ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《དཔྱིད་ཤར་མེ་ཏོག་བཞད》།
སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《དཔྱིད་ཤར་མེ་ཏོག་བཞད》།
རྩོམ་པ་པོ།:སྙིང་མོ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-07-26 10:34:00
ཀློག་གྲངས།:
དཔྱིད་ཤར་མེ་ཏོག་བཞད།
ཧྲའོ་ལིས་ཀྱིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར(བོད་ལྗོངས་ལྷ་ས)།
ལངས་ནས་ཡི་གེ་འབྲི་དུས། རླུང་བུས་ཁོའི་རྐང་པར་བྱིལ་བྱིལ་བྱས་པ་ན། ཁྱིས་ཀྱང་ལད་མོ་བྱས་ནས་བྱིལ་བྱིལ་བྱས་བྱུང་། དཔྱིད་ཀྱི་དུས་བཟང་འདིར་ཡོད་ཚད་ཟང་ཟིང་དུ་གྱུར་སོང་། ཟང་ཟིང་ཡོད་ཚད་འདིས་བདེ་སྐྱིད་ལ་རྣམ་པ་ཞིབ་ཚགས་ཅིག་ཆགས་སུ་བཅུག་པ་སྟེ། རྒྱ་ཆེ་ཞིང་གཏིང་ཟབ།
དགོང་ཟས་ཟ་དུས། ཁོས་ཧོའེ་ནན་དུ་འགྲོ་རྒྱུར་གཏན་ཁེལ་བྱས་པ་རང་གི་བུར་བཤད། བཟའ་ཟླ་ཚེ་ལས་འདས་རྗེས། བུ་དང་མནའ་མ་གཉིས་ཚུར་ཁོའི་འདུག་རོགས་སུ་ཡོང་ནས་ཉིས་ཐོག་ཏུ་བསྡད་ཡོད། ཁོས་བུ་ལ་བཤད་རྒྱུར“ཁྱོད་ཀྱིས་དེ་རིང་དགོངས་པ་ཞུས་དང་། ནུབ་ལྭ་ཆ་ཚང་ཡག་པོ་ཞིག་ཉོ་རོགས་སུ་འགྲོ་དགོས”ཟེར། སློབ་མ་དང་འབྲེལ་འདྲིས་བྱེད་པར་ནམ་ཡང་ངོ་རྒོལ་བྱེད་པའི་བུས་ལྡབ་བེ་ལྡིབ་བེ་རེ་བཤད་ནས་འགྲོ་འདོད་མི་བྱེད། མནའ་མས“ཨ་ཕ། ཁོས་ལྭ་བ་གདམས་མི་ཤེས་པས་ངས་འགྲོ་རོགས་བྱེད”ཟེར།
ཁོ་རང་མནའ་མ་འདིར་ཡིད་ཧ་ཅང་ཚིམ་ཡོད། ནམ་རྒྱུན་སྐད་ཆ་མང་པོ་མེད་ཀྱང་ཟུར་ཞིག་བསྟན་མ་ཐག་དོན་ཧ་གོ་མཁན་ཞིག་ཡིན། ཁོས་ཀྱང་སྐད་ཆ་དེ་ཤུགས་ནས་མནའ་མར་བཤད་པ་ཡིན་ཏེ། བུས་ཨ་ཕར་ལྭ་བ་ཉོ་རོགས་སུ་འགྲོ་བ་ཞིག་སུས་མཐོང་མྱོང་།
མནའ་མས་རླངས་འཁོར་བཏང་ནས་ཁོ་དང་མཉམ་དུ་གྲོང་ཁྱེར་རུ་ཕྱིན། ཟོག་ཉོ་ལྟེ་བའི་ལྔ་ཐོག་དང་དྲུག་ཐོག་གི་སྐྱེས་པའི་གོས་སྒྲོམ་ཆ་ཚང་བལྟས་རྗེས། བློར་འབབ་པའི་ནུབ་ལྭ་ནག་སྐྱ་ཆ་ཚང་ཞིག་དང་ཀོ་ལྷམ་ནག་པོ་ཞིག་ཉོ་ཐུབ་སོང་།
དེ་ནས་ཁོ་རང་བུ་མོའི་ཁྱིམ་དུ་སོང་། ཁོས་བུ་མོར“ང་རང་ཧོའེ་ནན་དུ་སློབ་མ་ཝང་ཕིན་ཁྲིན་ལ་བལྟ་རུ་འགྲོ་རྒྱུ་ཡིན། སྐྲ་བཞར་ཏེ་ཚོས་བསྒྱུར་དགོས་པས་ང་ལ་འགྲོ་རོགས་བྱས་དང་”ཟེར། བུ་མོས་རྡོ་སྤུང་ཞིག་སྣོག་གིན་འདུག མོས་དེ་དག་གཡང་ཊི་རུ་འབོད། ཡིན་ནའང་ཁོ་རང་ཧ་ཅང་མི་འཐད་དེ། སྐྱེས་བུ་དམ་པ་ནི་འཇམ་ཞིང་མཛེས་པ་གཡང་ཊི་དང་འདྲ་ཟེར་སྲོལ་ཡོད་པས། གལ་ཏེ་རྡོ་འདི་དག་གཡང་ཊི་ཡིན་ན་སྐྱེས་བུ་དམ་པར་བལྟ་སྲོལ་ཡོད་དམ།
བུ་མོས་ལག་གི་སྣོག་བཞིན་པ་དེ་བཞག་རྗེས། ཇ་ལྗང་ཞིག་སྦངས་ནས་འབོལ་ཁྲིའི་སྟེང་བཞག་པ་དང་ཁོའི་ཁ་གཏད་དུ་བསྡད། ཨ་ཕས་མོ་ཚང་གི་ཇ་ཕུ་ཨར་གཏན་ནས་མི་འཐུང་ཏེ། དུས་རྒྱུན་དུ་ལོ་བརྒྱ་ཕྲག་འགའ་འགོར་བའི་སྡོང་རྒན་ཞིག་གི་ལོ་མར་འཚོ་བཅུད་ཡོད་པར་ང་རང་ཡིད་མི་ཆེས་ཟེར།
བུ་མོས་ཁོར་ཇ་ཅུང་ཙམ་འཐུང་དུ་བཅུག་རྗེས་འདྲི་རྒྱུར“སློབ་མ་སུ་རེད། སྔོན་ཆད་ཉིན་རྒྱུན་འུ་ཚང་ལ་རིན་མེད་དུ་ཟ་མ་ཟ་རུ་ཡོང་མཁན། ད་སྐབས་རྫོང་དཔོན་ཡིན་པ་དེ་རེད་དམ”ཟེར།
ཁོས་བུ་མོའི་སྐད་ཆར་ཉན་མ་ཐག ཁོང་ཁྲོས་ཁྲོག་སྒྲ་དང་བཅས་ལག་གི་ཇ་ཕོར་ཅོག་ཙེའི་སྟེང་བཞག་རྗེས“ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་ཅི་རེད”ཟེར།
བུ་མོ་གད་མོ་བགད་བྱུང་། ཁོའི་ལག་རྒྱབ་ལ་རྡེག་ཙམ་བྱས་རྗེས“ཨ་ཕ། ཁོང་ཁྲོ་མ་ལངས། ངའི་ཁ་ལ་ཉོན་དང་། གཏན་ནས་འགྲོ་མི་རུང་”ཟེར།
དགེ་རྒན་ལིའུ་ལགས་ཀྱིས་ཡ་མཚན་དང་བཅས“ཅིའི་ཕྱིར”ཟེར།
བུ་མོས“ད་དུང་ཅིའི་ཕྱིར་ཟེར། ལོ་འདི་འདྲ་མང་པོ་ཞིག་ལ་ཁོ་རང་ཁྱོད་ལ་བལྟ་རུ་ཡོང་མྱོང་མེད། མིས་ཁ་ནས་ལབ་པ་ཙམ་དེ་ཁྱོད་ཀྱིས་ངོ་མ་རེད་འདོད་དམ། ཁོ་རང་ཁྱོད་ལས་འཁྱུར་དགེ་རྒན་ཞིག་ལ་འདུག་རོགས་བྱེད་ཁོམ་ཞིག་གང་ན་ཡོད”ཟེར།
“ཁྱོད་ཀྱིས་བཤད་ཀྱིན་བཤད་ཀྱིན་ཚད་ལས་བརྒལ་སོང་། ཁོ་ནི་ངའི་སློབ་མ་རེད། ”དགེ་རྒན་ལིའི་ལགས་དངོས་ནས་ཁྲོས་བྱུང་། ཁོ་འཚིག་པ་ཟ་བཞིན་ཡར་ལངས་ནས་སྒོ་ཕྱེ་སྟེ་ཤར་སེ་སོང་། བུ་མོས་ཁོ་ཚོའི་དགེ་སློབ་འབྲེལ་བར་སྣང་ཆུང་གིས་ཕོག་ཐུག་བཏང་བ་དེར་ཁྲོང་ཁྲོ་བཟོད་གླགས་མེད་པ་ཞིག་སྐྱེས་བྱུང་།
ཉིན་གུང་ངལ་གསོས་ནས་ཡར་ལངས་རྗེས་ཁོས་སླར་ཡང་ཏན་ཏིག་གིས་གྲོང་བརྡལ་གྱི་ཏང་ཨུ་ཧྲུའུ་ཅི་ལ་ཁ་པར་ཅིག་བཏང་། ཁོས་ཁ་པར་དུ་ཏང་ཨུ་ཧྲུའུ་ཅི་ལ“ང་རང་ཧོའེ་ནན་དུ་ཁྱོད་ཀྱི་སློབ་སྤུན་ཝང་ཕིན་ཁྲིན་ལ་བལྟ་རུ་འགྲོ་རྩིས་ཡོད། ཁོས་སྔོན་ནས་ང་རང་དེར་སོང་ནས་ཉིན་འགའ་འདུག་པར་རེ་བཞིན་ཡོད”ཟེར། གྲོང་བརྡལ་གྱི་ཏང་ཨུ་ཧྲུའུ་ཅི་ནི་ཕྱིས་ཀྱི་སྐབས་འགའི་ཁོའི་སློབ་མ་རེད།
དེ་ནས་ཁོ་དལ་ལྷོད་ངང་སྒོ་རའི་ནང་གི་མེ་ཏོག་གི་སྒྲོམ་བུའི་འོག་ཏུ་ཕྱིན་ནས་ཡིག་གཟུགས་འབྲི་མགོ་བརྩམས། ཉིན་རྒྱུན་ཡིག་གཟུགས་འབྲི་བ་ནི་ཁོའི་ལོ་བཅུ་ཕྲག་འགའི་ནང་ཆགས་པའི་གོམས་གཤིས་ཤིག་ཡིན། ཟླ་བཞི་བར་བསླེབས་དུས་ཧོའེ་པེ་རུའང་དཔྱིད་ཤར་མེ་ཏོག་བཞད་སོང་། དཔྱིད་རླུང་དང་མེ་ཏོག་གི་དྲི་ཞིམ་གྱི་ཁྲུས་སུ་ཞུགས་པ་ལྟ་བུའི་སྣང་བ་ཞིག་བྱུང་བས་ཁོས“དཔྱིད་རླུང་གི་ཁྲུས་སུ་ཞུགས་པ་ལྟར”ཞེས་པའི་གཏམ་དཔེའི་ནང་གི་གཏམ་རྒྱུད་དེ་དྲན་སོས། སུང་རྒྱལ་རབས་ཀྱི་ཀྲུའུ་ཀོང་ཐིན་གྱིས་དགེ་རྒན་གྱི་སློབ་ཁྲིད་ལ་ཟླ་གཅིག་ཉན་རྗེས་ལོག ཁོས་མི་ཐུག་ཐུག་ལ“དེ་ནི་དཔྱིད་རླུང་གི་ཁྲུས་སུ་ཟླ་གཅིག་ལ་ཞུགས་པ་ལྟར་གྱི་ལོངས་སྤྱོད་ཅིག་རེད”ཅེས་དགེ་རྒན་གྱི་སློབ་ཁྲིད་ལ་བསྟོད་པ་བྱས་ཟེར། ཁོས་ཁ་ནས་དལ་བུར་དེ་ལྟར་ཟློ་ཞོར་དུ་སྤུས་ལེགས་ཤོག་བུའི་སྟེང་དུ“ དཔྱིེད་རླུང་གི་ཁྲུས་སུ་ཞུགས་པ་ལྟར”ཞེས་པ་དེ་ཡང་དང་བསྐྱར་དུ་བྲིས་པ་དང་། མིག་སྔར་གྱི་རྣམ་པ་དང་གནས་ཚུལ་ཡོད་ཚད་གཏམ་དཔེ་འདི་དང་སྦྱར་ན་དངོས་ནས་འཚམ་ཞིང་བག་ཕེབས་པ་ཞིག་རེད་ཨང་སྙམ་བྱུང་།
ཁོའི་སེམས་ལ་འཕགས་པ་ཁུང་ཙིས“འབད་པས་ཟས་བརྗེད། སྤྲོ་བས་སྡུག་བརྗེད། རྒས་ལ་ཉེ་ཡང་ཚོར་མ་གྱུར་བ”ཞེས་གསུངས་བས། དེ་ཉིད་ཀྱང་བདེ་སྐྱིད་ཅིག་མིན་ནམ་སྙམ། ཉེ་ལམ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས“ཁྱོད་རང་བདེ་སྐྱིད་ལྡན་ནམ”ཞེས་པའི་སྐབས་བསྟུན་བརྟག་དཔྱད་དེས་ཁོ་རང་ཡིད་འགུལ་ཐེབས་སུ་བཅུག་སོང་། ལོ་ན་མཐོ་བའི་མི་རྣམས་ལ་མཚོན་ནས་བཤད་ན་བདེ་སྐྱིད་ནི་ཕར་ཚུར་དགོས་མཁོ་ཡོད་ཅིང་། འདོད་པ་དང་ཡིད་ཚིམ་དབར་གྱི་བརྒྱུད་རིམ་དེའི་ཁྲོད་གནས་ཡོད་པས། བརྒྱུད་རིམ་འདི་ལ་ཁ་ལོ་སྒྱུར་ཐུབ་ཚེ་བདེ་སྐྱིད་ལ་ཁ་ལོ་སྒྱུར་ཐུབ་སོང་བ་ཡིན།
བྲིས་ཏེ་ལུས་ནས་རྔུལ་ནག་ཐོན་དུས། ཁོ་མར་ཙོག་ནས་ཇ་འཐུང་ཞོར་དུ། ཡིད་ཚིམ་པའི་ངང་མཐའ་འཁོར་ཀྱི་ཡོད་ཚད་ལ་བལྟ་བཞིན་བསྡད། ཉེ་ནས་རྒྱང་དུ་བལྟས་ན་ལྗོན་ཤིང་ལྗང་ཤིག་གེར། ནམ་མཁའ་སྔོ་སིང་སིང་། བསིལ་རླུང་དལ་བུར་ལྡང་། གནམ་སའི་མཛེས་པ་འདི་ངོ་མ་སྐད་ཆའི་ལམ་ནས་བརྗོད་ཐབས་བྲལ།
ངོ་མ་ཡག
ཅུང་མ་འགོར་བར་གྲོང་བརྡལ་གྱི་ཏང་ཨུ་ཧྲུའུ་ཅིས་ཀྲིན་ཀྲང་སོགས་མི་འགའ་ཁྲིད་ནས་བསླེབས་བྱུང་། སློབ་མ་འདི་སྔོན་ཆད་ཁོའི་འཛིན་གྲྭའི་འཛིན་དཔོན་ཡིན་པ་མ་ཟད། ཁོའི་བློར་འབབ་པའི་སློབ་མ་ཞིག་ཀྱང་ཡིན་ཏེ། ཁ་ལ་ཉན་ཅིང་དོན་དག་ཆེ་ཆུང་གང་ལའང་མི་རྨོངས། ཏང་ཨུ་ཧྲུའུ་ཅིས་བཤད་རྒྱུར། གཅིག་ནས་དགེ་རྒན་ལ་སྐྱེལ་མ་བྱེད་དུ་འོངས་བ་ཡིན་ལ། གཉིས་ནས་དགེ་རྒན་བརྒྱུད་ནས་ཕིན་ཁྲིན་ཧྲི་ཀྲང་ལ་ཕ་ཡུལ་མི་དམངས་ཀྱིས་ཁོ་རང་གོ་གནས་འཕར་བར་རྟེན་འབྲེལ་ཞུ་ཞེས་པའི་སྐད་ཅིག་བསྐུར་དུ་འོངས་བ་ཡིན་ཟེར།
“གོ་གནས་འཕར་མི་འདུག ད་རུང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་རེད་དོ།།” དགེ་རྒན་ལིའུ་ལགས་ཀྱིས་ཁུ་ཚུར་གྱིས་སྒལ་བ་དལ་བུར་རྡུང་བཞིན་ཇི་མི་སྙམ་པར་བཤད།
“དེ་རེད། དེ་རེད། ”ཏང་ཨུ་ཧྲུའུ་ཅིས་ཁེངས་སྐྱུང་ངང་བསྟུན་ཅི་ཐུབ་བྱེད།
“ཡིན་ནའང་། ”ཚང་མ་མར་བསྡད་རྗེས་ཁོས་ཇ་ཕྱིས་ཀྱིས་ལག་པ་ཕྱིས་ཙམ་བྱས་པ་དང་མི་རེར་ཇ་ཕོར་གང་རེ་བླུགས། “རྫོང་དཔོན་དཔོན་གནས་མཐོ་བས་འགན་འཁྲི་ཡང་ལྕི”ཟེར།
གོར་གོར་བྱས་ནས་བསྡད་ཡོད་པའི་མི་ཚང་མས་ཕན་ཚུན་ལ་བལྟ་ཙམ་བྱས་ནས་བགད། དེའི་ཤུགས་ཀྱི་གནས་ལུགས་ཚང་མའི་སེམས་ན་གསལ་བོ་ཡིན་པས་ཁ་ནས་མ་བཤད་ན་བཟང་།
ཉིན་ཕྱེད་ཙམ་ལ་ཁ་བརྡ་བྱས་རྗེས། ཏང་ཨུ་ཧྲུའུ་ཅིས་དགོང་མོ་དེར་དགེ་རྒན་ལ་སྐྱེལ་ཆང་འདྲེན་ཆོག་པར་རེ་བ་ཞུས།
“དེ་རིང་གཡུགས་ཞོག ཕྱིར་ལོག་དུས་ད་བཤད” དགེ་རྒན་ལིའུ་ལགས་ཡར་ལངས་ནས་མགྲོན་པོ་སྐྱེལ་རྩིས་བྱས།
གཟའ་ཟླ་བའི་ཞོགས་པར། ཁོ་སྔ་མོ་ནས་མལ་ལས་ལངས་ཏེ། འབྲས་ཁུ་དཀར་ཡོལ་གང་བཏུང་རྗེས་སྒོ་ང་བཙོས་མ་གཉིས་བཟས། དེ་ནས་གསར་དུ་ཉོས་པའི་ནུབ་ལྭ་ཆ་ཚང་དེ་གྱོན་པ་དང་། མནའ་མས་བསྡུ་གསོག་བརྒྱབ་ཟིན་པའི་ཡུལ་སྐོར་ཁུག་མ་བཟུང་ནས་ཕྱོགས་སུ་ཆས། མ་གཞི་མནའ་མས་ཁོ་རང་སྐྱེལ་འདོད་མོད། ཁོས་དང་ལེན་མ་བྱས་པར་རྐང་ཐང་ལ་འབབ་ཚུགས་སུ་ཕྱིན་ནས་མེ་འཁོར་འདུག་པར་མཐའ་འཁྱོངས་བྱས། ལམ་བར་དུ་འཚམས་འདྲི་ཞུ་མཁན་ཡོད་ན་ཁོས་འཛུམ་ཙམ་བྱས་ནས་སོང་ལ། ཁོ་དང་ཆ་རྒྱུས་ཆེ་བའི་མིར་ཐུག་དུས་འགྲོ་མཚམས་བཞག་ནས་སྐད་ཆ་འགའ་བཤད། སྐད་ཆའི་མཇུག་ཏུ“་་་་་་་་་་་འུན། ང་རང་ཧོའེ་ནན་དུ་སློབ་མ་ཞིག་ལ་བལྟ་རུ་འགྲོ་རྒྱུ་ཡིན། ”ཅང་མ་འགོར་བར་གྲོང་བརྡལ་ཀྱི་མི་ཚང་མས་དགེ་རྒན་ལིའུ་ལགས་ཧོའེ་ནན་དུ་ད་ལྟ་རྫོང་དཔོན་ཡིན་པའི་ཁོའི་སློབ་མ་ཞིག་ལ་བལྟ་རུ་འགྲོ་རྒྱུ་ཡིན་པ་དང་། སློབ་མས་ཁོ་རང་ས་དེར་དུས་ཡུན་ཐུང་ངུ་ཞིག་ལ་འདུག་པར་གདན་འདྲེན་ཞུས་པ་སོགས་ཤེས། གྲོང་བརྡལ་ཆེ་རྒྱུ་མེད་པས་དགེ་རྒན་ལིའུ་ལགས་ཡང་མི་སྣ་མིང་གྲགས་ཅན་དུ་རྩིས་ཆོག་ལ། རྫོང་དཔོན་གྱི་གོ་གནས་སུ་ཡོད་པའི་སློབ་མས་ཁོ་རང་གདན་འདྲེན་ཞུས་པ་འདི་དག་ཐམས་ཅད་ཀྱང་གྲོང་བརྡལ་དེའི་གསར་འགྱུར་གྱི་ཁ་གཡར་ས་ཞིག་ཏུ་རྩིས་ཆོག
ཁོ་ནི་ནམ་ཡིན་ཡང་སོས་དལ་བས། དེ་རིང་ལྟ་བུའི་ཉིན་མོར་ཡང་བྲེལ་བ་ལངས་ཀིན་མི་འདུག ཡང་གཅིག་བཤད་ན་མདང་དགོང་ཁོས་སློབ་མ་གཞན་པ་ཞིག་སྟེ། ད་སྐབས་གྲོང་བརྡལ་དུ་སྤྱི་སྤྱོད་རླངས་འཁོར་ཆུང་བ་གཏོང་མཁན་ལུའོ་ཀྲི་ཅུན་ལ་དེ་རིང་ཁོར་སྒུག་ནས་མེ་འཁོར་འབབ་ཚུགས་སུ་སྐྱེལ་དགོས་པ་བཤད་ཡོད། ལུའོ་ཀྲི་ཅུན་ནམ་རྒྱུན་གཤིས་ཀ་ངན་རུང་དགེ་རྒན་ལིའུ་ལགས་ལ་གུས་བཀུར་བརྩི་འཇོག་བྱེད།
དགེ་རྒན་ལིའུ་ལགས་ཀྱི་སྐད་ཆས་བཤད་ན་ཁོ་དང་སྙིང་ཉེ་བ་ཤེས་ཡོད་ཟེར། ལུའོ་ཀྲི་ཅིན་གྱིས་ཁ་པར་དུ“རྒན་ལིའུ་ལགས་ཁྱེད་རང་ལས་སླ་པོར་ཐག་རིང་དུ་འགྲོ་མི་སྲིད་པས་ད་ཐེངས་གང་དུ་འགྲོ་རྩིས་ཡོད”ཞེས་དྲིས་དུས། དགེ་རྒན་ལིའུ་ལགས་ཀྱིས་“ཧོའེ་ནན་དུ་འགྲོ་རྒྱུ་ཡིན། ཕིན་ཁྲིན་གྱིས་ང་རང་ཕར་སོང་ནས་ཉིན་འགའ་འདུག་པར་རེ་བ་བྱས་ཡོད། ”“འུན་འུན། རྫོང་དཔོན་ལ་བལྟ་རུ་འགྲོ་རྒྱུ་ཡིན་ནམ། ”ལུའོ་ཀྲི་ཅིན་གྱིས་ལྕེ་ལྟིག་བཞིན་བཤད། ཁོས་ཉིན་གཅིག་ལ་ཆང་མ་འཐུང་ན་རང་ཉིད་ཉིན་གཅིག་ལ་གསོན་པ་དོན་མེད་རེད་འདོད། “ཁྱེད་རང་ལོག་ཕེབས་དུས་ངས་གྲོང་བརྡལ་དུ་ཡོད་པའི་སློབ་གྲོགས་རྣམས་རྩ་འཛུགས་བྱས་ནས་ཁྱེད་ལ་བསུ་མ་བྱེད། རྒན་ལིའུ་ལགས།”
དགེ་རྒན་ལིའུ་ལགས་ཀྱིས་གཟབ་ནན་དང་བཅས“ཆང་ཉུང་ཙམ་བཏུང་དང་། སང་ཉིན་ངའི་དོན་དག་ལ་ནོར་འཁྲུལ་འབྱུང་དུ་འཇུག་མི་རུང་”ཟེར།
ཝང་ཕིན་ཁྲིན་དང་ལུའོ་ཀྲི་ཅིན་གཉིས་ནི་ལོ་རིམ་གཅིག་གི་མཐར་ཕྱིན་སློབ་མ་ཡིན། ལོ་རིམ་དེར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་སློབ་མ་རེ་འགའ་ལས་མེད་ཀྱང་། ཁོས་དེ་ཉིད་ཚེ་འདིར་དགེ་རྒན་བྱས་ཚུན་གྱི་མཐོ་རྒྱུགས་གཟི་བརྗིད་ཅན་ཐེངས་གཅིག་ཏུ་བསམ་ཡོད། སྐར་གྲངས་ཐོན་པའི་ཉིན་མོ་དེར། ཁོས་སློབ་གསོ་ཅུས་ནས་ཝང་ཕིན་ཁྲིན་གྱི་སྐར་གྲངས་རྩད་བཅད་མ་ཐག ཐད་ཀར་ཁོ་ཚང་དུ་རྒྱུགས་པའི་རྣམ་པ་དེ་ཡིད་ལ་དབང་མེད་དུ་ཤར་བྱུང་། ཆར་བ་ནི་ཟོ་ཁ་ནས་བྱོ་བ་ལྟར་ཤག་ཤག་ཏུ་འབབ་པས་ཁོའི་ལྷམ་མཐིལ་ཡ་གཅིག་འདམ་ཆུར་འབྱར་ནས་ལྷུང་སོང་། ཡིན་ནའང་ཁོས་སྤྱི་ལེ་བཅུའི་ལམ་གྱི་འདམ་བག་བརྫིས་ནས་ནམ་གུང་ལ་ཝང་ཕིན་ཁྲིན་ཚང་གི་ཁྱིམ་སྒོ་རྡུང་། ཁོས་ཝང་ཕིན་ཁྲིན་མཐོང་དུས་གློ་བུར་དུ་མིད་པ་བརྣངས་ནས་སྐད་ཆ་བཤད་མི་ཐུབ་པའི་སྣང་བ་བྱུང་། “ཕིན་ཁྲིན་་་་་་”ཁོས་ཧུར་ཐག་གིས་རང་ཉིད་ཚོད་འཛིན་བྱས་ཀྱང་རྔོ་མ་ཐོགས། “ཁྱོད་ཀྱིས་ཀྲོང་ཡོན་ལོན་འདུག ཁྱོད་ནི་ངེད་ཅག་ས་ཁུལ་གྱི་མཐོ་རྒྱུགས་ཀྱི་ཀྲོང་ཡོན་རེད་ཡ།”
གཉིད་མིག་རབ་རིབ་ངང་ལུས་པའི་ཝང་ཕིན་ཁྲིན་གྱིས་གོམ་གཉིས་ཕྱི་སྣུར་བྱས་རྗེས། གཟུགས་རིང་ཞིང་སྐམ་ལ། གདོང་མདོག་སྐྱ་བོར་གྱུར་བའི་དགེ་རྒན་ལ་ཡ་མཚན་དང་བཅས་བལྟས་ནས་བསྡད། དགེ་རྒན་ནི་ཆུའི་གཏིང་ནས་ཡར་རྐྱལ་འོངས་བའི་ཉ་ཞིག་དང་གཉིས་སུ་མ་མཆིས།
“ཕིན་ཁྲིན། ཁྱོད་ཀྱིས་ཡིག་ཚད་ལོན་འདུག ཁྱོད་ནི་ངེད་ཅག་ས་ཁུལ་གྱི་ཀྲོང་ཡོན་རེད་ཡ། ”ལུས་ཡོངས་ནས་རླངས་པ་ཐུ་ལུ་ལུ་བྱེད་པའི་ཉ་དེས་བཤད།
དགེ་སློབ་གཉིས་ཀྱིས་ལག་པ་དམ་པོར་འཇུས་ནས་དགའ་བའི་མིག་ཆུ་ཤར་ཤུར་དུ་བཞུར། འདི་ནི་དགེ་རྒན་ལིའུ་ལགས་ཁྲིད་ཚབ་ནས་དགེ་རྒན་དངོས་སུ་བསྒྱུར་རྗེས་འགན་ཁུར་བའི་མཐར་ཕྱིན་འཛིན་གྲྭ་དང་པོ་ཡིན་ཞིང་། ཝང་ཕིན་ཁྲིན་ནི་མཐོ་རྒྱུགས་སླར་གསོ་བྱས་རྗེས། གྲོང་བརྡལ་འདི་ནས་སློབ་ཆེན་མིང་གྲགས་ཅན་དུ་ཡིག་ཚད་ལོན་པའི་སློབ་མ་དང་པོ་དེ་ཡིན།
དགེ་རྒན་ལིའུ་ལགས་ལོ་མང་པོར་མེ་འཁོར་དུ་བསྡད་མ་མྱོང་། ད་སྐབས་ཀྱི་མེ་འཁོར་དེ་སྔོན་ཆད་ཀྱི་མེ་འཁོར་ལྗང་ཁུ་དེ་དང་བསྡུར་ན་གནམ་སའི་ཁྱད་པར་འདུག འཁོར་སྒམ་གཙང་ཞིང་གྲལ་དག་ལ། མི་ཉུང་ཞིང་མི་རེ་རེར་སྡོད་ས་ཡོད། ཚ་བ་དེ་འདྲ་མེད་ཀྱང་རླུང་གྲང་མོ་ནི་འབེལ་པོ་ཡིན་པ་དེས་ཁོའི་ལུས་ཀྱི་ནུབ་ལྭ་དེ་ཧ་ཅང་འཚམ་པར་མངོན།
ཁོ་སྒེའུ་ཁུང་འགྲམ་གྱི་སྡོད་སར་བསྡད་རྗེས《ཞའོ་ལིན་ཀོང་ཅི》ཟེར་བའི་དཔེ་ཆ་ཞིག་བཏོན་ནས་བལྟས། ཁོ་རང་དགེ་རྒན་ཡིན་དུས་སྐྱོ་བསངས་བྱེད་པའི་དཔེ་ཆ་འདི་རིགས་ལ་ལྟ་མི་སྲིད། དེ་ནི་གཅིག་ནས་དུས་ཚོད་མེད་པ་དང་གཉིས་ནས་ཁུང་ཙིས་ཁྱད་མཚར་བའི་མཐུ་དང་རྫུ་འཕྲུལ་དང་ལྷ་འདྲེ་གཏམ་དུ་མི་བྱའོ།། ད་སྐབས་ལྷོད་ལ་བབས་ནས་ལྟ་དུས་ངོ་མ་སྐྱིད་པོ་ཞིག་རེད། བལྟ་བཞིན་གད་མོ་འཆོར་དུས་དབང་མེད་དུ་ཧུ་ཧུ་ཞེས་བགད། ཁོས་དཔེ་ཆ་མར་བཞག་ནས་མིག་ཕུར་སྐབས། ཁ་གཏད་དུ་བསྡད་པའི་བཟའ་ཟླ་ལོ་ཆུང་དེ་གཉིས་ཀྱིས་ཁོའི་ཡིད་དབང་བཀུག་སོང་། ཁོ་ཚོས་བུ་ཆུང་ལ་ཀུ་རེ་རྩེད་ཀྱིན་འདུག ཁོས་ཀྱང་ཚ་བོ་ཞིག་པང་འདོད་མོད། མནའ་མ་དང་བུ་གཉིས་ཀྱིས་ཉིན་རྒྱུན་རང་གི་སྐྱིད་པོ་བྱེད་པ་ལས་རྒས་འཁོགས་ཀྱི་སེམས་ཁྲལ་ལ་ཁ་ཡ་མི་བྱེད། ཁོས་རང་འགུལ་ངང་བཟའ་ཟླ་ལོ་ཆུང་དེ་གཉིས་ལ་སྐད་ཆ་བཤད། གང་ནས་ཡོང་བ་དང་། གང་དུ་འགྲོ་བ་སོགས་་་་་་་ཁོ་ཚོ་རང་གི་ཕ་ཡུལ་ཧོའེ་ནན་དུ་འགྲོ་བ་ཤེས་དུས་ཁོས“ང་ཡང་ཧོའེ་ནན་དུ་འགྲོ་མཁན་ཡིན་ལ། ངའི་སློབ་མར་བལྟ་རུ་འགྲོ་བ་ཡིན། ཁོ་ནི་ཁྱོད་ཚོ་ས་དེའི་རྫོང་དཔོན་རེད”ཞེས་བཤད།
“འ། ངོ་མ་ཡིན་ནམ།” བཟའ་ཟླ་ལོ་ཆུང་དེ་གཉིས་ཀྱིས་དད་གུས་དང་བཅས་ཁོར་ལྟ་ཅིང་སྤྲོ་སེམས་འཁོལ་པས་གདན་ཞུ་བྱས་བྱུང་སྟེ། ཁོ་ཚོར་རླངས་འཁོར་བསྐོར་ནས་བསུ་རུ་ཡོང་མཁན་ཡོད་པས་ཁོ་ཚོ་དང་མཉམ་དུ་འགྲོ་དང་། ཁོ་རྫོང་སྲིད་གཞུང་གི་སྒོ་ཁར་སྐྱེལ་བར་ཁོ་ཚོས་འགན་ལེན་བྱེད་ཟེར།
“མིན། ” ཁོས་ལམ་སེང་གཟབ་ནན་བྱས་བྱུང་། “ངའི་སློབ་མ་ང་བསུ་རུ་ཡོང་ངེས།”
ཁོས་འདི་ལྟར་བཤད་དོན་ནི་ཝང་ཕིན་ཁྲིན་ལ་ལན་ཚེགས་མི་བསྐོལ་བའི་ཆེད་དུ་ཡིན།
མེ་འཁོར་ལས་བབས་རྗེས་ད་དུང་རླངས་འཁོར་ལ་བསྡད་ནས་དུས་ཚོད་གཅིག་ལྷག་ཙམ་སོང་ན་གཞི་ནས་རྫོང་ཐོག་ཏུ་བསླེབས་སྲིད། དུས་ཚོད་ལ་ལྟ་དུས་ཅུང་སྔ་བས། ཁོས་མེ་འཁོར་འབབ་ཚུགས་ནས་ཟ་ཁང་གཙང་མ་ཞིག་བཙལ་རྗེས་ཐུག་པ་དཀར་ཡོལ་གང་བཏུང་།
ཐུག་པར་སྒུག་དུས་ཁོས་ལག་ཁྱེར་ཁ་པར་བླངས་ནས་བལྟ་ཙམ་བྱས། ཉིན་འགའི་སྔོན་ལ་ཁོས་ཝང་ཕིན་ཁྲིན་ལ་ཁ་པར་བཏང་དུས། སྔོན་ལ་ཁ་པར་ལེན་མཁན་མི་འདུག དེ་ནས་འཕྲིན་ཐུང་ཞིག་བསྐུར་བྱུང་སྟེ། “དགོངས་པ་མ་ཚོམ། ང་རང་ཚོགས་འདུར་ཞུགས་བཞིན་པའི་སྒང་ཡིན། ”སྒུག་ནས་ཡུན་རིང་ཞིག་འགོར་རྗེས་ཁོས་གཞི་ནས་ཁ་པར་གཏོང་ཐུབ་སོང་། ཝང་ཕིན་ཁྲིན་གྱིས་སྐད་དམའ་མོས“སུ་ཡིན། ངས་འཚོགས་འདུ་ཚོགས་གིན་ཡོད”ཟེར། དགེ་རྒན་ལིའུ་ལགས་ཀྱིས་ཀྱང་ལམ་སེང་སྐད་དམའ་མོས“ང་ནི་ཁྱོད་ཀྱི་དགེ་རྒན་ལིའུ་ཡིན། ཉིན་འདི་འགར་ང་རང་ཁྱོད་ལ་སྐོར་གཅིག་རྒྱག་ཏུ་ཡོང་འདོད། ” “བཟང་གི ”ཝང་ཕིན་ཁྲིན་གྱིས་བཤད་ཚར་མ་ཐག་ཁ་པར་གྱི་ཁ་གཏན་སོང་། སློབ་མ་བྲེལ་བ་ཆེ་བར་མཐོང་རྗེས་དགེ་རྒན་ལིའུ་ལགས་ཀྱིས་བུ་མོའི་སྐད་ཆ་དྲན་ནས་བློ་འགྱོད་སྐྱེས་བྱུང་། ཡིན་ནའང་རྗེས་ནས་ཁོས་འདང་ཕོག་སོང་། ཕར་སོང་ནས་ཁོ་དང་སྐད་ཆ་འགའ་བཤད་རྗེས་ལམ་སེང་ལོག་རྒྱུ་ཡིན་པས་སློབ་མར་ལན་ཚེགས་ཅི་ཡང་མི་སྐོལ།
རྫོང་མཁར་གྱི་རླངས་འཁོར་འབབ་ཚུགས་སུ་བསླེབས་དུས། ཁོས་ཡང་བསྐྱར་ཝང་ཕིན་ཁྲིན་ལ་ཁ་པར་བཏང་། ཡིན་ནའང་ཁ་པར་ཕར་བཏང་མ་ཐག་ཡང་བསྐྱར་ཆད་སོང་། དེར་མཐུད་ནས་འཕྲིན་ཐུང་ཞིག་འབྱོར་བྱུང་སྟེ། “དགོངས་པ་མ་ཚོམ། ང་རང་འཚོགས་འདུ་ཚོགས་བཞིན་པའི་སྒང་ཡིན།” ཁོས་ཕ་རོལ་བ་ལ་ཡང་བསྐྱར་སུན་པོ་བཟོ་རྒྱུར་སྐྲག་པས་རླངས་འཁོར་སྒུག་ཁང་དུ་སོང་། བསྡད་ས་ཞིག་བཙལ་ནས་མར་ཙོག་དགོས་བསམ་ཡང་། འཁོར་སྒུག་ཁང་དུ་མིས་ཁེངས་འདུག་པས་བསྡད་ས་གཅིག་ཀྱང་མི་འདུག ཁོ་མི་ཚོགས་ཀྱི་དཀྱིལ་དུ་ལངས་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར། སྐབས་དེར་ཆ་ལུགས་སློབ་མ་ཞིག་དང་འདྲ་བའི་བུ་མོ་ཞིག་ཡར་ལངས་ནས་རང་གི་བསྡད་ས་དགེ་རྒན་ལིའུ་ལགས་ལ་བྱིན། ཁོས་བསྡད་སར་ལྟ་ཙམ་དང་བུ་མོར་ལྟ་ཙམ་བྱས་རྗེས་ཐེ་ཚོམ་དང་བཅས“ང་ནི་་་་་་་་ཁྱོད་ཚོའི་རྫོང་དཔོན་ལ་ལྟ་རུ་འོངས་བ་ཡིན། ”སྐད་ཆ་འདིས་བུ་མོ་དེ་མགོ་འཐོམས་སུ་བཅུག་སོང་། ཁོ་མོས་“ཁྱེད་ཀྱིས་ཅི་ཟེར་རམ་”ཞེས་དྲིས་པ་ན་ལན་ཏུ་“སྐྱོན་མེད། སྐྱོན་མེད།”ཟེར།
ཁོ་གློ་བུར་དུ་རང་གི་ངང་ཐུང་ལ་དགོད་རྒྱུ་ཞིག་འོངས། རྒས་པའི་དུས་ནི་དགོད་བྲོ་བའི་ལོ་ཚོད་ཞིག་རེད། འོན་ཀྱང་ཁོ་ནི་ག་དུས་ནས་རྒས་པ་ཡིན་ནམ། ཡང་ན་ཁོ་ཚོས་ཁོ་རྒས་འདུག་པ་ཇི་ལྟར་ཤེས་པ་ཡིན་ནམ། ཡང་མིན་ན་རྒས་འཁོགས་ནི་སྐད་ཆའི་ཐོག་ནས་མངོན་པ་དང་། ཐུགས་གཤིས་ནས་མངོན་པ། འབོག་སྒྲིལ་དང་དཔེ་ཆའི་སྟེང་ནས་མངོན་པ་ཡིན་ནམ།
སྐད་ཅིག་མར། རླངས་འཁོར་སྒུག་ཁང་དུ་བསྡད་དེ། ཁོའི་སློབ་མ་སྟེ་རྫོང་དཔོན་ཝང་ཕིན་ཁྲིན་གྱི་ཆབ་འོག་གི་རླངས་འཁོར་སྒུག་ཁང་དུ་བསྡད་དེ། ཁོ་རང་གློ་བུར་དུ་གཏིང་ཟབ་པའི་སོམ་ཉིའི་དྲ་བར་ཚུད་པ་དང་ཧ་ཅང་ཁེར་རྐྱང་ཡིན་པའི་ཚོར་སྣང་བྱུང་།
སྒུག་ནས་ལས་ཚོགས་གྲོལ་བའི་དུས་ཚོད་ལ་བསླེབས་རྗེས། ཁོས་གཞི་ནས་ཝང་ཕིན་ཁྲིན་ལ་འཕྲིན་ཐུང་ཞིག་སྐུར། “ང་རང་རྫོང་ཐོག་ཏུ་བསླེབས་ཟིན།” ཆུ་ཚོད་ཕྱེད་ཙམ་འགོར་རྗེས་ཝང་ཕིན་ཁྲིན་གྱིས་ཁ་པར་བསླེབས་ནས“སྐུ་ཉིད་སུ་ཡིན་ནམ”ཞེས་དྲིས་བྱུང་། དགེ་རྒན་ལིའུ་ལགས་ཀྱི་སྙིང་ནི་ལུ་གུ་ལྡིང་ལྡིང་བྱས་བྱུང་། ཁོའི་སེམས་སུ་འབྲེལ་གཏུགས་འདི་འདྲ་མང་པོ་བྱས་པས། ཝང་ཕིན་ཁྲིན་གྱིས་ཁོའི་ཁ་པར་ཨང་གྲངས་ངོས་ཟིན་ཡོད་སྙམ།
“ཕིན་ཁྲིན། ང་ནི་ཁྱོད་ཀྱི་དགེ་རྒན་ལིའུ་ཡིན། ”ཁོས་རང་གི་སྐད་གདངས་ཏག་ཏག་བསྡད་མེད་པ་ཚོར། སྐད་གདངས་དེར་མ་ཉེས་ཁ་གཡོག་རིམ་པ་གཅིག་གིས་གཡོགས་འདུག འཁང་རའམ་ཡང་ན་ངོ་དགའ་སྤྲེལ་ལད་ཡིན་ཡང་སྲིད། འོན་ཀྱང་ཁོས་རང་ལ་དགོངས་བཞེས་གནང་། ཆུ་ཚོད་གཉིས་ལས་འགོར་མེད་ཀྱང་རང་ཉིད་ཡུན་རིང་དོར་བའི་སྣང་བ་ཞིག་བྱུང་།
“འོ། དགེ་རྒན་ལིའུ་ལགས། ”ཝང་ཕིན་ཁྲིན་ཅུང་བསམ་ཡུལ་འདས་སོང་། “ཁྱེད་རང་རྫོང་ཐོག་ལ་བསླེབས་ཟིན་ནམ།” ཁོ་ཐེ་ཚོམ་དང་བཅས་ཅུང་ཙམ་བསྡད་རྗེས། “ད་འདི་ལྟར་བྱ། ང་དེ་རིང་བྲེལ་བ་ཆེ་བས་ལས་ཀ་འཇོག་ཐབས་མེད། ངས་སྔོན་ལ་དྲུང་ཡིག་མངགས་ནས་ཁྱེད་ལ་སྣེ་ལེན་བྱེད། སང་ཉིན་ང་ཁྱེད་ལ་ལྟ་རུ་ཡོང་”ཟེར།
དགེ་རྒན་ལིའུ་ལགས་རྫོང་སྲིད་གཞུང་གི་དྲུང་ཡིག་སུན་གྱིས་བསུས་རྗེས་སྲིད་གཞུང་གི་མགྲོན་ཁང་དུ་འདུག་ཏུ་བཅུག དྲུང་ཡིག་སུན་ནི་མི་སེམས་རྩ་འཁོལ་པོ་ཞིག་ཡིན་པས། བཀོད་སྒྲིག་བྱས་པ་ཧ་ཅང་ཞིབ་ཚགས་ལྡན་པ་འདིས་ཁོར་སེམས་གསོ་ཆེན་པོ་ཞིག་འཐོབ། གང་ལྟར། ཝང་ཕིན་ཁྲིན་ནི་ཁོའི་སློབ་མ་འདང་ཆེན་ཞིག་ཡིན་པས། ཁོས་བཟང་ངན་ཤེས་ལ། ཡང་ལྕི་ཡང་ཤེས།
དགོང་ཟས་ཟོས་རྗེས་ཁོར་ཕྱི་རོལ་ཏུ་འགྲོ་འདོད་ཅིག་སྐྱེས་བྱུང་། ཐེམ་སྐས་ལས་བབས་མ་ཐག་སྒོ་རའི་ནང་དུ་ཉེན་རྟོག་རླངས་འཁོར་གྱིས་ཁེངས་ཞིང་ཚོམས་ཆེན་དུ་མིས་ཁེངས་འདུག་པ་མཐོང་།
ཁོས་བྱ་འགུལ་ཡོད་པ་རྟོགས་པས་ལམ་སེང་ཁ་ཕྱིར་འཁོར་ནས་ཐེམ་སྐས་འཛེགས་སྐབས། ཐེམ་སྐས་ཁར་མདུན་གྱི་ཟ་ཁང་ནས་མར་ཡོང་བཞིན་པའི་ཝང་ཕིན་ཁྲིན་དང་གདོང་ཐུག་བརྒྱབ། ཁོ་ཚོ་ནི་མི་ཁྱུ་གཅིག་ཡིན་ཏེ། ཝང་ཕིན་ཁྲིན་གྱིས་གདོང་ལ་འཛུམ་གང་བསྡུས་ནས་ཁོ་ཚོར་ཅི་ཞིག་བཤད་བཞིན་པའི་སྒང་ཡིན། ཁོས་འཚམས་འདྲི་ཞིག་ཞུ་རྩིས་བྱས་པ་ན། འགྲམ་གྱི་བདེ་ཆས་སྤྲས་པའི་ཉེན་རྟོག་པས་མཐོང་སྟེ་བཀག་བྱུང་། ཝང་ཕིན་ཁྲིན་གྱིས་ཀྱང་ཁོ་མཐོང་བྱུང་། ཡིན་ནའང་འགྲོ་མཚམས་མ་བཞག་ལ་ཁ་ཡ་ཡང་མི་བྱེད་པར། མི་ཁྱུ་གཅིག་གིས་མདུན་དུ་ལམ་བཤང་ཅིང་རྒྱབ་ཏུ་བསྐོར་ནས་བུད་སོང་། སྒུག་ནས་གྲོགས་ཕེབས་ཁྱིམ་སྟོང་ཆགས་པ་ན། ཁོ་ཐེམ་སྐམ་འཛེགས་ནས་ཡར་འགྲོ་གྲབས་བྱེད་དུས། དྲུང་ཡིག་སུན་གྱིས་རྒྱབ་ལོགས་ནས་བོས་བྱུང་སྟེ། རྫོང་དཔོན་ཝང་མགྱོགས་པོ་ཕེབས་རྒྱུ་རེད་ཟེར། ཁོ་ཚོམས་ཆེན་དུ་ལངས་ནས་ཅུང་ཙམ་བསྡད་པ་ན་ཝང་ཕིན་ཁྲིན་བསླེབས་བྱུང་། ཐེངས་འདིར་དགེ་རྒན་ལིའུ་ལགས་ཀྱིས་གསལ་བོར་མཐོང་བྱུང་། ཁོའི་ངོ་མདངས་དམར་ཅིང་བཀྲག་མདངས་རྒྱས་ལ། གུང་གཞོན་ཚོགས་པའི་ཐོན་ཨུ་ཧྲུའུ་ཅི་ཡིན་དུས་ལྟར་སྐྱོ་པོ་ཞིག་མིན་པ་འདིས་དགེ་རྒན་ལིའུ་ལགས་དགའ་རུ་བཅུག་སོང་། ཁོའི་དགེ་ཕྲུག་བཟང་པོ་ནི་དཔའ་མཛངས་གཉིས་ལྡན་ཡིན་དགོས་ལ། ཕོ་ཁྱོ་གའི་ཉམས་བཟང་ཡང་ལྡན་དགོས།
ཝང་ཕིན་ཁྲིན་ཚུར་ཡོང་ནས་དགེ་རྒན་ལིའུ་ལགས་ཀྱི་ལག་པར་འཇུས་པ་དང་ཁོ་རང་ལམ་སེང་འགྲོ་དགོས། དོན་དག་ད་དུང་བསྒྲུབ་ཚར་མ་སོང་ཟེར།
དགེ་རྒན་ལིའུ་ལགས་ཀྱིས“ཁྱོད་མྱུར་དུ་དོན་དག་བསྒྲུབ་ཏུ་སོང་། ཁྱོད་ཁོམ་དུས་ངེད་གཉིས་ཀྱིས་ཁ་བརྡ་བྱས་ཆོག”ཟེར།
ཝང་ཕིན་ཁྲིན་བྲེལ་བྲེལ་འཚུབ་འཚུབ་ངང་ཕྱིན་སོང་།
དུས་འདིར་ཁོས་ད་གཟོད་ཝང་ཕིན་ཁྲིན་གྱིས་ཁོའི་ལག་པ་ནས་བཟུང་དུས། ཝང་ཕིན་ཁྲིན་གྱི་ལག་པ་རློན་ཤིག་ཤིག་དང་ཚ་སོབ་སོབ་ཡིན་པ་དྲན་བྱུང་ལ། དེས་ཁོར་ཁོ་སློབ་གྲྭ་འགྲིམས་དུས་སུ་ལག་མཐིལ་རྐང་མཐིལ་ནས་རྒྱུན་དུ་རྔུལ་ནག་ཐོན་པ་དྲན་ཏུ་བཅུག་པ་དང་། བྱམས་ལྡན་ཕ་ལོས་བུ་ལ་བཅངས་བའི་བརྩེ་བ་ལྟ་བུ་ཞིག་ཀྱང་སེམས་ཁོང་ནས་ཐོལ་གྱིས་སྐྱེས་བྱུང་།
ཡིན་ནའང་ཐོག་ཁར་བསླེབས་དུས། ཁོས་གནད་དོན་གཞན་ཞིག་ལ་བསམ་བློ་བཏང་། འདིར་མ་ཡོང་སྔོན་དུ་ཁོས་གྲོང་བརྡལ་གྱི་ཏང་ཨུ་ཧྲུའུ་ཅིར་གླེང་བའི་གནད་དོན་ཡང་དེ་ཡིན་སྟེ། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་ཡིན་པ་འདྲ་ཡང་། དེ་རིང་གི་རྫོང་དཔོན་ཝང་ཕིན་ཁྲིན་དང་ཁ་སང་གི་གུང་གཞོན་ཚོགས་པའི་ཐོན་ཨུ་ཧྲུའུ་ཅི་ཝང་ཕིན་ཁྲིན་གཉིས་ནི་རིམ་པ་གཅིག་ཡིན་ནམ། དེའི་ཟབ་ཚད་དང་ཞེང་ཚད། མཐོ་ཚད་བཅས་དང་ད་དུང་བརྗོད་དཀའ་བའི་བར་སྟོང་སོགས་ཀྱིས་ཁོ་ལ་ཁ་ལོ་སྒྱུར་རྩིས་བྱས་ཀྱང་། ཡང་ཡང་ཚོད་འཛིན་བྱེད་མི་ཐུབ་པའི་ཚོར་སྣང་ཞིག་སྤྲད་བྱུང་ལ། དེ་ནི་ཉིན་དེར་ཁོ་འདམ་ཆུར་བརྫི་བཞིན་ཝང་ཕིན་ཁྲིན་གྱི་ཁྱིམ་དུ་ཕྱིན་པ་ལྟར་གྱི་བཞད་གད་འཆོར་བའི་ཚོར་བ་དང་འདྲ། ཡིན་ནའང་ཚོར་བ་འདི་ནི་ཁོ་རླངས་འཁོར་འབབ་ཚུགས་ཀྱི་སྒུག་ཁང་ནང་བསྡད་དུས་དང་། ད་གིན་བདེ་ཆས་སྤྲས་པའི་ཉེན་རྟོག་པས་བཀག་དུས་གློ་བུར་དུ་བྱུང་བ་ཞིག་རེད།
ཕྱི་ཉིན་ཉིན་གུང་དྲུང་ཡིག་སུན་བསླེབས་བྱུང་། ཁོས་དགེ་རྒན་ལིའུ་ལགས་ལ་རྫོང་དཔོན་ཝང་ལགས་བྲེལ་བ་ཆེ་བས་དེ་རིང་ཡོང་ཁོམ་ཡོད་རྒྱུ་མ་རེད་ཟེར། ཁོ་མགྲོན་ཁང་ནས་སྔ་དྲོ་གཅིག་ལ་མ་འགུལ་བར་བསྡད། དེ་ཡང་ཝང་ཕིན་ཁྲིན་ཁོ་བཙལ་དུ་ཡོང་དུས་ཐུག་མི་ཐུབ་པར་སྐྲག་པ་རེད། དྲུང་ཡིག་སུན་གྱི་འདི་ལྟར་བཤད་རྗེས། ཁོས་ཕྱི་དྲོ་དོན་དག་མེད་པའི་གོ་སྐབས་དང་བསྟུན་ནས་ཕྱི་རོལ་གྱི་སྲང་ལམ་དུ་སྐོར་ཞིག་རྒྱག་ཏུ་འགྲོ་རྒྱུར་ཐག་བཅད།
མགྲོན་ཁང་ནས་ཕྱིར་བུད་པ་ན་སྲང་ལམ་རྙིང་བ་ཞིག་རེད། སྲང་ལམ་རྙིང་བ་དེ་བརྒྱུད་ནས་གོམ་འགའ་སོང་ན་རྫོང་མཁར་གྱི་མ་ལམ་ལ་བསླེབས་འདུག ཧོའེ་ནན་གྱི་ཟླ་བཞི་བར་དབྱར་འགོ་མའི་ཉམས་བཟང་ཐོན་འདུག་སྟེ། ཕྱོགས་བཞིར་ཚང་ཚིང་དུ་འཁྲིགས་པའི་ལྗང་མདོག་གིས་བརྒྱན་ནས་སྐྱེས་སྟོབས་ཀྱི་དཔལ་འབར་བས། ཅང་ནན་དང་ཀུན་ནས་མཚུངས། ས་འདི་ནས་ལས་ཀ་སྒྲུབ་པ་དང་འཚོ་བ་སྐྱེལ་བ་ནི་ངོ་མ་ལྷའི་འཚོ་བ་དང་གཉིས་སུ་མ་མཆིས། ཁོའི་སེམས་ནས་ཝང་ཕིན་ཁྲིན་ས་སྐྱིད་པོ་འདི་འདྲ་ཞིག་ལ་བསླེབས་པར་དགའ་སྤྲོ་སྐྱེས།
དགེ་རྒན་ལིའུ་ལགས་སྔོན་ལ་དགུ་འཛོམས་ཚོང་ཁང་ཞིག་ཏུ་འཛུལ། སྦྱིན་བདག་ནི་ལོ་ལྔ་བཅུ་ཡས་མས་ཀྱི་སྐྱེས་པ་དར་མ་ཞིག་རེད། དགེ་རྒན་ལིའུ་ལགས་ཀྱིས་ཡར་གདམས་མར་བཙལ་བྱེད་ཞོར་དུ་སྦྱིན་བདག་དང་ཁ་བརྡ་བྱས།
ཁོས“་་་་་་་་ཁྱོད་ཚོ་རྫོང་གི་རྫོང་དཔོན་ནི་གསར་དུ་བསླེབས་པ་རེད་དམ།”ཞེས་དྲིས།
“གསར་པར་མི་བརྩི། བསླེབས་ནས་ལོ་གཅིག་འགོར་སོང་། ད་སྐབས་ཀྱི་མགོ་ཁྲིད་བརྗེས་པ་མགྱོགས་ཏེ། མི་རྟའི་གཟུགས་བརྙན་འཁོར་སྐྱོད་ལྒང་ཞུ་དང་འདྲ།”
“རྫོང་དཔོན་འདི་ཅི་འདྲ་རེད། ངས་གོ་ཐོས་སུ་གཞན་གྱིས་ཁོ་ལ་གདེང་འཇོག་བྱས་པ་ཧ་ཅང་བཟང་ཟེར།”
“ཨེ་རེད།”
“ཁྱོད་ཀྱིས་བལྟས་ན་གང་འདྲ་འདུག”
“རེད་དམ། ”མི་དེས་ཁོ་ལ་ལྟ་བཞིན་དོགས་ཟོན་བྱས་བྱུང་།
རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ཁོར་བཤད་མི་ཤེས་པའི་སྡང་སེམས་ཅིག་སྐྱེས་པ་དང་ཁ་ཕྱིར་འཁོར་ནས་སྒོར་ཐོན། མི་འདི་འདྲ་ཞིག་གིས་སྦྱིན་བདག་ཇི་ལྟར་བྱེད་དམ། རང་གི་ཚོང་ཁང་ནང་དུའང་ཉལ་གོས་གྱོན་འདུག གོམས་གཤིས་ངོ་མ་མི་ཡག་གི མི་འདི་ལྟ་བུར་མགོ་ཁྲིད་ལ་གདེང་འཇོག་བྱེད་དུ་བཅུག་ན་ཡག་པོ་ཞིག་གང་ནས་ཡོང་།
ཁྲོ་ཉམས་དང་བཅས་ཐག་རིང་པོར་སོང་རྗེས། དགེ་རྒན་ལིའུ་ལགས་ཇ་ལོའི་ཚོང་ཁང་ཅིག་ཏུ་འཛུལ། ཁོས་ཇ་ལོ་ཁུག་མ་གཅིག་ཉོས་རྗེས་བག་ཕེབས་སུ་བརྫུས་ནས“ད་གིན་ངས་ཁྱིམ་མཚེས་ཚོང་ཁང་གི་སྦྱིན་བདག་གིས་ཁྱོད་ཚོའི་རྫོང་དཔོན་ཝང་ལ་གདེང་འཇོག་ཡག་པོ་བྱས་པ་ཐོས་བྱུང་། ”ཁོ་རང་བདེན་མེད་པས་ངོ་གནོང་ནས་གདོང་ཚ་ལམ་ལམ་དུ་གྱུར་པ་དང་། མི་གཞན་གྱིས་ཁོ་ནི་རྫོང་དཔོན་གྱི་དགེ་རྒན་ཡིན་པ་ངོ་ཤེས་པར་སྐྲག་བྱུང་། ཡིན་ནའང་ཁོས་རང་ཉིད་བློས་བཏང་ནས་ཁོའི་སློབ་མ་དང་གསར་དུ་བསླེབས་པའི་རྫོང་དཔོན་འདིར་དྲང་བདེན་བརྩོན་ལེན་བྱེད་འདོད། ཁོས་བསམ་པར་ཁོས་ལས་དོན་ཡག་པོ་སྒྲུབ་ཁོ་ཐག་ཡིན། དེའི་རྒྱུ་མཚན་ནི་ཁོ་ནི་རང་གི་སློབ་མ་ཡིན་ཅིང་། ཁོས་མིར་བལྟས་ནས་ནོར་མི་སྲིད།
“བཟང་གི བཟང་གི རྫོང་དཔོན་འདི་སྐད་ཆ་སྦོམ་པོ་བཤད་པར་དགའ་རུང་། དོན་ཆེན་ཡང་སྒྲུབ་ཐུབ་གི”
ཁོ་ཧད་ནས་མི་དེར་བལྟས། སྐད་ཆ་འདི་ཡག་བཙོག་གང་ཡིན་ཆ་མ་འཚལ། གང་ལྟར་སྐད་ཆ་སྦོམ་པོ་བཤད་པའི་དགའ་བའི་ཞྭ་མོ་དེ་གང་བྱུང་ངང་ཝང་ཕིན་ཁྲིན་གྱི་མགོར་གཡོགས་པ་ནི་ཐ་ཤལ་གྱི་བྱེད་ཚུལ་ཅིག་རེད་སྙམ་བྱུང་། ཁོའི་སློབ་མ་ཝང་ཕིན་ཁྲིན་ནི་མ་གཞི་ནས་མི་ཁེངས་སྐྱུང་ལྷུན་ཆགས་ཅིག་ཡིན། དེ་དང་ཆབས་ཅིག་ཁོ་རང་ཉིད་ཀྱི་སྟེང་ལ་སྙིང་ལངས་བྱུང་། སྦྱིན་བདག་འདི་མ་གཞི་ནས་ཀུན་སྤྱོད་མི་ལེགས་ཏེ། མགོ་སྐྲའི་ཚོས་གཞི་སྣ་ཁ་གཉིས་གསུམ་དུ་བསྒྱུར་འདུག མི་འདི་ལྟ་བུ་དང་ཁོ་ཚོའི་རྫོང་དཔོན་གླེང་བ་ནི་རང་གིས་གཟབ་ནན་མ་བྱས་པའི་ནོར་འཁྲུལ་རང་རེད།
ཇ་ལོ་ཚོང་ཁང་ནས་སྒོར་བུད་རྗེས་ཁོ་ལ་སྐོར་རྒྱག་འདོད་ཀྱི་སྤྲོ་བ་ཉག་ཙམ་ཡང་མི་འདུག དང་ཐོག་རྫོང་འདིས་ཁོར་བཞག་པའི་བག་ཆགས་བཟང་པོ་དེ་ཡང་རྦད་དེ་རྩ་མེད་དུ་བཏང་སོང་། ཁོས་རང་གི་སློབ་མའི་ཕྱིར་དུ་མ་ཉེས་ཁ་གཡོག་དང་སྐྱོ་སྣང་གི་ཚོར་བ་ཞིག་སྐྱེས་བྱུང་། རྫོང་འདི་དང་འདིའི་མི་དམངས་དག་ཝང་ཕིན་ཁྲིན་དང་སྡེབ་མི་འགྲིག ཁོས་དྲང་བདེན་གྱི་ཁོང་ཁྲོ་དང་ཧོལ་རྒྱུགས་འདི་འདྲ་ཞིག་ཁྱེར་ནས་མགྲོན་ཁང་དུ་ལོག་པ་དང་། ཁང་པའི་ནང་ནས་སྡོད་བཟོད་མི་བདེ་བར་གྱུར་ནས་ཁེར་བཤད་བྱེད་བཞིན་ཉིན་ཕྱེད་འགོར། ཁ་པར་བླངས་ནས་ཝང་ཕིན་ཁྲིན་གྱི་ཨང་གྲངས་བཙལ་རྗེས། ཐེངས་ཁ་ཤས་ཤིག་ལ་ཁ་པར་རྒྱག་པའམ་ཡང་ན་འཕྲིན་ཐུང་སྐུར་རྩིས་བྱས། འོན་ཀྱང་ཁོ་དེ་ལྟར་བྲེལ་བ་ཆེ་བར་བསམ་རྗེས། དུས་ཚོད་འདིར་རྣམ་པ་འདི་འདྲ་ཞིག་གིས་ཁོ་ལ་བར་ཆད་བཟོས་ན་མི་འོས་ལ། གང་ལྟར་ངོ་ཐུག་དུས་སྐད་ཆ་བཤད་པའི་དུས་ཚོད་ནི་ཡོད་སྙམ།
དགོང་ཟས་སྔོན་ལ་དྲུང་ཡིག་སུན་གྱིས་ཁོར་ཁ་པར་བཏང་སྟེ། ཟ་མ་ཟ་རུ་མ་འགྲོ་བར་ཁང་པའི་ནང་ནས་སྒུག་སྡོད་ཟེར། ཁོའི་སེམས་སུ་ཏན་ཏན་ཝང་ཕིན་ཁྲིན་ཁོམ་སོང་བ་ཡིན་པས། ཁོར་ཐུག་འཕྲད་དུ་འོངས་ངེས་རེད་སྙམ་པ་དང་། མགྱོགས་པོར་མལ་ཁྲི་ལས་བབས་ནས་གསང་སྤྱོད་ཁང་དུ་སོང་སྟེ་གདོང་བཀྲུས་རྗེས། མགོ་སྐྲ་དང་གྱོན་པར་ཕྱི་དོར་བྱས། དེ་ནས་འབོལ་ཁྲིའི་སྟེང་བསྡད་ནས་ཝང་ཕིན་ཁྲིན་ཡོང་བར་སྒུག ཆུ་ཚོད་བརྒྱད་པར་ཟིན་དུས། མི་ཞིག་གིས་སྒོ་རྡུང་བཞིན་པ་ཐོས་བྱུང་། ལམ་སེང་སྒོ་ཕྱེ་བ་ན། དྲུང་ཡིག་སུན་གྱིས་ཉིན་དེར་ཁོ་བསུ་མཁན་གྱི་ཁ་ལོ་བ་དེ་ཁྲིད་འདུག་ཅིང་། དེ་གཉིས་ཀྱི་ལག་ཏུ་ཁུག་མ་ཆེ་མ་ཆུང་གསུམ་མང་པོ་བཟུང་ནས་སྒོ་ཁར་ལངས་འདུག ཁོས་ཐེ་ཚོམ་དང་བཅས“དྲུང་ཡིག་སུན་ལགས། ཁྱོད་འདི་་་་་་”དྲུང་ཡིག་སུན་གྱིས་ཁང་བའི་ནང་འགྲོ་ཞོར་དུ“ནང་དུ་སོང་ནས་བཤད”ཟེར།
ཁོ་ཚོ་ཁང་བའི་ནང་བསླེབས་རྗེས་དངོས་པོ་མར་བཞག་མ་ཐག འགྲེལ་བཤད་ཅི་ཡང་མེད་པར་དགེ་རྒན་ལིའུ་ལགས་འཐེན་ནས་འོག་གི་ཟ་ཁང་དུ་ཟ་མ་བཟའ་རུ་སོང་། ཚལ་ཁྱེར་འོངས་དུས་དགེ་རྒན་ལིའུ་ལགས་ཀྱིས“རྫོང་དཔོན་ཕིན་ཁྲིན་ག་དུས་ཡོང་གི་རེད”ཞེས་དྲིས། དྲུང་ཡིག་སུན་གྱིས་ཁོར་ཅིག་བལྟས་རྗེས། དོགས་མི་བདེ་བའི་ངང་གདོང་ལ་འཛུམ་ཞིག་བསྡུས་ནས“དགེ་རྒན་ལིའུ་ལགས། གནས་ཚུལ་ནི་འདི་འདྲ་ཡིན་ཏེ། རྫོང་དཔོན་ཝང་ལགས་ཀྱིས་ལས་འགན་ཞིག་རེག་ཙང་། ཧང་ཀྲིག་ཏུ་ཚོང་འགུགས་རྣམ་གྲངས་ཞིག་བསྒྲུབ་ཏུ་འགྲོ་དགོས་བྱུང་སོང་།”
“འོ། ཉིན་ག་ཚོད་འགོར་རམ།”
“མང་ན་གཟའ་འཁོར་གཅིག ཁོས་ང་ལ་ཁྱེད་མ་ཕེབས་སྔོན་གྱི་བྱ་འགུལ་ཚང་མ་བཀོད་སྒྲིག་ཡག་པོ་བྱོས་གསུངས་ལ། ཁྱེད་རང་འདི་ནས་མང་ཙམ་བཞུགས་སུ་ཆུགས་གསུངས་བྱུང་།”
ཁོ་རང་ཅུང་མི་དགའ་བར་གྱུར། ད་གིན་དངོས་པོ་དེ་འདྲ་མང་པོ་ཞིག་ཕུལ་དོན་ནི་མགྲོན་འབུད་བཀའ་ཡིག་གཏོང་བ་མ་ཡིན་ནམ་སྙམ། ཡིན་ནའང་ཁོས་སྐད་ཆའི་རྗེས་མ་མཐུད་པར། མིག་གཉིས་ཀྱིས་བལྟས་ཀྱང་མ་མཐོང་བའི་ངང་ནས་མིག་མདུན་གྱི་ཟས་སྣོད་ལ་ཅེར། དྲུང་ཡིག་སུན་གྱིས་ད་དུང་ཅི་ཞིག་བཤད་བཞིན་འདུག་མོད་ཁོས་དེར་རྣ་བ་མ་བླག ནང་སེམས་རིམ་བཞིན་བདེ་ལ་བབས་རྗེས། ཁོས་བློ་ཐག་རྦད་ཆོད་ཀྱིས་“ང་འདུག་རྒྱུ་མིན། སང་ཉིན་འགྲོ་རྒྱུ་ཡིན། ཁྱིམ་ན་དོན་དག་མང་པོ་ཞིག་གིས་ང་སྒུག་ནས་བསྡད་ཡོད”ཟེར།
“དེ་ག་ལ་འགྲིག རྫོང་དཔོན་ཝང་གིས་ཏན་ཏན་ངས་དོན་དག་ཡག་པོ་སྒྲུབ་མེད་པར་སྐྱོན་བརྗོད་བྱེད་ངེས་ཡིན། ཁྱེད་ཀྱིས་ཡིན་གཅིག་མིན་གཉིས་ཁོ་ལོག་ཡོང་བར་སྒུག་དགོས། ”དྲུང་ཡིག་སུན་གྱིས་ལྷག་བསམ་རྣམ་དག་གི་གདོང་ཞིག་བསྟན་ནས་བཤད།
རྫོང་དཔོན་ཝང་། རྫོང་དཔོན་ཝང་། རྫོང་དཔོན་ཝང་ཚུར་ཡོང་ནས་ང་ལ་ཁོ་གཞུང་དོན་སྒྲུབ་དུ་འགྲོ་རྒྱུ་ཡིན་པ་ལབ་ཆོག་ཆོག་ཡིན། མ་མཐའ་ཡང་ཁ་པར་ཞིག་བརྒྱབ་ནས་ང་ལ་འགྲེལ་བཤད་བརྒྱབ་ཆོག ཁོས་སེམས་ནི་ས་སྨྱུག་གི་རྡུལ་བརྫངས་པ་བཞིན་འཚབ་ནས་དབུགས་ཀྱང་འབྱིན་དཀའ། འོན་ཀྱང་ཁོས་རྣམ་འགྱུར་ཅི་ཡང་མ་བསྟན་ལ་སྟོན་ཡང་མི་རུང་། ཁོ་ནི་ཁོའི་རྫོང་དཔོན་གྱི་དགེ་རྒན་ཡིན་པས་ཁོས་རང་གི་ཐོབ་ཐང་ངོས་ཟིན་དགོས།
དྲུང་ཡིག་སུན་གྱིས་ཆང་ལྡུག་ཞོར་དུ་འདི་ནི་རྫོང་དཔོན་གྱིས་དགེ་རྒན་ལ་འདྲེན་ཆེད་རང་ཁྱིམ་ནས་ཁྱེར་འོངས་བ་ཡིན་ཟེར་དུས། ཁོས་ཐེངས་སྔོན་མ་གཉིས་ལྟར་མི་དགོས་ཞེས་མ་བཤད། གང་འདྲ་བྱས་ནས་སྐྱོ་བ་བསལ་ལམ། ཏུའུ་ཁང་གཅིག་ལས་གཞན་གང་མེད། མཚན་མོ་དེར་ཁོས་ཆང་མི་ཉུང་བ་ཞིག་འཐུང་། སྤྱིར་ན་ཁོ་ཆང་འགྲོ་མི་བཟང་ལ་ཆང་འཐུང་རྒྱུར་ཡང་མི་དགའ། ཁོས་རང་ཉིད་བཟི་རུ་འཇུག་འདོད་མོད། འཐུང་གིན་འཐུང་གིན་རིག་པ་ཇེ་གསལ་རེད། གློ་བུར་དུ་ཁོ་ལ་སྐྱོ་སྣང་སྐྱེས། མི་ནི་མགོ་འཐོམ་འདོད་དུས་ནམ་ཡང་རིག་པ་འདི་ལྟར་ཇེ་གསལ་ཡིན།
འོན་ཀྱང་ཁང་པའི་ནང་དུ་བསླེབས་དུས་ཁོས་བསྲན་མ་ཐུབ། ལུང་པ་གང་སྐྱུག མཚན་མོར་བཏུང་བ་དང་བཟས་པ་ཐམས་ཅད་སྐྱག་ཟོམ་ལ་བྱིན། སྐབས་ཤིག་ལ་ཁོས་རང་གིས་ལྕོགས་རྒྱུ་མ་རེད་བསམ་བྱུང་། སྙིང་གི་ལྡིང་ཚད་ནི་སྐབས་རེར་མགྱོགས་ཅིང་སྐབས་རེར་དལ། གལ་ཏེ་འདི་ལྟར་ཤི་སོང་ན་ལས་སླ་མོ་རེད་དེ། དོན་དག་མང་པོ་ཞིག་ལས་གཡོལ་ཐུབ།
ཐེངས་རེར་སྐྱུག་རྗེས་ཁོས་རང་འབབ་ཆུའི་ཁ་ཕྱེ་ནས་ཆུ་ཉུང་ཙམ་བཏུང་། ཁོས་ཤེས་པའི་གསོ་རིག་གི་རྒྱུན་ཤེས་ཀྱིས་ལུས་པོར་ཆུ་ཆད་མི་རུང་བ་གསལ་འདེབས་བྱས། དེ་ལྟར་ཉིན་ཕྱེད་ཙམ་སྣོག་རྗེས། ག་ལེར་ལུས་པོ་སླར་གསོ་བྱེད་ཐུབ་ཙམ་བྱུང་། བཟི་སྣང་ཇེ་ཆུང་དུ་སོང་བ་དང་ཁོས་སང་ཉིན་ཞོགས་པར་སྤྱི་སྤྱོད་རླངས་འཁོར་ཨང་དང་པོར་བསྡད་ནས་འགྲོ་རྒྱུ་གཏན་ཁེལ་བྱས། ཡར་ལངས་ནས་གཟུགས་པོ་བཀྲུས་རྗེས། མལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ་ཡང་སེམས་སུ་ཁུར་གྱིས་བཀང་བས། གཉིད་གཏན་ནས་མ་ཁུག འདིར་བཞའ་ཚན་ཆེ་བའི་རྐྱེན་གྱིས་ཁ་སང་བཀྲུས་པའི་དོར་མ་ད་དུང་སྐམ་མི་འདུག ཝང་ཕིན་ཁྲིན་ནམ་ཡང་ན་དྲུང་ཡིག་སུན་ལ་ཡི་གེ་ཞིག་འཇོག་དགོས་སམ། ཇི་ལྟར་བྲིས་ན་འདྲ་ཆགས་པོ་ཞིག་ཡོང་ངམ། བསྡད་ས་ཞིག་བཙལ་ནས་ཉིན་གཉིས་བསྡད་རྗེས་ལོག་དགོས་སམ། དེ་མིན་མིས་ཧ་གོ་དུས་འཕྱ་སྨོད་བྱེད་མི་ཡོང་ངམ།
ཁོས་དེ་ལྟར་རང་གིས་རང་ལ་མནར་ནས། ནམ་གུང་ཆུ་ཚོད་དང་པོར་ཟིན་ཡང་སྔར་བཞིན་གཉིད་མ་ཁུག ཕོ་བ་ད་དུང་ཅུང་ན་བཞིན་འདུག ཁོས་མེ་འཁོར་ནང་སྤྲད་པའི་ཀ་ར་གོ་སྲབ་ཁུག་མ་ཆུང་ཆུང་གང་ཡོད་པ་དྲན། ཉལ་ཁྲིའི་སྟེང་ནས་གོག་མ་ནུར་གྱིས་ལངས་ཏེ་བཙལ་ནས་ཟོས། དོར་མ་ཁྱེར་ཡོང་ནས་ཡག་པོར་ལྟེབ་རྗེས་ཉལ་གདན་དང་མལ་ཁྲིའི་དབར་དུ་བཙིར་ནས་དྲོད་སྐམ་བྱས། ཁོས་དྲུང་ཡིག་སུན་གྱིས་ཁྱེར་འོངས་བའི་ཡུལ་ཐོན་དངོས་རྫས་དེ་དག་ལས་གཅིག་གི་ཁ་ཡང་མ་ཕྱེ། དེ་དག་གྲལ་འགྲིག་པོའི་ངང་སྒེའུ་སྟེགས་ཀྱི་འོག་ཏུ་སྒྲིག་ཡོད། ཁོ་སྒྲོག་ཙེའི་སྟེང་སྦུབ་ནས་དྲུང་ཡིག་སུན་ལ་ཡི་གེ་ཞིག་བཞག གཅིག་ནས་གྱེས་ཕྱག་ཕུལ་བ་ཡིན་ལ། གཉིས་ནས་ཁོར་ཉིན་འདི་གཉིས་ལ་སེམས་རྩ་འཁོལ་པོས་སྣེ་ལེན་བྱས་པར་བཀའ་དྲིན་ཞུ་ཆེད་ཡིན། “་་་་་་་་་ང་རང་མི་ལོ་བདུན་ཅུར་བསླེབས་ཟིན། འཇིག་རྟེན་གྱི་མཁོ་བ་ཧ་ཅང་ཉུང་། སྤྲད་པའི་དངོས་པོ་མ་བླངས་བར་དགོངས་དག་ཞུ། རྫོང་དཔོན་ཕིན་ཁྲིན་ནི་སྲིད་བརྩོན་དམངས་གཅེས་ཅན་ཞིག་ཡིན་པ་དང་། གཉིད་བཅག་ཟས་བརྗེད་ཀྱིས་ལས་ལ་བྲེལ་བ་ནི་ཁྱེད་རྫོང་གི་མི་དམངས་ཡོངས་ཀྱི་བསོད་ནམས་ཡིན་པས། དགེ་རྒན་ང་ཡང་དགའ་ཞིང་བློ་བདེ་པོ་བྱུང་། ང་ནི་དགེ་རྒན་བཟང་པོ་ཞིག་མིན་ཡང་། སྦྱང་ལ་དགའ་ཞིང་མཁས་པའི་མིར། ངས་ཚེ་གང་དམ་པས་གསུངས་བའི‘ངས་ནམ་ནམ་ཞར་ཞར་ཡང་ཁོར་ཞལ་གདམས་བསླབ་བྱ་གནང་བ་ཡིན’ཞེས་པའི་བཀའ་སློབ་དེ་ཡིད་ལ་དམ་པོར་བཅངས་ནས་སློབ་གསོ་བཏང་བ་ཡིན་་་་་་”
འདི་དག་བསྒྲུབ་ཚར་རྗེས་ནམ་གུང་གི་ཆུ་ཚོད་གསུམ་པར་བསླེབས་ཟིན། ཁོ་ཡང་བསྐྱར་མར་ཉལ་རྗེས། མིག་གདངས་ཏེ་ནམ་ལངས་བར་སྒུག
ཕྱི་ཉིན་ཞོགས་པར། ཁོ་ཐད་ཀར་དུ་རླངས་འཁོར་འབབ་ཚུགས་སུ་ཕྱིན། སྤྱིར་ཁོས་མགྲོན་ཁང་གི་གླ་དང་ཟས་རིན་སྟེར་རྩིས་ཡོད་མོད། ཡང་བསམ་བློ་ཞིག་གཏོང་དུས་འདི་ལྟར་བྱས་ན་ཁོ་ཚོ་ཁ་སྐྱེངས་ངེས་ལ། རང་གི་སློབ་མར་ཡང་ངོ་སོ་ཡོད་ཀྱི་མ་རེད་སྙམ། ཁོས་སེམས་ནང་ད་དུང་ཡང་རང་གི་སློབ་མ་ཝང་ཕིན་ཁྲིན་དྲན་བཞིན་ཡོད།
ཧོའེ་ནན་ནས་མེ་འཁོར་དུ་འདུག་དུས། ཁོས་མེ་འཁོར་འབབ་ཚུགས་ནས་ཞྭ་མོ་ཞིག་ཉོས་ཏེ་གྱོན། དེ་ནི་ཧོའེ་པེ་རུ་བསླེབས་རྗེས་འབབ་ཚུགས་ཀྱི་ཐོན་སྒོ་ནས་མི་རྒྱུས་ཡོད་ཀྱིས་ངོས་མི་ཟིན་ཆེད་ཡིན། ལས་མ་བཟང་བར་ཁོ་འབབ་ཚུགས་ལས་སྒོར་འབུད་དུས་ལུའོ་ཀྲི་ཅིན་གྱིས་དེ་ན་འགྲུལ་བ་བཙལ་བཞིན་འདུག ཁོ་ལམ་སེང་གཞོགས་གཅིག་ཏུ་གཟུར། འབབ་ཚུགས་ལས་ཐོན་རྗེས། ཁོས་ཅུང་ཐག་མི་རིང་བའི་ས་ན་ལམ་ཁ་ཞིག་ཡོད་ལ། གྲོང་བརྡལ་དུ་འགྲོ་མཁན་རླངས་འཁོར་ཐམས་ཅད་དེ་བརྒྱུད་དགོས་པ་དྲན། ཁོ་ལམ་ཁ་དེར་བསླེབས་རྗེས། ཞྭ་མོས་རླུང་གཡབ་བྱེད་ཞོར་དུ་རླངས་འཁོར་སྒུག ཅུང་མ་འགོར་བར། རླངས་འཁོར་ཅིག་བྱ་འཕུར་བ་ལྟར་རྒྱུག་འོངས་ནས་ཁོའི་མདུན་དུ་ཏན་སེ་ཁ་བཀག་བྱུང་། ལུའོ་ཀྲི་ཅུན་གྱིས་སྐད་མཐོན་པོས“རྒན་ལིའུ་ལགས། ཁྱོད་ཀྱིས་འདི་ན་ཅི་བྱེད་ཀིན་ཡོད། མྱུར་དུ་ཡར་ཤོག་དང་བསྡད་ས་སྟོང་པ་གཉིས་འདུག”ཞེས་བཤད་མ་ཐག རླངས་འཁོར་ལས་མར་ལྡིང་ནས། ཁོ་སྐྱོར་ཏེ་གྲལ་དང་པོའི་མིའི་བསྡད་སར་དགེ་རྒན་བསྡད་དུ་བཅུག
ལམ་བར་དུ་ལུའོ་ཀྲི་ཅིན་གྱིས་ཁོ་ལ“ཁྱེད་རང་དུས་ཡུན་རིང་ཙམ་ལ་འདུག་ཏུ་ཕྱིན་པ་མིན་ནམ། མགྱོགས་པོ་འདི་འདྲ་ལོག་དོན་ཅི་རེད”ཞེས་དྲིས།
“ཚང་མ་ཁྱོད་ལྟར་སེམས་རྩ་འཁོལ་དྲགས་པས་ལན་པ་རེད། ཟས་ཐུན་རེར་ཆང་འཐུང་དུ་འཇུག ངས་གཟུགས་པོས་ལྕོགས་ཀྱིན་མི་འདུག”ཟེར།
“དེ་ལོས་ཡིན། ཁྱེད་རང་སློབ་མར་ཤ་ཚ་ལ། ལྷག་པར་དུ་ཝང་ཕིན་ཁྲིན་ལ་ཤ་ཚ། ཨ་ཕ་ཡིན་ཡང་འདི་ལས་ལྷག་པ་མེད། ཁོས་ཁྱེད་ལ་ཡག་པོ་བྱས་ན། དེའི་མིང་ལ་རྒྱུ་དག་ཟེར།”
“བཤད་སྲོལ་འདི་འདྲ་ཞིག་གང་ན་ཡོད།” ཁོས་མ་འདོད་པའི་ངང་བཤད་རྒྱུར། “མདང་དགོང་ངས་ཆང་འཐུང་བ་མང་དྲགས་པས། ང་རང་ཅུང་ངལ་གསོ་རུ་ཆུགས། ”བཤད་ཚར་བ་དང་ཁོས་མིག་བཙུམས་ནས་ལམ་གང་བོར་སྐད་ཆ་ཚིག་གཅིག་ཀྱང་མ་བཤད། གཉིད་མ་སད་ཀྱི་ངང་། ཁོས་ལུའོ་ཀྲི་ཅིན་གྱིས་ཁ་པར་བཏང་ནས་མི་བསྡུས་ཏེ་ཟ་མ་ཟ་རྩིས་བྱེད་པ་ཐོས་ལ། ཐག་རིང་ནས་ཡོང་བའི་ཁོར་སྣེ་ལེན་བྱེད་རྒྱུ་ཡིན་ཟེར། ཁོས་བཀག་འགོག་བྱེད་འདོད་ཀྱང་། ཧ་ཅང་ཐང་ཆད་པས་ཁ་ཡ་བྱེད་མི་འདོད། ལྷོད་ལ་བབས་དུས་རྒྱུག་ཐེངས་གཅིག་ལ་ལེ་དབར་སྟོང་གི་ངལ་བས་ཁོར་འཇབ་རྒོལ་བྱས་བྱུང་། ཁོ་རང་གཉིད་ཁུག་སོང་།
ལུའོ་ཀྲི་ཅུན་གྱིས་ཁོ་འབོད་དུས། རླངས་འཁོར་ཟ་ཁང་གི་སྒོ་ཁར་བསླེབས་འདུག ཁོས་རླངས་འཁོར་གྱི་འགྲམ་དུ་མི་ཁྱུ་གཅིག་ལངས་འདུག་པ་མཐོང་། ཚང་མ་ཁོའི་སློབ་མ་རེད་ལ། དེའི་ཁྲོད་གྲོང་བརྡལ་གྱི་ཧྲུའུ་ཅི་ཡང་འདུག ཁོ་ཡར་ལངས་ནས་ནུབ་ལྭ་ལེགས་སྒྲིག་ཙམ་བྱས་རྗེས་མར་བབས།
“རྫོང་དཔོན་ཕིན་ཁྲིན་བདེ་མོ་ཡིན་ནམ།” ཟ་མ་ཟ་དུས་གྲོང་བརྡལ་གྱི་ཏང་ཨུ་ཧྲུའུ་ཅིས་དྲིས།
“དེ་བཤད་མི་དགོས། བདེ་མོ་རེད། ངོ་མ་ངར་བ་རེད། ”ཁོས་ཧུར་ཐག་གིས་འོས་འཚམ་གྱི་མིང་ཚིག་བཙལ་ནས་བཤད། ཡིན་ནའང་བཤད་ཟིན་པའི་སྐད་ཆ་ནི་ཚིག་གྱོང་སྐམ་པོ་རང་རེད། ཁོས་ཚིག་སྣེ་གཞན་ལ་བསྐོར་འདོད་ཀྱང་བསྐོར་མ་ཐུབ། ཚང་མས་སེམས་ཁུར་བྱེད་ས་ནི་ཝང་ཕིན་ཁྲིན་རེད། ཚལ་རེ་རེ་དྲངས་ཤིང་། ཆང་ཡང་ཤིན་ཏུ་ལེགས། དེ་དག་ཚང་མ་ནི་ཁོ་རང་དགའ་ཤོས་རྐྱང་རྐྱང་རེད། ལུའོ་ཀྲི་ཅིན་གྱིས་ཁོ་རང་ཅི་ཞིག་ལ་དགའ་བ་ཤེས། ཡིན་ནའང་ཁོར་ཟ་འདོད་ཉག་ཙམ་མི་འདུག ཐུར་མ་བཟུང་ནས་འགུལ་ཙམ་བྱས་རྗེས་མར་བཞག་སོང་། ཆང་ཡང་ཁ་ཤ་སྒྲེས་ཙམ་ལས་བྱེད་ཀྱིན་མི་འདུག ཁོར་དངོས་གནས་སྤྲོ་བ་ཅི་ཡང་མི་འདུག
“དགེ་རྒན་ལིའུ་ལགས། ཁོ་རང་ངོ་སོ་ཆེ་བ་ལ། ཁྱེད་རང་སྐུ་དངོས་སུ་ཁོར་བལྟ་རུ་སོང་། ཁོ་དགའ་ནས་སྨྱོ་མི་ཡོང་ངམ།” སློབ་མ་ཞིག་གིས་ཁོར་ཆང་འདྲེན་པའི་གོ་སྐབས་དང་བསྟུན་ནས་བཤད།
“འུན། ལོས་ཡིན། དགའ་སྟེ་ངའི་ལག་པ་ནས་བཟུང་རྗེས་མི་གཏོང་།” ཁོས་ཆང་ཕོར་བཞག་པ་དང་མིག་ཕྱེད་ཙམ་བཙུམ་ནས་ཕྱག་རྒྱ་བྱེད་བཞིན་རང་གི་ལག་གཡོན་པས་གཡས་པ་བཟུང་། “ཁོར་ད་དུང་ཡང་ཁྱོད་ཚོ་སློབ་གྲྭ་འགྲིམས་དུས་ལྟར་ལག་མཐིལ་ནས་རྔུལ་ཆུ་ཐོན་པའི་སྐྱོན་དེ་འདུག ”གློ་བུར་དུ་ཁོའི་ལག་པ་བར་སྣང་ནས་གཡུག་མཚམས་བཞག་པ་དང་། ལུས་སྟེང་ནས་ཁུར་བོ་ལྗིད་མོ་ཞིག་ཕོག་པ་ལྟ་བུའི་སྣང་བ་བྱུང་ལ། སེམས་ནང་གི་དངོས་པོ་ལ་ལ་ཞིག་འགུལ་མགོ་བརྩམས། ཁོས་ཝང་ཕིན་ཁྲིན་གྱི་དྲོ་ཞིང་བརླན་པའི་ལག་པ་དྲན་བྱུང་ལ། སྔོན་ཆད་ཀྱི་དོན་དག་མང་པོ་མང་པོ་ཞིག་ཡང་དྲན་བྱུང་། སྐབས་དེ་དུས་ཝང་ཕིན་ཁྲིན་གྱི་ཨ་ཕས་བཟོ་སྐྲུན་ལས་ཡུལ་ནས་རྐང་བ་གཉིས་ཀ་བཅག་པས་ཁོ་སློབ་འཐེན་བྱས་ནས་རང་གི་ཨ་ཕའི་ཚབ་ཏུ་འགྲོ་རྩིས་བྱས། ཁོ་གྲོང་གསེབ་ཏུ་སོང་ནས་ཝང་ཕིན་ཁྲིན་ཁྲིད་འོངས་ཞིང་། རང་གི་གཞུང་ལས་ཁང་དུ་ཉལ་བཅུག་པ་དང་། ཁོ་ཚང་དུ་ཟ་མ་ཟ་རུ་བཅུག དངོས་གནས་ཁོའི་བུ་དང་ཁྱད་པར་གང་ནས་ཡོད། དོན་ངོ་མས་བཤད་ན་ཁོས་རང་གི་བུར་ཡང་སེམས་གཏིང་ནས་བདག་སྐྱོང་འདི་འདྲ་བྱས་ག་ལ་མྱོང་།
ཁོས་སློབ་མས་དྲངས་བའི་ཆང་བཏུང་རྗེས་སེམས་པ་གསལ་གྱི་ལེར་སོང་བ་དང་སེམས་སུ་སྤུང་བའི་ས་སྨྱུག་གི་རྡུལ་དེ་ཡང་གར་སོང་ཆ་མེད་དུ་གྱུར། “ལུས་ཡོངས་སྨིན་མ་དང་ཁ་སྤུ་ལས་མེད་ཀྱང་ཆང་ཉུང་ཙམ་བཏུང་བས་སེམས་ཀྱི་སྐྱོ་སྣང་སེལ།” འདི་འདྲའི་སྐད་ཆ་ལེགས་པོ་ཞིག་སུས་བཤད་པ་ཡིན་ནམ།
ཁོའི་སྣང་བར་ད་ལྟ་མཁོ་བ་ནི་ཆང་ཡིན།
“ཁྱེད་ཉིན་མང་ཙམ་བསྡད་ན་འགྲིག ཧོའེ་ནན་དུ་ཟ་རྒྱུ་འཐུང་རྒྱུ་ཞིམ་པོ་མང་པོ་ཡོད་པས། དེ་དག་ལོངས་སྤྱོད་ཡག་པོ་བྱེད་དགོས། གལ་ཏེ་ང་ཡིན་ཚེ་ཟ་འཐུང་ཡིད་ཚིམ་པ་ཞིག་མ་བྱས་པར་མི་ལོག་ཐག་ཆོད་ཡིན། ”ལུའོ་ཀྲི་ཅིན་གྱིས་གད་མོ་འཚེར་འཚེར་གྱིས་བཤད།
“ཧི་ཧི། ལུའོ་ཀྲི་ཅུན། ལྟོ་སྐྱ་མཁན་ཁྱོད། དགེ་རྒན་ལིའུ་ལགས་ཀྱིས་ཚེ་འདིར་ཅི་ཡང་མི་རྩོད། ལྷག་པར་དུ་ཟ་འཐུང་ལ་རྩོད་པ་དེ་བས་མི་བྱེད།” གྲོང་བརྡལ་གྱི་ཏང་ཨུ་ཧྲུའུ་ཅིས་དགོད་བཞིན་དུ་བཤད།
སྐད་ཆ་འདིས་ཁོ་རང་འདར་དུ་བཅུག ལུས་ལ་གློག་འཁྱུད་པ་ལྟ་བུའི་ཚོར་བ་ཅིག་བྱུང་། རང་གིས་ངོ་མ་ཅི་ཡང་མི་རྩོད་དམ། སློབ་མ་རྣམས་རང་ལ་འདི་ལྟར་བཟང་བ་ནི་ཁྱོད་ཀྱིས་ནམ་ཡང་ཁོ་ཚོ་དང་རྩོད་པ་མི་བྱེད་པས་མིན་ནམ། ད་ལྟ་ནུས་མེད་འདི་འདྲ་ཞིག་ཏུ་གྱུར་བ་ཅི་རེད། ལོ་ན་རྒས་གྱིན་རང་གི་སློབ་མ་དང་རྩོད་མགོ་བརྩམས་འདུག
ཁོ་མགོ་ཡུ་ཅུང་འཁོར་གྱིན་འདུག ཡིན་ནའང་ཁོ་ཡར་ལངས་བྱུང་། ལག་པ་གཉིས་སྒྲོག་ཙེར་ཁེན་ནས་མཐའ་འཁོར་གྱི་སློབ་མ་རྣམས་ལ་ལྟ་སྐབས། རང་ཉིད་སློབ་ཐུན་སྟེང་བསླེབས་པ་ལྟ་བུའི་སྣང་བ་བྱུང་། གསོན་ཉམས་ལྡན་པའི་ངོ་གདོང་རེ་རེས་སྔོན་ཆད་ཁོར་གཟི་བརྗིད་དང་སྙིང་ཉེ་བའི་ཚོར་བ་སྦྱིན་མྱོང་། ཁོ་གློ་བུར་དུ་ངོ་གནོང་ལ་སེམས་འགུལ་ཡང་ཐེབས། མིག་གཉིས་དྲོད་ལམ་ལམ་བྱེད།
“སློབ་གྲོགས་ཚོ། སློབ་གྲོགས་ཚོ། ཕིན་ཁྲིན་་་་་་་ད་དུང་ཁྱོད་ཚོ་་་ངོ་མ་བཟང་བ་ལ། བཟང་བ་ལ།”
ཁོས་མགོ་བོ་དགྱེ་ནས་ཆང་ཕོར་ཆེན་པོ་གང་བཏུང་སོང་།
བཟི་སྣང་དུས་ལྟར་བསླེབས་སོང་།
ནམ་གུང་སད་དུས། ཁོས་གྱོན་པ་ཡང་མ་ཕུད་པར་མལ་ཁྲིའི་སྟེང་ཉལ་འདུག་པ་ཤེས། ནུབ་ལྭ་གསར་པ་དེ་ལྟེབས་ཆགས་ཤོར་འདུག མདང་དགོང་སློབ་མ་རྣམས་ཀྱིས་ཁོ་ཇི་ལྟར་སྐྱེལ་འོངས་བའི་སྐོར་ཁོས་གཅིག་ཀྱང་དྲན་སོས་ཀྱིན་མི་འདུག བུ་དང་མནའ་མ་གཉིས་ཀ་གཟའ་མཇུག་དང་བསྟུན་ནས་གྲོང་ཁྱེར་དུ་གློག་བརྙན་བལྟ་རུ་སོང་སྟེ། ད་དུང་ཕྱིར་ལོག་མི་འདུག ཁོས་ཇ་ཕོར་བ་གང་སྒྲུང་། ག་ལེར་བཏུང་རྗེས་ཐད་ཀར་སྒོ་རའི་ནང་དུ་སོང་།
མཚན་མོ་ནི་བསིལ་བ་ཆུ་དང་འདྲ་ཞིང་ཁ་ཁུ་སིམ་པོར་གནས། ཐག་རིང་ཐག་རིང་གི་ཡུལ་དུ། ཆུ་བོའི་བཞུར་སྒྲ་ཐོས་ཐུབ། ཆུ་བོ་འདིས་ཞིང་ཆེན་ཁ་ཤས་སྐོར་རྗེས། གྲོང་བརྡལ་གྱི་དཀྱིལ་ནས་གཤགས་ཏེ། ཉིན་མཚན་བལྟོས་མེད་དུ་ཧོའེ་ཧོ་ཆུ་བོའི་ནང་དུ་བཞུར། ད་ཐེངས་ཧོའེ་ནན་དུ་ཕྱིན་དུས་ཧོའེ་ཧེ་ཆུ་བོ་ཐེངས་གཉིས་བརྒལ་ཡང་། ཁོས་མགོ་བོ་གཅུས་ནས་མིག་གིས་ཐེངས་གཅིག་ཀྱང་མ་བལྟས། ད་ལོ་ད་མི་བཤད། སྒུག་ནས་སང་ལོར་དཔྱིད་ཤར་མེ་ཏོག་བཞད་དུས། ཁོས་འོས་འཚམ་གྱི་ས་ཆ་ཞིག་བཙལ་རྗེས། དུས་ཡུན་རིང་ཙམ་ལ་བསྡད་ནས། ཧོའེ་ཧེ་ཆུ་བོར་ཡག་པོར་བལྟ་ངེས་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།