཅིག་ལུས་གཅིག་ལང་ཚོ། །
བུ་ཡི་དོན་དུ་སྟོང་སོང་། །
ཨ་ཙི། ང་ཡི་དྲིན་ཆེན་ཨ་ཕ།
གནག་སྣུམ་སྐྲ་ལོའི་འདབ་མ། །
ལོ་ཟླའི་སད་ཀྱིས་བཅོམ་སོང་། །
བུ་ཆུང་སྐྱོ་བའི་གདུང་བས། །
མིག་ཆུས་སེམས་པ་བརླན་སོང་། །
ཕ་ལོ་དུང་སེམས་ཅན་པོ། །
བུ་ངའི་མི་ཚེའི་མགོན་སྐྱབས། །
གཉེར་རིས་རེ་རེའི་ཀློང་དུ། །
མི་ཚེའི་དཀའ་སྡུག་བསྟིམས་ཡོད། །
བུ་ཆུང་རང་མགོ་ཐོན་དུས། །
ཨ་ཕ་རྒྱང་དུ་ལུས་སོང་། །
བུ་ཆུང་དྲན་པའི་གདུང་བས། །
མིག་ཟུང་རྒྱང་ལ་ཅེར་སོང་། །
དྲིན་ཆེན་ཨ་ཕའི་སེམས་པ། །
བུ་ཡི་ཕྱོགས་ལ་ཤོར་སོང་། །
མི་ཚེ་མ་རྫོགས་བར་དུ། །
བུ་ཆུང་སེམས་ཀྱིས་གླན་སོང་། །
ནམ་མཁའི་བླ་མ་དཀོན་མཆོག།
བྱམས་དང་སྙིང་རྗེ་བསྒོམ་ནས། །
ཕ་ཡི་ཚེ་མཇུག་མི་ཚེར། །
བདུད་རྩིའི་སྦྲང་ཆར་དབབ་རོགས། །
ཟླ་འོད་འོག་གི་ཆུང་འདྲིས།
མཚན་མོ་ནམ་མཁའི་དབྱིངས་ནས། །
དཀར་གསལ་དུང་ཟླ་འཛུམ་དུས། །
ཆུང་འདྲིས་སེམས་ཀྱི་སྐྱ་ཡ། །
ཡིད་ལ་ལྷང་ལྷང་དྲན་བྱུང་། །
དྲན་པའི་ལོ་ཟླ་རིང་མོ། །
མ་འགྱུར་སེམས་ལ་བཅངས་ཡོད། །
སྒོར་སྒོར་ཟླ་བ་མཐོང་དུས། །
ཁྱེད་ཞལ་ཡིད་ལ་ཤར་བྱུང་། །
ཆུང་འདྲིས་དཀར་གསལ་ཟླ་བའི། །
ཞལ་རས་ཡིད་ལ་འཁོར་དུས།།
ང་ཡི་སེམས་པ་ཕྲ་མོ། །
ཟླ་བའི་ཕྱོགས་ལ་ཤོར་སོང་། །
དཀར་གསལ་ཟླ་བ་གཞོན་ནུ། །
མ་འགྱུར་དབྱིངས་སུ་བཞུགས་རོགས། །
ང་སེམས་མེ་ཏོག་ཀུ་མུད། །
ཞལ་ཁ་ཁྱེད་ལ་ཕྱེས་ཡོད། །
ཁྱེད་སེམས་ཟླ་བ་དཀར་པོ། །
ནག་ནོག་སྤྲིན་པས་མ་བསྒྲིབས། །
ང་སེམས་མུན་པ་སེལ་མཁན། །
ཁྱེད་ལས་ལྷག་པ་མིན་འདུག །
ཟླ་བ་ཟླ་བ་མ་ཟེར། །
ཆུང་འདྲིས་ཡིད་ལ་དྲན་བྱུང་། །
ཟླ་འོད་འོག་གི་ཆུང་འདྲིས། །
ཡིད་ལ་ལྷང་ལྷང་དྲན་བྱུང་། །
དབྱར་ཁ་སླེབས་སོང་མ་ཟེར།
སིམ་སིམ་སྦྲང་ཆར་བབས་དུས། །
རྩི་ཤིང་མེ་ཏོག་བཀྲ་བྱུང་། །
སྔོ་ལྗང་གཡུ་ལོ་མཐོང་དུས། །
དབྱར་ཁ་སླེབས་སོང་མ་ཟེར། །
ཡུན་རིང་སེམས་ལ་ཉར་བའི། །
ཆུང་འདྲིས་ཡིད་འོང་ལྷ་མཛེས། །
ད་དུང་ཡུལ་ལ་མ་ཐོན། །
སེམས་ལ་དབྱར་ཁ་མིན་འདུག །
འབྲུག་སྐད་ལྡིར་ལྡིར་གྲགས་བྱུང་། །
རྨ་བྱ་དགའ་བས་མྱོས་སོང་། །
ཆུང་འདྲིས་ཁུ་བྱུག་སྔོན་མོའི། །
གསུང་སྐད་ཐོས་རྒྱུ་མིན་འདུག།
སྤང་ལ་མེ་ཏོག་བཀྲ་བྱུང་། །
བྱེའུ་ཆུང་གསུང་སྐད་སྙན་བྱུང་། །
པད་ཁའི་མེ་ཏོག་མཐོང་བས། །
དབྱར་ཁ་སླེབས་སོང་མ་ཟེར།
མི་ཚེ་གཅིག་གི་སྐྱ་ཡ། །
སེམས་ལ་བཞད་པའི་མེ་ཏོག །
ཆུང་འདྲིས་གང་ཡོད་ས་ལ། །
ཁ་བ་བབས་ཀྱང་དབྱར་རེད། །
སེམས་ལ་སོང་བའི་བུ་མོ། །
ཁུ་བྱུག་མོན་ལ་ཕེབས་འདྲ། །
དབྱར་ཁ་མཛེས་པས་བཀང་ཡང་། །
སེམས་ལ་ཁ་བ་བབས་བྱུང་། །
བུ་མོ་ཚེ་རིང་མཚོ་མོ།
བུ་མོ་ཚེ་རིང་མཚོ་མོས། །
དཀར་ཡོལ་འབྲུག་རིས་ནང་ལ། །
འབྲི་མོའི་འོ་ཇ་བླུགས་བྱུང་། །
འོ་ཇ་འཐུང་བཞིན་འཐུང་བཞིན། །
ལུས་ལ་དྲོད་ཁོལ་རྒྱས་བྱུང་། །
འོ་ཇ་ཞིམ་པ་མ་ཡིན། །
བརྩེ་དུང་མངར་བས་ལོས་ཡིན། །
བུ་མོ་བརྩེ་འདང་ཅན་གྱི། །
དྲོད་ཁོལ་ལྷག་བསམ་དྲན་པས། །
ང་སེམས་བདེ་བས་བཟི་སོང་། །
བུ་མོ་ཚེ་རིང་མཚོ་མོ ། །
དབྱར་གསུམ་སྤང་གི་མེ་ཏོག།
སྤང་ལ་མེ་ཏོག་བཀྲ་དུས། །
ཚེ་རིང་མཚོ་མོའི་འཛུམ་ཞལ། །
ང་ཡི་སྙིང་ཁར་བཞད་བྱུང་། །
ཡེ། བུ་མོ་ཚེ་རིང་མཚོ་མོ།
ཡེ། ངུ་མོ་ཚེ་རིང་མཚོ་མོ།
ལྷ་ཤིང་ཤུག་པ་འདྲ་བའི། །
བརྩེ་སེམས་ཁྱེད་ལ་ཡོད་ན། །
གངས་དཀར་རི་བོ་བཞིན་གྱི། །
ང་སེམས་དར་དཀར་རིང་མོ། །
ཁྱེད་ཀྱི་ཕྱོགས་ལ་བསྲིངས་འདོད། །
འོ་ཇ་དྲོན་མོ་འཐུང་དུས། །
ཚེ་རིང་མཚོ་མོ་དྲན་བྱུང་། །
འོ་ཇ་ལས་ཀྱང་ཞིམ་པའི། །
ཚེ་རིང་མཚོ་མོའི་བརྩེ་བ། །
མི་འགྱུར་སེམས་ལ་བཅངས་ཡོད། །
ཚེ་རིང་མཚོ་མོའི་བརྩེ་བ། །
མཚོ་མོ་ལས་ཀྱང་ཟབ་པ། །
མཚོ་མོར་དར་ཁ་མ་བསྒྲིབས། །
ཉ་ཆུང་གཤོག་རྩལ་ངོམས་ནས། །
ཁྱེད་ཀྱི་མཚོ་ཁར་འཛོམས་ཡོང་། །
ཟུར་བཤད། རྒྱ་ཆེའི་གླུ་པ་གླུ་མ་ཚོར་གོང་གི་གཞས་ཚིག་ཁྲོད་ནས་མཁོ་མཁན་བྱུང་ཚེ། རིན་མེད་དུ་དབུལ་རྒྱུ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com