སྙིང་མོ་སྐྱིད་ཀྱི་སྒྲུང་ཐུང《སྤྱི་ཕན་གཏུག་བཤེར》།

རྩོམ་པ་པོ།:སྙིང་མོ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-11 09:12:00 ཀློག་གྲངས།:

སྤྱི་ཕན་གཏུག་བཤེར།
སྙིང་མོ་སྐྱིད།(ལྷ་ས)

     དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་ལས་ཚོགས་སུ་ཞུགས་མ་ཐག་མཛུབ་རིས་མནན་ནས་འབྱོར་ཐོ་བཀོད་རྗེས་ཁེར་ཐོག་གི་གཞུང་ལས་ཁང་དུ་ཕྱིན། ཤེལ་ཕོར་ནང་ཇ་ལོ་ཏོག་ཙམ་འཕངས་ཏེ་ཆུ་ཁོལ་བླུགས་པ་དང་། གློག་ཀླད་ཀྱི་ཁ་ཕྱེ་ནས་ཞུ་གཏུག་ཞིབ་བཤེར་ཡི་གེ་གཏགས་བཞིན་པའི་སྒང་དེར་ཕྱི་རོལ་ནས་སྒོ་རྡུང་བའི་སྒྲ་ཞིག་ཐོས་བྱུང་།
     ང་རང་ཡར་ལངས་ནས་སྒོ་ཕྱེ་རུ་སོང་བ་ན། མཐོང་ཡུལ་དུ་མི་གཅིག་ཀྱང་མི་འདུག
     “ཞིབ་དཔྱོད་དཔོན་ལགས། སྐུ་མཁྱེན། ང་ཚོར་རོགས་པ་ཞིག་བྱེད་རོགས། ”སྐད་སྒྲ་དེ་ནི་འཇིག་རྟེན་གཞན་ཞིག་ནས་མཆེད་ཡོང་བ་ལྟར་རྒྱང་ཐག་ཧ་ཅང་རིང་།
     ང་རང་ཡ་མཚན་དང་བཅས་ཡར་ལྟ་མར་ལྟ་ཅིག་བྱས་པ་ན། རི་བོང་ཞིག་སྒོ་ཁར་ལངས་ནས་མིག་རིག་རིག་གིས་ང་ལ་བལྟས་འདུག
     རི་བོང་དེས་ཧ་ཅང་ཉམ་ཆུང་ངང་ཡིག་ཤུབས་ཞིག་ང་ལ་སྟེར་ཞོར་དུ་བཤད་རྒྱུར། “ང་ནི་མེ་ཏོག་རྩྭ་ཐང་ནས་ཡོང་བའི་རི་བོང་བློ་ལྡན་ཡིན། ད་ཐེངས་ཆེད་དུ་མགོ་གཙོའི་རེ་བཅོལ་ལྟར་ཞུ་ཡིག་འདི་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་སྐྱེལ་དུ་འོངས་བ་ཡིན། སྐུ་ཉིད་ཀྱིས་ཞུ་ཡིག་འདི་ཡིན་གཅིག་མིན་གཉིས་ཞིབ་དཔྱོད་ཀྲང་ལ་སྤྲོད་རོགས་”ཟེར།
     མིག་མདུན་གྱི་རྣམ་པ་དེས་ང་རང་དར་ཅིག་ལ་ཡ་མཚར་ནས་ཁ་གདངས་སུ་བཅུག་སོང་ལ། རང་གི་མིག་ལའང་ཡིད་མ་ཆེས་པར་འདི་ནི་ངོ་མ་ཡིན་ནམ་ཞེས་རང་གིས་རང་ལ་ཤ་གཅུ་ཞིག་རྒྱག་དགོས་བྱུང་།
     འགུལ་རིས་བརྙན་འཕྲིན་ནང་ལྟར་སྐད་ཆ་བཤད་ཤེས་པའི་རི་བོང་དེ་ནི་ལུས་པོ་གངས་ལྟར་དཀར་ཞིང་རྣ་བ་གཉིས་ཀ་མཛུབ་མོ་ཀེར་བ་བཞིན་གྱེན་དུ་བསླངས་བའི་རི་བོང་ངོ་མ་ཞིག་ཡིན་ཏེ། དེས་སླར་ཡང་ང་ལ་“སྐུ་མཁྱེན། ཞིབ་དཔྱོད་དཔོན་ལགས། རོགས་པ་ཞིག་བྱེད་རོགས་”ཟེར།
     སྐབས་དེར་ང་རང་གློ་བུར་དུ་རྨོངས་གཉིད་ལས་སད་པ་ལྟར་མྱུར་དུ་མར་ཙོག་ནས་“རི་བོང་ཆུང་ཆུང་ཐུགས་ཁྲལ་གནང་མི་དགོས་ངས་ལམ་སེང་སྐྱེལ་ཆོག ཁྱོད་རང་བློ་བདེ་མོས་་ངང་ལོག་ཆོག་”ཅེས་བཤད་མ་ཐག རི་བོང་དེ་མིག་རྡེབ་དབང་ཙམ་ལ་གར་སོང་ཆ་མེད་དུ་གྱུར་སོང་།
     རྨི་ལམ་ལྟ་བུའི་མིག་མདུན་གྱི་བྱུང་བ་དེར་ང་རང་མགོ་རྨོངས་སོང་ཡང་། ལག་ཏུ་ཞུ་ཡིག་ཅིག་ཡོད་པ་མངོན་སུམ་ཡིན་པས། ངས་ཞུ་ཡིག་དེ་ཁྱེར་ནས་ཞིབ་དཔྱོད་ཀྲང་བཙལ་དུ་སོང་བ་ཡིན།
     ཞིབ་དཔྱོད་ཀྲང་གིས་ཞུ་ཡིག་དེར་བལྟ་བཞིན་གདོང་གཤིས་རྦད་དེ་ལོག་སོང་། ཅུང་ཙམ་འགོར་རྗེས་ཞིབ་དཔྱོད་ཀྲང་གིས་དངན་པ་ཞིག་འཐེན་པ་དང་འདུག་སྟེགས་ལས་ཡར་ལངས་ཏེ་ང་ལ་“ལས་གྲོགས་འགའ་བོས་དང་མྱུར་དུ་མེ་ཏོག་རྩྭ་ཐང་ལ་འགྲོ་”ཟེར།
     ལམ་བར་དུ་ང་ཚོ་འགྲོ་མཁན་རྣམས་ཀྱིས་ཞུ་ཡིག་དེར་བལྟས་པ་གཤམ་གསལ་ལྟར།
     གུས་པར་འོས་པའི་ཞིབ་དཔྱོད་ཀྲང་ལགས། གུས་པ་ནི་མེ་ཏོག་རྩྭ་ཐང་གི་མགོ་གཙོ་འབྲོང་ཆུང་དར་མ་ཡིན། ངས་མེ་ཏོག་རྩྭ་ཐང་གི་ཚབ་བྱས་ནས་ཁྱེད་ལ་ཞུ་ཡིག་འདི་བྲིས་པ་ཡིན།  སྤྱིར་ལོ་ཉི་ཤུའི་ཡར་སྔོན་དུ་ང་ཚོའི་ཡུལ་འདི་ནི་རྩི་ཤིང་གྲངས་མེད་ཐགས་སུ་བྲེས་ལ། མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་པ། གནག་ཕྱུགས་ངུར་སྒྲས་བར་མེད་གཏམས་ཤིང་གཡང་དཀར་འབའ་སྒྲ་ལྷང་ལྷང་སྙན་པ། དྲི་ངད་ཞིམ་པོ་ཕྱོགས་སུ་འཐུལ་ལ་རི་སྐྱེས་མ་བུས་བང་རྩལ་འགྲན་པ། ད་དུང་དྭངས་གཙང་ཆུ་མོ་ལྷུང་ལྷུང་འབབ་པ་སོགས་འགྲོ་ཀུན་ཡིད་སྨོན་རིང་ནས་འཆོར་བའི་ཡུལ་ཞིག་ཡིན་ཅིང་། ས་འདིའི་བོད་མིའི་སྲོལ་རྒྱུན་ལའང་ས་བདག་ཆུ་བདག་སོགས་སྣོད་བཅུད་ཐམས་ཅད་ལ་མི་ལས་ལྷག་པའི་གཉེན་པོ་གསང་བ་རེ་བདག་པོར་བསྐོར་ཏེ་བདེ་སྲུང་བྱེད་ཐབས་སྣ་ཚོགས་ཤིག་ཡོད་པས་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ལེགས། འོན་ཏེ། དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་དངུལ་གྱི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པའི་ཡུལ་འདིའི་མི་རྣམས་ཀྱིས་མིག་མདུན་གྱི་ཁེ་ཕན་ཁོ་ནར་དམིགས་ཏེ་ཕྱུགས་ཟོག་ཐམས་ཅད་དངུལ་ལ་བརྗེས་ཤིང་། མགོ་སྦྲ་སྨུག་པོ་རིངས་དུ་དོར་ནས་གྲོང་ཁྱེར་དུ་ཕྱིན་ལ། གྲོང་ཁྱེར་གྱི་མི་རྣམས་ནི་དར་སྲོལ་གསར་མ་ཞིག་ལ་བསྙེགས་པར་ང་ཚོའི་ཡུལ་འདིར་སྤྲོ་གསེང་ལ་ཡོང་ནས་མི་གཙང་གད་སྙིགས་གང་སར་འཕངས་ཤིང་། རི་སྐྱེས་སྲོག་ཆགས་སྣ་མང་བསད།  ད་དུང་ཞོར་ལས་བ་རྣམས་ཀྱིས་དབྱར་རྩ་དགུན་འབུ་སོགས་སྨན་རྩ་འཐོབ་ཆེད་སྔོ་ལྗང་སྤང་ལེབ་བཀོག་ནས་རྩྭ་ཐང་གི་ལུས་ཀུན་ལ་རྨ་ཁ་བཏོད་པས་རྩྭ་ཤུལ་ཡང་བྱེ་མས་མནན། དེ་དག་ལས་ཀྱང་བཟོད་དཀའ་བ་ཞིག་ནི་རྫས་འགྱུར་བཟོ་གྲྭས་ཕྱིར་བཏང་བའི་སྙིགས་རོས་ང་ཚོའི་འཐུང་ཆུ་དུག་ཆུ་རུ་བསྒྱུར་བའི་མ་ཚད། ཐང་གི་རྩྭ་ཐམས་ཅད་ལ་ཡང་དུག་ཕོག་པས་རྩྭ་གཟན་སྲོག་ཆགས་རྣམས་ལ་ནད་ངན་ཡ་མཚན་ཅན་ཞིག་ཕོག་ནས་སོ་ཐམས་ཅད་ལྷུང་བ་དང་མང་ཆེ་བ་ལྟོགས་ཤི་ཐེབས། དེ་དང་དེ་ལྟ་བུའི་དེང་རབས་ཀྱི་འཚོ་བའི་གོམས་གཤིས་དང་མི་ངན་སྤྱོད་ངན་གང་མང་ཞིག་གིས་རྩྭ་ཐང་ལ་གཏོར་བརླག་ཚབས་ཆེན་བྱེད་བཞིན་པ་ཚང་མས་མིག་མཐོང་ལག་ཟིན་ཡིན་པ་སྨོས་མ་དགོས། ཡིན་ནའང་ཡིད་སྐྱོ་བ་ཞིག་ལ་སྲིད་གཞུང་དང་མི་སྒེར་ཚང་མས་མ་མཐོང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོབ་སྣང་མེད་དུ་བཏང་ནས་དེའི་ཕྱོགས་སུ་བརྩོན་ལེན་ཅི་ཡང་བྱས་མ་བྱུང་། ལོ་འདི་དག་ལ་རྩྭ་ཐང་གི་གནམ་གཤིས་ནི་ལོ་རེ་ནས་ལོ་རེར་ཇེ་སྡུག་ཡིན་ཏེ། མཚམས་རེར་རླུང་འཚུབ་གཡུག་ནས་གད་སྙིགས་གང་སར་འཕུར་ལ། མཚམས་རེར་ཐན་པ་བྱུང་ནས་ཚ་བས་བཟོད་ཐུབ་མི་འདུག་ཅིང་། ང་ཚོ་མེ་ཏོག་རྩྭ་ཐང་གི་སྲོག་ཆགས་ཀྱི་རིགས་རྒྱུད་ཡང་དེ་སྔོན་གྱི་རིགས༡༢༠ནས་ད་ལྟ་རིགས་༢༠ལས་ལྷག་མེད་པས་ད་ནི་སྲོག་ཤི་ཁྱིམ་སྟོང་གི་གནས་སུ་ལྷུང་ཉེན་འདུག
     ཡིད་ཕངས་བ་ཞིག་ལ་སྡུག་ཡོད་ཀྱང་བཤད་ས་མེད་པའི་ཉམ་ཆུང་གི་སྲོག་ཆགས་ང་ཚོར་མིའི་རིགས་ཀྱི་ཁྲིམས་ཁང་ལ་གཏུག་རྒྱུའི་དབང་ཆ་མི་འདུག་པས། ད་ནི་ཐབས་ཟད་ནས་མི་དམངས་ཞིབ་དཔྱོད་ཁང་ལ་སྐྱབས་བཅོལ་དུ་འོངས་བ་ཡིན། དེ་བས་དྲང་བདེན་ལམ་ལས་ནམ་ཡང་མི་གོལ་བའི་ཞིབ་དཔྱོད་ཀྲང་ཁྱེད་ཀྱིས་ཁྲིམས་ལུགས་ཀྱི་མཚོན་ཆ་བཀོལ་ནས་ཁྲིམས་འགལ་ཉེས་ཅན་རྣམས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་གཅུན་ཏེ། བདེ་ཐང་གི་རྩྭ་ཐང་ཞིག་སླར་གསོ་བྱེད་དུ་བཅུག་ནས། ང་ཚོ་འཆི་བདག་གི་སྡེར་མོའི་བར་དུ་ཚུད་ཉེན་ཡོད་པའི་ཉམ་ཐག་སྲོག་ཆགས་རྣམས་སྐྱོབ་རོགས།

ཞུ་གཏུག་རྒྱག་མཁན། མེ་ཏོག་རྩྭ་ཐང་གི་སྲོག་ཆགས་ཡོངས་ནས།
སྤྱི་ལོ༢༠༡༨ལོའི་ཟླ༥པའི་ཚེས་༧ལ།

     ཞུ་ཡིག་དེར་བལྟས་ཚར་རྗེས་ང་ལ་བཟོད་པར་དཀའ་བའི་སྐྱོ་གདུང་ཆེན་པོ་ཞིག་སྐྱེས་སོང་ལ། རླངས་འཁོར་ལས་མར་བབས་ནས་མིག་མདུན་གྱི་མེ་ཏོག་རྩྭ་ཐང་གི་རྣམ་པ་དེ་མཐོང་བ་དང་། ང་ནི་སྐྱོ་གདུང་དེ་ལས་ཀྱང་གནོན་ཐབས་བྲལ་བའི་སྡུག་བསྔལ་མང་པོ་ཞིག་གིས་མནར་གཅོད་དང་ཕོག་ཐུག་བཏང་བ་བཞིན་སེམས་སྐྱ་མོ་ཐང་ལ་ལྷུང་སོང་།
     ཨ་ཁ་ཁ། དབྱར་ཟླ་དྲུག་པའི་རྩྭ་ཐང་འདིར་ཅི་བྱུང་སོང་། ནམ་མཁར་དུ་སྨུག་འཐིབས་ཅིང་། མེ་ཏོག་ཐར་ཐོར་དང་རྩྭ་ལྗང་ཐར་ཐོར་རེར་སྐྱེས་འདུག་པ་ལས་གོས་སྔོན་ཡུག་ཅིག་བཏིང་འདྲའི་རྩྭ་ཐང་དེ་མཐོང་ཡུལ་དུ་མི་འདུག ངའི་རྐང་འོག་གི་རྩྭ་ཐང་ལ་སྔོན་ཆད་ཀྱི་བརླན་ཞིང་འབོལ་བའི་ནེམ་ཤ་དེ་མེད་པར་ཀོ་གྱོང་ལྟར་གྱོང་ཞིང་། དེ་ནི་ཡུན་རིང་ཆུ་དང་ལས་འབྲེལ་ཤོར་བའི་སྡུག་བསྔལ་གྱི་རྣམ་པ་ལྟར་སྣང་། ག་ས་གང་དུ་གད་སྙིགས་གིས་གང་ཞིང་།     དྭངས་ཤིང་གཙང་བའི་ཆུ་མོ་ནི་རྫས་འགྱུར་གྱི་སྙིགས་རོས་སྦགས་ནས་རྙོག་ལྡུར་ཡིན་ཞིང་མཐོ་སྒང་གི་རྡུལ་དག་པའི་མཁའ་དབུགས་དེའི་ཚབ་ཏུ་དྲི་ངན་གྱིས་ཁེངས་འདུག ད་དུང་རྩྭ་ཐང་དང་ཐག་མི་རིང་བའི་ས་ན་དུད་ཁུང་གི་སྦུབས་གུ་ནམ་མཁའི་ལྟོ་བོར་ཟུག་པའི་རྫས་འགྱུར་བཟོ་གྲྭ་ཞིག་ཡོད་པ་མཐོང་བྱུང་ལ། ལག་པས་དུག་ཕོག་པའི་རྩྭ་ལ་རེག་དུས་རྡོ་སོལ་ཞིབ་ཞིབ་བཟོས་པ་ལྟ་བུའི་རྡུལ་ནག་པོ་ཞིག་ལག་པར་འགོས་བྱུང་། རྩྭ་ཐང་གི་སྲོག་ཆགས་རྣམས་ངོ་མ་སྙིང་རེ་རྗེ། ཞུ་ཡིག་ནང་བྲིས་པ་ཐམས་ཅད་དོན་དངོས་རེད་དེ། ད་ནི་མེ་ཏོག་རྩྭ་ཐང་ལ་རང་བྱུང་གི་མཛེས་ཆོས་ཅི་ཡང་མི་འདུག དྭངས་གཙང་གི་གནས་མཆོག་འདི་བཙོག་པས་སྦག་འདུག

     ང་ཚོས་དེ་ལྟར་ལྗིད་ཏིག་ཏིག་གི་སེམས་པ་བསྣམས་ནས་རྐང་ཐང་ལ་བཟོ་གྲྭ་དེ་རུ་ཕྱིན་པ་ན་སྒོ་བྱང་དུ་གཡུ་འབྲུག་རྫས་འགྱུར་ལས་སྣོན་བཟོ་གྲྭ་ཞེས་བྲིས་འདུག གད་སྙིགས་དང་དྲི་ངན་གྱིས་ཁེངས་བའི་བཟོ་གྲྭ་དེའི་ལྕགས་སྒོ་ཆེན་པོ་དེ་རྡུང་བ་ན། མགོ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་བའི་རྒད་པོ་ཞིག་སྒོ་ཁའི་ཁང་ཆུང་ནང་ནས་ཐོན་བྱུང་། ང་རང་མྱུར་མོར་སོང་ནས་སྐད་ཆ་འདྲི་དུས་བཟོ་གྲྭའི་ཁྲིམས་མི་སྟེ་བཟོ་དཔོན་བསྡད་མི་འདུག་ཟེར་ལ། ཁོ་ནི་སྒོ་སྲུང་ཡིན་པས་སྒོ་སྲུང་བ་ལས་ཅི་ཡང་མི་ཤེས་ཞེས་མགོ་བོ་གཡུག་གཡུག་དང་ལག་པ་འདར་འདར་བྱེད། བཟོ་གྲྭའི་ནང་དུ་བཟོ་བ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཅིང་གང་སར་གད་སྙིགས་ཀྱིས་ཁེངས་བ་ལ་བལྟས་ན་བཟོ་གྲྭ་དེས་ལས་མཚམས་བཞག་ནས་ལོ་ཁ་ཤས་འགོར་བ་འདྲ། འབྲེལ་ཡོད་ཀྱི་འགྲོ་ལུགས་གཅིག་ཀྱང་རྩད་ཞིབ་བྱེད་མ་ཐུབ་པར་ང་ཚོ་ལག་སྟོང་ངང་མེ་ཏོག་རྩྭ་ཐང་དང་སྤྱི་ལེ་ལྔ་ཙམ་གྱི་མཚམས་སུ་ཡོད་པའི་ལྷོ་པ་སྟོད་གྲོང་ཚོར་ཕྱིན་པ་ན། བ་ཕྱུགས་ཀྱི་རྗེས་ན་རྐང་བའི་སུག་རིས་དལ་གྱིས་འགོད་པའི་ཞིང་བ་ཞིག་ཚུར་ཡོང་བ་མཐོང་བྱུང་། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་གང་དུ་བསྡད་ཡོད་པ་དྲིས་བ་ན། ཁོས་ང་ཚོར་གོམ་པ་བཅུ་ལྷག་གི་མཚམས་སུ་ཡོད་པའི་ཁང་བ་ཉིས་ཐོག་ཅན་ཞིག་བསྟན་བྱུང་།
     ཏང་ཀྲི་པུའུ་ཧྲུའུ་ཅི་ནི་ལོ་བཞི་བཅུ་ཡས་མས་ཀྱི་སྐྱེས་པ་ཞིག་ཡིན་ཞིང་། ང་ཚོས་ཁོར་ལས་ཀའི་ལག་ཁྱེར་བསྟན་ནས་ཡོང་དོན་གསལ་བཤད་ཅིག་བྱས་རྗེས། མེ་ཏོག་རྩྭ་ཐང་གི་འགྲམ་དུ་བཙུགས་པའི་བཟོ་གྲྭ་དེའི་སྐོར་ནས་རྒྱུས་ལོན་ཞིག་བྱས་པ་ན། མ་གཞི་དེ་ནི་རྫོང་གི་མགོ་ཁྲིད་ག་གེ་མོའི་ཉེ་འབྲེལ་ཅིག་གིས་བཙུགས་པ་རེད་ལ། མགོ་ཁྲིད་དེས་ཐེངས་གང་མང་ལ་ཏང་ཀྲི་པུའུ་ཧྲུའུ་ཅི་བཙལ་ནས་ཞི་དྲག་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་ཁོ་ལ་སློབ་གསོ་བཏང་བ་དང་འཇིགས་ཡང་སྐུལ་བྱུང་བས། དཔོན་ལ་མི་སྐྲག་དབང་ལ་སྐྲག་ཞེས་པ་ལྟར་ཁོ་ཡང་ཐབས་ཟད་ནས་གྲོང་ཚོ་སྤྱི་ལ་དབང་བའི་ས་ཆ་བཟོ་གྲྭ་དེ་ལ་གླས་པ་ཡིན་ཟེར། ཁོས་གན་རྒྱ་རྙིང་ཧྲུལ་ཅིག་ཁྱེར་འོངས་ནས་ང་ལ་སྤྲད་བྱུང་། ངས་མགོ་ནས་མཇུག་བར་ཞིབ་ཏུ་བལྟས་པ་ན་གན་རྒྱ་དེ་ནི་ལོ་ལྔའི་གོང་དུ་བྲིས་པ་ཡིན་ལ། གན་རྒྱ་བཞག་པའི་དུས་ཡུན་ལོ་ཉི་ཤུ་རེད། ད་བལྟས་ཡོང་ན་བཟོ་དཔོན་དེས་གྲོང་ཚོའི་མི་རྣམས་ཀྱིས་ཁྲིམས་ལུགས་མི་ཤེས་པར་གཞིགས་ནས།  མགོ་སྐོར་བཏང་སྟེ་གན་རྒྱ་ལོ་ཉི་ཤུར་བཞག་འདུག་པ་དེ་མ་གཞི་ནས་གན་རྒྱའི་ཁྲིམས་དང་འགལ་ཡོད་པ་མ་ཟད། ཞིང་བ་སྤྱི་ལ་དབང་བའི་ས་ཆའི་བཀོལ་སྤྱོད་བྱེད་དབང་དེ་ཞིང་ལས་མིན་པའི་འཛུགས་སྐྲུན་ལ་གླས་མི་ཆོག་པའི་ཁྲིམས་ལུགས་ཀྱི་གཏན་འབེབས་དང་ཡང་འགལ་འདུག ད་དུང་བཟོ་གྲྭའི་ས་ཆ་དེ་གྲོང་ཚོ་སྤྱི་ལ་དབང་བའི་ས་ཆ་ཞིག་ཡིན་པའི་ཆ་ནས་མི་སྒེར་དང་ཁྲིམས་འགལ་ངང་གན་རྒྱ་བཞག་འདུག་པ་སོགས་ཕྱོགས་གསུམ་ནས་གན་རྒྱ་དེ་ནི་ཤོག་སྟོང་ཅིག་ལས་གོ་ཅི་ཡང་མི་ཆོད་པ་གསལ་བཤད་བྱས་འདུག
     ཕྱིར་ལས་ཁུངས་སུ་ལོག་མ་ཐག་ཞིབ་དཔྱོད་ཀྲང་གིས་མྱུར་དུ་མགོ་འཛིན་གནང་ནས་འཚོགས་འདུ་ཚོགས། ང་ཚོས་གྲོས་བསྡུར་བྱས་ཏེ་ཁ་འཐབ་ཆུ་ཚོད་གཉིས་ལྷག་བྱས་མཐར། ཐོག་མར་ཞིང་འབྲོག་ཅུས་ལ་ཞིབ་དཔྱོད་གྲོས་འཆར་ཡི་གེ་སྤྲད་ནས་བཟོ་གྲྭ་དེས་ཁྲིམས་འགལ་གྱིས་རྩ་ས་བདག་བཟུང་བྱས་པའི་གནད་དོན་ཐག་གཅོད་བྱེད་དུ་འཇུག་པ་དང་། གལ་སྲིད་གནད་དོན་ད་དུང་ཐག་གིས་མ་ཆོད་ན་ང་ཚོས་བཟོ་གྲྭ་དེར་སྤྱི་ཕན་གཏུག་བཤེར་བྱེད་རྒྱུ་གཏན་ཁེལ་བྱས།
     ཚོགས་འདུ་གྲོལ་རྗེས་ང་རང་གཞུང་ལས་ཁང་དུ་ཕྱིན་ནས་ཞིབ་དཔྱོད་གྲོས་འཆར་ཡི་གེ་བྲིས་རྗེས་མགོ་ཁྲིད་ལ་བསྟན་ནས་ཆོག་མཆན་བཀོད་པ་དང་དེའི་སྟེང་གཞུང་ཐེལ་བརྒྱབ། དེ་ནས་མྱུར་དུ་ཞིང་འབྲོག་ཅུས་སུ་ཕྱིན་ནས་གནས་ཚུལ་དེའི་མགོ་བར་མཇུག་གསུམ་གསལ་བོར་བཤད་པ་མ་ཟད། ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱས་ཏེ། བཟོ་གྲྭ་དེ་གནས་སྤོར་དུ་བཅུག་ནས་སྐྱེ་ཁམས་སླར་གསོ་བྱེད་དགོས་པའི་བཀའ་ཕབ་རྒྱུའི་རེ་བ་བཏོན།
     ཟླ་གཅིག་ལྷག་རྗེས་སུ་ཞིང་འབྲོག་ཅུས་ཀྱིས་སྤྲད་པའི་ཡིག་ལན་དུ་ཁྲིམས་མི་སྟེ་བཟོ་དཔོན་ཀྲང་ག་གེ་མོ་ད་བར་དུ་བཙལ་ནས་རྙེད་མ་བྱུང་བས། གྱོད་དོན་འདི་རྫོང་སྤྱི་བདེ་ལས་ཁུངས་སུ་སྐྱེལ་ཏེ་ཁྲིམས་བཀོད་ཀྱི་འགན་འཁྲི་ལག་བསྟར་བྱས་ཡོད་ཅེས་བཀོད་འདུག་ལ། ཞིང་འབྲོག་ཅུས་ཀྱིས་ཡིག་ལན་ཞིག་བྲིས་པ་ལས་གཞན་སྐྱེ་ཁམས་སླར་གསོ་བྱེད་པར་བྱེད་ཐབས་ཅི་ཡང་བཏོན་མི་འདུག
     གནས་ཚུལ་དེ་འདྲའི་འོག་ང་ཚོས་ཀྱང་གྱོད་གཞི་འདི་བུ་བཙན་པོ་འདུལ་བའི་ཐོ་བ་དང་གྱོད་ཁ་མཆུ་གཉིས་ཀྱི་གཟུ་བ་བྱེད་པའི་ཁྲིམས་ཁང་ལ་མི་གཏུག་ཀ་མེད་བྱུང་། ཞིབ་དཔྱོད་ཀྲང་གིས་ཞིབ་དཔྱོད་དཔོན་རྣམས་བསྡུས་ནས་གྱོད་གཞི་འདིར་ཆེད་དུ་གྱོད་སྒྲུབ་ཚོགས་ཆུང་ཞིག་བསྐོས་ནས་གྱོད་གཞི་འདི་ཞིབ་འཇུག་བྱས་པ་སྟེ། སྤྱིར་བཟོ་དཔོན་དེས་ཁྲིམས་འགལ་གྱིས་རྩྭ་ས་བདག་བཟུང་བྱས་པའི་ནག་ཉེས་བསགས་ཡོད་པ་དང་ཆབས་ཅིག་ཁོར་ཡུག་བཙོག་བཟོའི་ཉེས་པ་ཡང་བསགས་ཡོད། ཡིན་ཡང་བལྟས་ས་བལྟས་འཇོག་གིས་བཤད་ན་དེ་གཉིས་ལས་ཁོར་ཡུག་བཙོག་བཟོའི་ཉེས་པ་ཅུང་ཚབས་ཆེན་ཡིན་པས། རྩྭ་ཐང་དུ་འཚོ་བའི་ཉམས་ཐག་སྲོག་ཆགས་རྣམས་སྐྱོབ་ཆེད་སྔོན་ལ་རྫས་འགྱུར་བཟོ་གྲྭ་དེར་དམངས་དོན་གྱི་ཀུན་ཕན་གཏུག་བཤེར་བྱེད་རྒྱུ་ཐག་གིས་བཅད། འདི་ནི་རྫོང་མི་དམངས་ཞིབ་དཔྱོད་ཁང་བཙུགས་ཚུན་ལ་བྱུང་བའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དམངས་དོན་ཀུན་ཕན་གཏུག་བཤེར་དང་པོ་ཡིན་པས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱེད་ཆེད་ཞིབ་དཔྱོད་དཔོན་ཚང་མས་རང་ནུས་གང་ཡོད་འདོན་སྲིད་པ་ཐེ་ཚོམ་མེད།
     ཟླ་གཉིས་ཀྱི་རིང་ལ་ང་ཚོས་གྱོད་གཞི་རྙོག་དྲ་ཚ་པོ་འདིའི་ཆེད་དུ་ཉིན་གྱི་ཚེགས་དང་མཚན་མོའི་གཉིད་སྤངས་ནས་དཔང་མི་དང་དཔང་རྟགས་བཙལ་ནས་དཀའ་ལས་གང་མང་མྱངས་ཡང་། རྩྭ་ཐང་གི་སྲོག་ཉེན་ལ་ཐུག་པའི་སྲོག་ཆགས་རྣམས་ཡིད་ལ་འཆར་དུས། རང་གིས་རང་ལ་སྙིང་ཕུར་བརྡབ་ནས་སྐྱེ་ཁམས་ལ་གཏོར་བརླག་བྱེད་མཁན་གྱི་གཏེ་བོ་དེ་ཁྲིམས་ཀྱིས་གཅུན་ནས་ཉེས་ཆད་གཅོད་རྒྱུའི་ཆོད་སེམས་བཅངས་ཏེ། བརྣག་དཀའི་ངལ་བ་ཁྱད་དུ་བསད་ནས་གྱོད་གཞི་འདིའི་ཁྲིམས་ས་འཚོགས་པར་གྲ་སྒྲིག་གང་ལེགས་བྱས།

     སྤྱི་ཟླ་ལྔ་བའི་ཚེས་དྲུག་ཉིན་ནི་ཁྲིམས་ས་འཚོགས་པའི་ཉིན་མོ་ཡིན་པས་ངས་སྔར་ནས་གྲ་སྒྲིག་བྱས་ཟིན་པའི་རྒྱུ་ཆ་ཐམས་ཅད་ཁྱེར་ནས་ལེགས་ཉེས་ཀྱི་རྡེའུ་དཀར་ནག་འབྱེད་པའི་རྫོང་མི་དམངས་ཁྲིམས་ཁང་དུ་ཕྱིན།
     ང་རང་ཁྲིམས་སར་སོང་བ་ན་འདྲི་གཅོད་ཀྲང་དང་། འདྲི་གཅོད་པ་གཉིས། ཁྲིམས་སའི་དྲུང་ཡིག་རྣམས་ད་དུང་བསླེབས་མེད་ཀྱང་། ཟུར་ཉན་གྲལ་གནས་སུ་རྩྭ་ཐང་དུ་འཚོ་བའི་རྟ་ནོར་ལུག་གསུམ་དང་། རི་བོང་། འཕྱི་བ། བྱ་བྱེའུ་འབའ་འབུ་སོགས་སྲོག་ཆགས་ཀྱིས་གང་འདུག གྱོད་ཡའི་འདུག་གནས་སུ་སྐྱེས་པ་དར་མ་གཉིས་ཙོག་འདུག་ཅིང་། གཅིག་ནི་བཟོ་གྲྭའི་ཁྲིམས་མི་སྟེ་བཟོ་དཔོན་དང་ཅིག་ཤོས་ནི་ཁོའི་གདན་འདྲེན་ཞུས་པའི་ཁྲིམས་རྩོད་པ་རེད།
     ཅུང་ཙམ་འགོར་རྗེས་འདྲི་གཅོད་ཀྲང་འདུས་པའི་ཁྲིམས་དཔོན་གསུམ་ཀ་དང་དྲུང་ཡིག་ཕེབས་བྱུང་། འདྲི་གཅོད་ཀྲང་དགུང་ལོ་མི་མཐོ་རུང་རྒས་ཚུགས་མངོན་ལ། གློ་ལུ་ཞིག་བརྒྱབ་རྗེས་བོད་སྐད་ཀྱི་ཐོག་ནས་ད་ནི་ཁྲིམས་ས་མགོ་བརྩམས་པ་ཡིན་ཞེས་ཕྱོགས་གཉིས་ཀྱི་དོ་བདག་གི་ཐོབ་ཐང་ལག་ཁྱེར་དང་ལས་ཀའི་ལག་ཁྱེར་སོགས་ལ་བལྟས་རྗེས། ཁྲིམས་སའི་ཞིབ་བཤེར་ཐག་གཅོད་ཀྱི་རྩ་དོན་སྒྲོག་འདོན་བྱས་པ་དང་ཕྱོགས་གཉིས་ལ་ཁྲིམས་སའི་ནང་གི་མི་རྣམས་ཟུར་བྱོལ་བྱེད་དགོས་མིན་གྱི་སྐད་ཆ་དྲིས། དེ་ནས་ཁྲིམས་དཔོན་གྱིས་“གྱོད་པས་ཞུ་གཏུག་རེ་འདུན་བརྗོད་པ་དང་དཔང་རྟགས་སྟོན་”ཟེར།
     གཞུང་གཏུག་པའི་འདུག་གནས་སུ་ཡོད་པའི་ང་རང་ཡར་ལངས་ནས་“གུས་པར་འོས་པའི་འདྲི་གཅོད་ཀྲང་དང་འདྲི་གཅོད་པ་་་་་་་་་་་་་་་་གྱོད་ཡས་རྫས་འགྱུར་བཟོ་གྲྭ་བཙུགས་ཏེ་ལས་སྣོན་གྱི་གོ་རིམ་ཁྲོད་རྫས་འགྱུར་གྱི་སྙིགས་རོ་མང་པོ་ཆུའི་ནང་བླུགས་པའམ་ས་འོག་ཏུ་སྦས་པ་དེས་རྩྭ་ཐང་གི་ཆུ་དང་ས་རྒྱུ། མཁའ་དབུགས་བཅས་ལ་གནོད་པ་ཚབས་ཆེན་ཕོག རྫས་འགྱུར་གྱི་སྙིགས་རོར་དབྱང་གཉིས་མུ་ཟི་འགྱུར་རྫས་དང་ཏན་དབྱང་འགྱུར་རྫས། འཕྲོ་བའི་རང་བཞིན་ལྡན་པའི་དངོས་རྫས་སོགས་འདུས་པ་བདེན་དཔང་ར་སྤྲོད་བྱས་ཟིན་ལ། དེ་དག་གིས་རྩྭ་ཐང་དུ་འཚོ་བའི་སྲོག་ཆགས་རྣམས་ལ་ནད་རིགས་འདྲ་མིན་འགོས་སུ་བཅུག་པ་མ་ཟད། ཁ་ནང་གི་སོ་ཐམས་ཅད་ལྷུང་ཟིན་པས་ད་ནི་སྲོག་གི་ཉེན་ཁ་ཐུག་པ་ཁ་ཤས་ཀྱང་ཡོད། གྱོད་ཡས་བཙུགས་པའི་བཟོ་གྲྭ་སྟེ་གཡུ་འབྲུག་རྫས་འགྱུར་ལས་སྣོན་བཟོ་གྲྭས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་བའི་རྫས་འགྱུར་སྙིགས་རོ་ཕྱིར་བཏང་ནས་མེ་ཏོག་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བྱས་པ་མ་ཟད། སྲོག་ཆགས་རྣམས་ཀྱི་བདེ་ཐང་ལའང་གནོད་འཚེ་ཚབས་ཆེན་ཐེབས་པས་འདྲི་གཅོད་དཔོན་གྱིས་ཁྲིམས་མཐུན་ངང་ཐག་གཅོད་བྱེད་རོགས།”
     བཀླགས་ཚར་རྗེས་ཟུར་ཉན་གྲལ་གནས་ནས་ངུ་སྒྲ་གསལ་ལ་མི་གསལ་བ་ཞིག་མཆེད་ཡོང་།
     འདྲི་གཅོད་ཀྲང་གིས་“གྱོད་ཡ་ཁྱོད་རང་ལ་ཁུངས་སྐྱེལ་དག་འབུད་བྱེད་པར་བཤད་རྒྱུ་ཡོད་དམ་”ཞེས་དྲིས།
     བཟོ་དཔོན་གྱི་གདོང་ལ་བཅོས་མའི་འཛུམ་ཞིག་བསྡུས་རྗེས་ཡར་ལངས་ནས་བཤད་རྒྱུར་“གུས་པར་འོས་པའི་འདྲི་གཅོད་ཀྲང་དང་འདྲི་གཅོད་པ་རྣམ་པ། མཚམས་འདི་ནས་ངས་རྩྭ་ཐང་དུ་འཚོ་བའི་སྲོག་ཆགས་ཡོངས་ལ་དགོངས་དག་ཞུ། ཁྱོད་ཚོར་བཟོས་པའི་གནོད་པ་ཡོད་ཚད་ལ་ངས་གུན་གསབ་སྤྲོད་འཇལ་བྱས་ཆོག ང་རང་ནོར་འཁྲུལ་ཡོ་བསྲང་བྱེད་པར་འཐད་པ་ཡིན་པས་ང་ལ་སྔ་འགྱོད་ཕྱི་འདོམས་ཀྱི་གོ་སྐབས་ཞིག་སྟེར་རོགས་”ཞེས་ཁོག་སྟོད་མར་སྒུར་ནས་གུས་འདུད་ཞུས་བྱུང་།
     ཁྲིམས་ས་དར་ཅིག་ལ་ཁུ་སིམ་མེར་གྱུར།
     དེ་ནས་ཁྲིམས་རྩོད་པ་ཡར་ལངས་ཏེ་“འདྲི་གཅོད་ཀྲང་ལགས། ངས་དོ་བདག་ལ་དག་འབུད་བྱེད་པར་ཆོག་མཆན་སྟེར་རོགས།”ཟེར།
     “འཐད་པ་ཡིན།”
     “ངའི་དོ་བདག་གི་བཟོ་གྲྭས་ཕྱིར་བཏང་བའི་རྫས་འགྱུར་སྙིགས་རོས་རྩྭ་ཐང་གི་སྲོག་ཆགས་རྣམས་ལ་གནོད་པ་སྐྱེལ་རུང་ཁོས་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུས་པ་མ་ཟད། ནོར་འཁྲུལ་ཡོ་བསྲང་དང་གུན་གསབ་སྤྲོད་འཇལ་བྱེད་པར་འཐད་པ་ཡིན་པས། ང་ཚོས་ཁོར་སྐྱོན་སྤངས་གསར་སྒྱུར་གྱི་གོ་སྐབས་ཤིག་སྟེར་རོགས། གཞན་ད་དུང་ངས་ཀྱང་ཁྲིམས་སར་དྲན་སྐུལ་ཞིག་བྱེད་འདོད་དེ། ལོ་འདི་དག་རིང་རྫས་འགྱུར་སྙིགས་རོས་ཁོར་ཡུག་བཙོག་བཟོ་བྱས་པའི་གནད་དོན་འདིར་འབྲེལ་ཡོད་ཀྱི་ལྟ་སྐུལ་ལས་ཁུངས་ལ་འགན་ཁུར་མེད་དམ་”ཟེར།
     སྐབས་དེར་ངའི་སེམས་ལ་བཟོ་དཔོན་དང་ཁྲིམས་རྩོད་པ་གཉིས་ལ་ངོ་མ་ངོ་ཚ་ཟེར་བ་ཞིག་མི་འདུག བཟོ་དཔོན་གྱི་ནག་ཉེས་གནམ་ལ་མི་ཤོང་ཡང་ད་རུང་འདི་ནས་འགྱོད་བཤགས་བྱེད་ཁུལ་བྱས་ནས་འདྲི་གཅོད་ཀྲང་གི་སྙིང་རྗེ་བསླུ་ཐབས་བྱེད། ཁོ་གཉིས་ཀྱིས་ལྕེ་བརྒྱ་སྤྲུལ་ནས་བཤད་ཀྱང་ནག་ཉེས་དེ་དག་འདག་ཐབས་ག་ལ་ཡོད། ང་ཚོར་ཁུངས་བཙན་པའི་དཔང་རྟགས་དང་དང་དཔང་མི་ཡོད་པས་བདེན་གཏམ་དང་གནས་ལུགས་བཙལ་ནས་རིས་མེད་ཀྱི་གཟུ་འབྱེད་པའི་ཁྲིམས་སར་ཁྱོད་ཀྱི་འཁྲབ་སྟོན་དེས་ཕན་ཨེ་ཐོགས་བལྟ་ཞེས་སྙམ་བྱུང་།
     ཡིན་ནའང་ཟུར་ཉན་གྲལ་གནས་སུ་བཞུགས་པའི་སྲོག་ཆགས་རྣམས་ཀྱིས་ཕན་ཚུན་ལ་ཤབ་ཤུབ་བཤད་དེ་“ངོ་མ་རེད”་ཟེར་ཀྱིན་འདུག
     འདྲི་གཅོད་ཀྲང་གིས་ཏིང་སྒྲ་དང་བཅས་ཁྲུད་ཤལ་དབྱུ་གུ་རྡུང་བཞིན་“འུར་མ་རྒྱག ལྟ་སྐུལ་ལས་ཁུངས་ཀྱིས་འགན་འཛོལ་བྱུང་བ་ང་ཚོས་འགན་ཁུར་བདའ་འདེད་བྱེད་རྒྱུ་ཡིན་ཡང་། དེས་གྱོད་ཡས་ཉེས་དོན་དང་དམངས་དོན་གྱི་འགན་ཁུར་རྩད་གཅོད་བྱེད་པར་བར་ཆད་ཡོད་པ་མ་རེད”ཟེར།
     ཁྲིམས་རྩོད་པ་སླར་ཡང་ཡར་ལངས་ནས“འདྲི་གཅོད་ཀྲང་ལགས། ཁྲིམས་སས་བྱས་ཉེས་ཚད་འབེབས་བྱེད་དུས་དགོངས་བཞེས་དེ་ཙམ་གནང་རོགས། ངའི་དོ་བདག་གིས་རྩྭ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ལས་མཁས་པ་ཅིག་ལ་འབྲེལ་གཏུགས་བྱས་ནས་རྫས་འགྱུར་སྙིགས་རོའི་གནོད་སེལ་ལག་རྩལ་དང་འཕྲུལ་ཆས་ནང་འདྲེན་བྱས་ཡོད་པས་ཉིན་འགའི་རྗེས་སུ་བཀོལ་སྤྱོད་བྱེད་རྩིས་ཡོད་”ཟེར།
     ང་རང་ཧ་ལས་ཧང་སངས་བར་གྱུར། བདེན་དཔང་ཅི་ཡང་མེད་པར་སྐད་ཆ་འདི་འདྲ་ཞིག་ཁོས་བཤད་ཕོད་དམ།
     “གྱོད་ཡ། ཁྲིམས་རྩོད་པས་བཤད་པའི་གནས་ཚུལ་འདི་དྲང་པོ་དྲང་བཞག་ཡིན་ནམ།”
     བཟོ་དཔོན་གྱིས་ཀྱང་“ཡིན་ལགས་འདྲི་གཅོད་ཀྲང་”ཟེར།
     ཁྲིམས་རྩོད་པས་མུ་མཐུད་དུ་བཤད་རྒྱུར། “འཕྲུལ་ཆས་འདི་དག་བཀོལ་སྤྱོད་བྱས་ཚེ་རྫས་འགྱུར་སྙིགས་རོའི་ནང་གི་སྲོག་ཆགས་ཀྱི་ལུས་ཕུང་ལ་གནོད་པའི་རྫས་འགྱུར་དུག་ཐམས་ཅད་སེལ་ནས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཡག་པོ་ཐོགས་ཐུབ། རྒྱ་ལ་ངའི་དོ་བདག་གིས་སང་ཉིན་ནས་མགོ་ཚུགས་ཏེ་བཟོ་གྲྭ་གནས་སྤོར་བྱ་རྩིས་ཡོད་པས། ཁྲིམས་སས་བྱས་ཉེས་ཚད་འབེབས་བྱེད་དུས་གྱོད་ཡའི་སྔ་འགྱོད་ཕྱི་འདོམས་དང་གུན་གསབ་སྤྲོད་འཇལ་བྱེད་འདོད་ཡོད་པའི་རྣམ་འགྱུར་ལེགས་པ་དེར་དགོངས་བཞེས་གནང་རྒྱུ་མཁྱེན།”ཞེས་ཟེར།
     ང་རང་ཁོང་ཁྲོས་མ་ནོན་པར་“དེ་ན་འབྲེལ་ཡོད་ཀྱི་དཔང་རྟགས་ཁྱེར་ཤོག་”ཅེས་ལབ་པ་ན་ཁོ་གཉིས་ཁ་རོག་གེར་བསྡད་སོང་།
     འདྲི་གཅོད་ཀྲང་དང་འདྲི་གཅོད་པ་གཉིས་བཅས་ཀྱིས་ཤབ་ཤུབ་འགའ་སྨྲས་རྗེས་འདྲི་གཅོད་ཀྲང་གིས་གྱོད་གཞི་འདི་ཉིན་ཞིག་གདམས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་ཁྲུད་ཤལ་དབྱུ་གུ་རྡུང་ནས་ཁྲིམས་ས་གྲོལ་བ་བསྒྲགས། དྲང་བདེན་ཁྲིམས་ལ་རྫུན་མི་འགྲོ་བ་ཟེར་བ་ལྟར། བདེན་མེ་ལོང་འདྲ་བོ་སྤྱི་ཁོག་ཏུ་བཟུང་བའི་ཁྲིམས་དཔོན་རྣམས་ཀྱིས་དྲང་བོ་དྲང་བཞག་གི་སྒོ་ནས་ཁྲིམས་ཐག་གཅོད་ངེས་ཡིན་པས། དམངས་ཕན་གཏུག་བཤེར་འདིའི་ཁྲོད་ནས་ང་ཚོར་རྒྱལ་ཁ་འཐོབ་ངེས་ཡིན་པ་ཡང་བསྙོན་མེད་ཡིན།

བོད་ལྗོངས་ལྷ་ས། སྙིང་མོ་སྐྱིད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།