སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《གློག་བརྙན་གཏོང་མཁན་ཀྲང་བསྟན་འཛིན》།

རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-10-29 09:07:00 ཀློག་གྲངས།:

གསུམ།

     མདང་དགོང་ཆང་འཐུང་རྒྱུ་མང་དྲགས་སོང་།
     ཉིན་གཉིས་པར་གཉིད་ལས་སད་དུས་ཁ་ལྕེ་ཚང་མ་སྐམ་འདུག ཅོག་ཙེ་སུག་ཐུང་དེའི་འགྲམ་དུ་ཙོག་ནས་དབུགས་ཐེངས་གཅིག་ལ་ཇ་བསྲུབས་མ་དཀར་ཡོལ་གསུམ་བཏུང་པ་ཡིན། ཁ་གཏད་དུ་ཙོག་པའི་ཆུང་མ་བགད་ནས་མཚམས་མི་འཇོག ངས་དཀར་ཡོལ་གསེད་ནས་ཁོ་མོས་ཇ་ལྡུག་པར་སྒུག་དུས་ཁོ་མོས་ངའི་སྣ་བཙིར་ནས་བྱིས་པ་ཞིག་ལ་སྡིགས་པ་ལྟར་ང་ལ“ཆང་འཐུང་སྨྱོན་པ”ཟེར། ཁོ་མོས་སྐད་ཆ་བཤད་དུས་ཤུགས་གང་ཡོད་བཏོན་པ་འདྲ་སྟེ། ཁའི་ཚུགས་ཀ་ཡང་འགྱུར་འདུག ཇ་བླུགས་རྗེས་ཁོ་མོས་རྩམ་སྒམ་ངའི་མདུན་དུ་དེད་ནས་བཤད་རྒྱུར“ཨ་ཁུ་བསྟན་འཛིན། ཁྱོད་ད་སྐབས་རྒས་ཟིན་པས་གསར་བུ་ནི་མ་རེད། ད་དུང་དཔའ་རྩལ་ངོམ་ཀི མི་གཞན་ཐག་རིང་ནས་ཁྱོད་ལ་ལྟ་རུ་ཕེབས་ཀྱང་ཁྱོད་ཀྱིས་རང་ཉིད་བཟི་རུ་བཅུག་འདུག མི་གཞན་གྱི་སྣང་ངོར་ངས་ནམ་རྒྱུན་ཁྱོད་ཀྱི་ཆང་བཀག་འདུག་བསམ་གི་རེད”ཟེར།
     “དེ་འདྲ་ཞིག་ག་ལ་ཡིན” ངས་འགྲེལ་བཤད་རྒྱག་བཞིན་མཁྲིག་མའི་སྟེང་གི་ཕྲེང་བ་ཡར་འདེད་ཙམ་བྱས་ནས་“དོན་དངོས་སུ་ང་རང་ནམ་གུང་གཉིད་ལས་སད་བྱུང་། རོང་ཐར་སོགས་ན་གཞོན་འདི་ཚོས་ང་རང་གདན་འདྲེན་ཞུས་པར་ཚོར་སྣང་སྣ་ཚོགས་སྐྱེས་བྱུང་།” ངས་རྩམ་སྒམ་ནང་གི་རྩམ་པ་སྤར་མོ་རེ་རེ་དཀར་ཡོལ་ནང་བཏབ་པ་དང་། ག་ལེར་རྩམ་པ་བརྫིས་ཏེ་འཆང་བུ་བཅོས། ཆུང་མས་མགོ་བོ་ངའི་ཕྲག་སྟེང་དུ་བཞག་ནས་ང་ལ་བལྟས་འདུག་པའི་རྣམ་པ་དེ་ནི་ངས་ཅིའི་ཕྱིར་སྐད་ཆ་ཕྱེད་ཀ་ལས་མི་བཤད་ཞེས་འདྲི་བ་དང་མཚུངས། “བློ་ཡུལ་ལས་འདས་པ་ཞིག་ལ་ང་ཚོ་རིག་གནས་འཐབ་ཕྱོགས་སྟེང་གི‘གཏུམ་འབྲུག’རྒན་པ་འདི་དག་ཞིང་གྲོང་གི་བྱིས་པ་སྐོར་ཞིག་གིས་བརྗེད་མི་འདུག་པ་མ་ཟད། ནོར་བུ་བཞིན་དུ་མཐོང་ཆེན་བྱེད། བསམ་བློ་ཡག་པོ་ཞིག་གཏོང་དུས། ང་ཚོ་ཞིང་གྲོང་གི་བརྙན་གཏོང་བ་འདི་དག་ལུས་པོ་གྲོང་ཁྱེར་དུ་ཡོད་ཀྱང་། འབྲེལ་བ་དང་རྣམ་ཤེས་ཚང་མ་ཞིང་གྲོང་དུ་ཡོད་དོ།།”
     “འེ་ཡ་ཡ། ཨ་ཁུ་བསྟན་འཛིན། བཤད་སྲོལ་ལ་བལྟས་ན་ཁྱོད་ཡིད་དེ་འདྲ་ཚིམ་མེད་པ་འདྲ། ཁྱོད་ཀྱིས《དར་དམར་ཡུར་བ》སྤྱད་ནས་ང་ལག་ཏུ་འཐོབ་པ་མིན་ནམ། ཁྱོད་ལ་ང་ལས་གཞན་ད་དུང་ཞེ་ཐོགས་སའི་མི་ཞིག་ཡོད་དམ། ”
     ཆུང་མའི་ཟུར་ཟ་དང་ཞིབ་བཤེར་ཀྱི་མིག་མདངས་དེས་ངའི་གདོང་ལ་བསྐོར་བ་བྱེད། “ཆོག་གི ཆོག་གི ཡང་གླེང་བྱུང་།”ངས་ལག་གཡུག་ཅིག་བྱས་ནས་ཚིག་སྣེ་གླེང་བྱའི་སྟེང་བསྐོར་ཏེ“ན་གཞོན་ཁྱོད་ཚོ་ལ་རྗེས་སུ་ཡི་རང་བྱེད། རོང་ཐར་གྱི་ཨ་ཕའི་མི་རབས་འདི་དང་ངའི་ཀླད་པ་ནི་ནམ་ཡང་འཁོར་ཐུབ་ཀྱིན་མི་འདུག ངས་ཚེ་གང་བོར《དར་དམར་ཡུར་བ》བསྟན་ལ། ཁོ་ཚོས་ཚེ་གང་བོར་《དར་དམར་ཡུར་བ》བལྟས། ཡིན་ནའང་དར་དམར་ཡུར་བ་བཟོ་རྒྱུ་ཡིན་ཞེས་མི་གཅིག་གིས་ཀྱང་གླེང་མ་བྱུང་། ཐན་སྐམ་དུ་གྱུར་བའི་རོང་བང་ཐང་སྔར་བཞིན་སྐམ་པོ་ཡིན། བློ་ཡུལ་ལས་འགོངས་བ་ཞིག་ལ་《དར་དམར་ཡུར་བ》འི་བླ་སྲོག་དེ་ད་དུང་མི་རབས་འདིའི་བྱིས་པ་ཚོའི་སེམས་ནས་རྩ་བ་རྒྱས་ཤིང་མྱུ་གུ་འབུས་བྱུང་།”གཅིག་ཐོག་གཉིས་བརྩེགས་ཀྱི་རི་བོ་རྣམས་ངའི་དྲན་པའི་ཁྲོད་དུ་མངོན་བྱུང་། “རི་དེ་རྣམས་ལིན་རྫོང་གི་རི་ལས་ཧ་ཅང་ཆེ་བས་ང་དངོས་གནས་ཁོ་ཚོར་སེམས་ཁྲལ་ཡོང་། ཁྱོད་ཀྱིས་ཤེས་སམ། ཁོ་ཚོས་ཉེན་ཁ་ཆེན་པོ་ཞིག་བརྒྱུད་དགོས་ཨང་།”ངས་སེམས་ཁྲལ་ངང་ཆུང་མར་ལྟ་བཞིན་རྩམ་པ་བརྫིས་པའི་ལག་པ་སྣུམ་ཅན་དེ་ཕུར་ནས་འོད་ཀྲིག་ཀྲིག་ཏུ་བཏང་།
     ངས་ཁ་སང་གཞི་ནས་ལོ་བཅུ་གཉིས་སྔོན་ལ་རོང་ཐར་ཁོ་ཚོ་བྱིས་པ་སྐོར་ཞིག་ལ་ཁྱིམ་བདག་གིས་ལྕགས་ཚན་གྱིས་གཞུ་དགོས་དོན་དེ་གསལ་བོར་ཤེས། ང་རང་རོང་བང་ཐང་དང་བྲལ་བའི་ཉིན་གུང་དེར་བྱིས་པ་བཅུ་གྲངས་ཞིག་སྡེ་བའི་དཀྱིལ་གྱི་སྦྱར་དཀར་སྡོང་རྒན་དེའི་འོག་ནས་སོ་སོའི་ཁྱིམ་བདག་གིས་གཅར་ནས་ངུ་དིར་བྱེད། སྐབས་དེར་ངས་བྱིས་པ་རྣམས་ཀྱིས་ཁྱིམ་ནས་ཆུ་བརྐུས་ཏེ་རྩེད་མོ་རྩེས་པ་མ་གཏོགས་ཅི་ཡང་མི་ཤེས། ཡིན་ནའང་གཅར་རྡུང་ཁེལ་བའི་དོན་དེ《དར་དམར་ཡུར་བ》དང་འབྲེལ་བ་ཡོད་པ་གཏན་ནས་མ་ཤེས།
     ཆུང་མས“འབྲེལ་བ་ག་རེ་ཡོད་དམ།”ཞེས་དྲིས།
     “རོང་ཐར་གྱིས་ང་ལ་བཤད་རྒྱུར། ཁོ་ཚོས་གློག་བརྙན་ལ་བལྟས་རྗེས་ཉིན་གཉིས་པར་གྲོང་ཚོའི་རི་ངོས་སུ་དར་དམར་ཡུར་བའི་རྩེད་མོ་རྩེས་ཏེ། 《དར་དམར་ཡུར་བ》ལད་མོ་བྱས་ཏེ་ཆུ་རགས་བརྩིགས། ཆུ་རགས་ཀྱི་འདབས་སུ་ཡུར་བ་བཟོས་ཤིང་། སྨྱུག་ཤིང་བཀྱགས་ནས་ཆུ་འཐུང་སའི་གཞོང་བ་བཟོས། གཞོང་བའི་མཐའ་འཁོར་དུ་ཞིང་ས་བཟོས། གྲ་སྒྲིག་གང་ལེགས་བྱས་རྗེས་ཆུ་མི་འདུག དེ་ནས་རོང་ཐར་གྱིས་མགོ་ཁྲིད་དེ་ཆུ་རགས་ནང་གཅིན་པ་བཏང་། བྱིས་པ་བཅུ་གྲངས་ཀྱིས་གཅིན་པ་བཏང་རུང་ཐན་སྐམ་དུ་སོང་བའི་ས་ཞིང་དུ་ཐིམས་པས། ཆུ་རགས་ནང་དུ་ཆུ་ཐིགས་པ་གཅིག་ཀྱང་མཐོང་རྒྱུ་མ་བྱུང་། ཚུལ་དེ་ཚང་མའི་བསམ་ཐོག་ལ་མ་ཡོང་བས། སྐལ་བཟང་གིས་རང་ཁྱིམ་དུ་ལོག་སྟེ་མི་རེ་རེས་འཐུང་ཆུ་ཁྱེར་འོངས་ནས་ཆུ་རགས་ནང་ལྡུག་པར་བསམ་འཆར་བཏོན་པ་ན། ཚང་མ་འཐད་པ་བྱུང་ལ། རང་ཁྱིམ་དུ་བརྒྱུགས་ནས་ལེ་དབར་བཅུ་ཕྲག་ཙམ་ནས་འཁུར་ཡོང་བའི་འཐུང་ཆུ་ཁྱེར་ནས་ཆུ་རགས་ནང་བླུགས། བྱིས་པ་རྣམས་ཀྱི་དགའ་འབོད་ཁྲོད་ཆུ་བཞུར་བའི་མཛད་སྒོ་ལེགས་འགྲུབ་བྱུང་སོང་ལ། དར་དམར་ཡུར་བ་བཟོ་བའི་ཕུགས་བསམ་དེའང་མངོན་འགྱར་བྱུང་སོང་། ཕུགས་བསམ་ནི་མངོན་འགྱུར་བྱུང་སོང་མོད། ཁོ་ཚོར་སྒུག་ཡོད་པ་ནི་ལས་ཀ་ཚར་རྗེས། ཁྱིམ་བདག་རྣམས་ཁྱིམ་ལ་ལོག་དུས་ཇ་བསྐོལ་བར་ཆུ་མེད་ཅིང་ཟ་མ་བཟོ་བར་ཡང་ཆུ་མེད་པས་ཁོང་ཁྲོ་ལངས་སྲིད་པ་ཐག་ཆོད་ཡིན་ལ། གཅར་རྡུང་ཚ་ཁུ་བྲོ་བ་ཞིག་ཀྱང་གཟེད་དགོས་རྒྱུ་ནི་སྨོས་མ་དགོས།”
     “སྡིགས་པ་བསགས་སོང་ཡ། བྱིས་པ་འདི་ཚོས་དོན་དག་འདི་ལེགས་འགྲུབ་བྱུང་བར་སྨོན།”ཆུང་མས་དེ་ལྟར་བཤད་ཞོར་ལ་ཅོག་ཙེའི་སྟེང་གི་“གྲ་སྒྲིག་དངུལ”རས་ཁུག་ནང་བཅུག་པ་དང་ཁ་ཕྱིར་འཁོར་ནས་“ང་ཚོང་ཁང་སྒོ་ཕྱེ་རུ་འགྲོ་རྒྱུ་ཡིན། རྒད་པོ་ཁྱོད་ཀྱིས་ག་ལེར་བསམ་བློ་གཏོང་དང་”ཟེར། ཤིང་སྐས་ལས་གོམ་པ་བརྒྱབ་པའི་ཐག་ཐག་གི་སྒྲ་དེ་ག་ལེར་ཐོས་རྒྱུ་མེད་སོང་།
     ཆུང་མས་སྒོ་བརྒྱབ་མ་ཐག ཐོག་ཁང་འོག་གི་ཁྱིས་མཚོན་བྱེད་རང་བཞིན་ལྡན་པའི་ངང་སྐད་འགའ་བརྒྱབ། དེ་ནི་ཁོས་བདག་མོ་དང་བདེ་མོ་འཇོག་པ་ཡིན། ང་རང་སྔ་མོ་ནས་སྐད་འདི་འདྲར་གོམས་ཡོད་པས། ཟ་མ་ཟོས་ཚར་རྗེས་རང་དབང་མེད་པར“བཤམས་སྟོན་ཁང་དུ”་སོང་།
     སྒོ་ཀིར་སྒྲ་དང་བཅས་ཕྱེ་བ་ན། སྣ་ལ་ཚ་ཤུར་རྒྱག་པའི་མཁའ་དབུགས་སྐམ་པོ་ཞིག་ཐད་ཀར་ཕྱོགས་ཡོང་ལ། སྒོ་ཕྱེ་དུས་ཐལ་རྡུལ་ཀྱང་དེའི་ནང་འདྲེས་ཡོད་ཅིང་། ལོ་རྒྱུས་ཀྱི་སྒོ་ཆེན་ཞིག་ཕྱེ་བ་དང་གཉིས་སུ་མ་མཆིས། ཚེ་གང་གློག་བརྙན་དང་འགྲོགས་པས་“བཤམས་སྟོན་ཁང་”དང་འདྲ་བའི་ཁང་བ་དེའི་ནང་སོང་ཐེངས་རེར། ངས་བྱིས་པ་ཞིག་ལ་རེག་པ་ལྟར་ལག་འཇམ་པོས་གློག་བརྙན་གྱི་སྤྱིན་ཤོག་དེ་གཉིས་དང་རྒྱལ་ནང་ནས་བཟོས་པའི་འབྲི་ཆུ་རྟགས་ཅན་གྱི་ཧའི་རྨི༡༦ཡོད་པའི་ཀན་ཀོང་ཞའོ་ཝུ་གློག་GS-16HXགློག་བརྙན་འཕྲུལ་ཆས་ལ་རེག་པ་ཡིན།
     དེ་དག་ལ་རེག་པའི་ཚོར་བ་དེས་ང་རང་ཁོ་ཚོའི་ལབ་གླེང་ཁྲོད་ཁྲིད་བྱུང་།
     གློག་བརྙན《ང་ཚོའི་སྡེ་བའི་ན་གཞོན》དང《དར་དམར་ཡུར་བ》ཡི་སྤྱིན་ཤོག་གཉིས་ཀྱིས་ཁ་འཕྲོག་ནས“ཝེ།  ཨ་ཁུ་བསྟན་འཛིན།”ཞེས་འབོད་པ་ཐོས། 《དར་དམར་ཡུར་བ》ས་བཤད་རྒྱུར“གླིང་དཀར་གྲོང་ཚོ་ནས་ལིན་རྫོང་གི་མིས་ཐག་པ་སྐེད་པར་དཀྲིས་ཤིང་ལག་ཏུ་ཐོ་བ་དང་ལྕགས་མདའ་བཟུང་ནས་བར་སྣང་དུ་རྐང་པ་སྤོ་ས་བཙལ་བའི་བརྙན་ཡོལ་ཤར་དུས་གློག་བརྙན་འཕྲུལ་ཆས་ཀྱི་ཉེན་འགོག་ཞ་སྐུད་འཚིག་པས། གྲོང་ཚོའི་ནང་གི་རྒན་གཞོན་ཚང་མས་ངུ་ཚེར་ཚེར་བྱས། ཚུལ་དེ་ནི་ཁྱིམ་ཚང་གིས་མི་རབས་དུ་མར་བསགས་པའི་གསེར་དེ་བོར་བ་བཞིན་རེ་ཐག་ཆད། དེ་ནི་ཇི་འདྲའི་ཡིད་སེམས་འགུལ་བའི་དུས་ཤིག་རེད་ཨང་། མི་ལྔ་བརྒྱ་དྲུག་བརྒྱའི་གློག་བརྙན་ཡིན་ཏེ། མི་ཚང་མས་འཚང་ཁ་རུབ་རུབ་ངང་བརྙན་གཏོང་འཕྲུལ་ཆས་བསྐོར་ནས་བསྡད། ལག་སྒྲོན་ཡོད་མཁན་གྱིས་གློག་བཀར་བ་ན་འོད་ཐིགས་ཐ་རེ་ཐོ་རེ་མང་པོ་སྐབས་འགར་གསལ་ཡང་སྐབས་འགར་མི་གསལ་བའི་ངང་གློག་བརྙན་འཕྲུལ་ཆས་ཀྱི་སྟེང་འཕྲོས། ཆ་རྐྱེན་ཞན་པའི་ལོ་རབས་དེའི་ནང་དུ། མིག་གིས་རབ་རིབ་ལས་མི་མཐོང་བའི་རྒད་པོ་རྒད་མོས་མཚན་མོ་ལག་སྒྲོན་བཀོལ་བ་ལས་གཞན། གཞི་རིམ་དམག་དམངས་ཀྱིས་གྲལ་རིམ་དགྲ་བོ་གཏོར་བརླག་ལ་བཀག་འགོག་བྱེད་ཆེད་མཚན་མོ་ཉེན་ཟོན་སྐོར་ཞིབ་བྱེད་དུས་ད་གཟོད་བཀོལ་བ་ཡིན། ཡིན་ནའང་གློག་བརྙན་གྱི་ཆེད་དུ་ལག་སྒྲོན་ནང་གི་གློག་གཡིས་རྫོགས་ཀྱང་ཚང་མར་སེར་སྣ་སྤུ་ཙམ་ཡང་མེད།”
     “ཧའེ་ཧའེ། 《དར་དམར་ཡུར་བ》ཁྱོད་ཀྱིས་བཤད་ཚར་སོང་ངམ། ད་ངའི་བཤད་རེས་སུ་བསླེབས་སོང་།”《ང་ཚོའི་སྡེ་བའི་ན་གཞོན》གྱིས་ཁ་འཕྲོག་ནས་བཤད་རྒྱུར“ཨ་ཁུ་བསྟན་འཛིན། སང་ཉིན་ཉག་རོང་གྲོང་ཚོར་འགྲོ་བ་མིན་ནམ། ཉག་རོང་གྲོང་ཚོའི་གཡུལ་ཁ་སྔ་ས་ནས་གཙང་སྦྲ་བྱས་ཟིན། གྲོང་ཚོའི་ལས་བྱེད་པ་ཉི་མ་ཐུབ་བསྟན་གྱིས་དུས་ཆེན་ལ་རོལ་བ་ལྟར་གཡུལ་ཁ་སྐམ་པོར་ཆུ་གཏོར་འདུག དེ་ཡང་ཐན་པ་ཆེ་ཞིང་ཆུ་དཀོན་པའི་ཉག་རོང་གྲོང་ཚོར། སྒོ་རའི་ནང་ཆུ་གཏོར་བ་ནི་རྒྱས་སྤྲོས་བྱས་དྲགས་པ་ཤེས་དགོས་སོ།། གློག་བརྙན་གཏོང་བ་ནི་ཞིང་འབྲོག་ཁུལ་དུ་ལོ་གསར་གཏོང་བ་ལྟར་འདུ་འཛི་ཆེ། ཁྱོད་ཀྱིས་ཤེས་གསལ་ལྟར་ང་ཚོའི་ས་ཆར་ཆུ་ནི་དཀོན་པོ་ཞེ་དྲག་ཡོད་དེ། གོམ་པ་བརྒྱབ་དུས་ཀྱང་ས་རྡུལ་འཕྱུར་ངེས། ཆུ་གཏོར་བ་ནི་གྲོང་ཚོའི་མི་ཐམས་ཅད་ཀྱིས་གློག་བརྙན་ཡག་པོ་ཞིག་བལྟ་ཆེད་ཡིན་ལ། ཁྱོད་ཀྱིས་སྤྱིན་ཤོག་བརྗེ་དུས་བྱིས་པ་རྣམས་ཡར་རྒྱུགས་མར་རྒྱུགས་བྱས་པ་ལས་རྡུལ་འཕྱུར་ནས་གློག་བརྙན་གསལ་བོ་མཐོང་བར་གནོད་པ་མི་ཐེབས་ཆེད་ཡང་རེད། ལྟོས་དང་། རྐང་ཆག་ཨ་ཁྲིན་གྱིས་གློག་བརྙན་གྱི་ཡོལ་རས་འགེལ་སྤྱད་ལ་ཞིབ་བཤེར་བྱས་ཟིན། རྐང་ཆག་ཨ་ཁྲིན་གྱི་རྐང་བའི་ཉྭ་རིས་མེད་ཀྱང་། དཔུང་བ་ནི་རྒྱལ་མོ་རྔུལ་ཆུའི་ཁ་གཏད་ཀྱི་རིའི་སྟེང་གི་སྤྲེའུ་ལྟར་ཡང་ཟོར་ལྡན་པས། གློག་བརྙན་གྱི་ཡོལ་རས་དེ་དྲ་བླུགས་སྤོ་ལོའི་སྒྲོམ་སྟེགས་གཉིས་ཀྱི་མཐོ་ཚད་དུ་འགེལ་ཐུབ་མཁན་ཁོ་གཅིག་པུ་ལས་མ་འདས་་་་་་་”
     “ཨེ་ཡ། སྤྱིན་ཤོག་རྣམས་ཀྱིས་བཤད་ཚར་སོང་ངམ།”བརྙན་གཏོང་འཕྲུལ་ཆས་ཀྱི་སྐད་སྦོམ་པོ་དེས་སྤྱིན་ཤོག་གི་འུར་སྒྲ་མནན་སོང་། “སྤུན་ཟླ་བསྟན་འཛིན། ངའི་ན་ཚོད་ཁྱོད་ལས་བགྲེས་རྐྱེན། ངས་ཁྱོད་ཚོར་བཤད། གཡུ་ལུང་གྲོང་ཚོ་དང་དགྲ་འདུལ་གྲོང་ཚོ་གཉིས་ཀྱིས་སུས་སྔོན་ལ་གློག་བརྙན་བལྟ་རྒྱུར་བརྩད་ནས་རྒྱག་རེས་བྱས་པ་ཁྱོད་ཀྱིས་དྲན་སོས་སམ། གྲོང་ཚོ་གཉིས་ཀྱི་མིས་སུས་སྔོན་ལ་གློག་བརྙན་བལྟ་བར་རྩོད་ཆེད། གྲོང་གཉིས་ཀྱི་ལམ་མདོ་ཁ་ནས་ང་ཚོ་འཕྲོག་རེས་བྱས་ནས་འཛིང་རེས་བརྒྱབ། གལ་ཏེ་ཉིན་དེར་ཀུང་ཧྲེའི་ཧྲུའུ་ཅི་དབང་འདུས་ཆེ་བས་དཀྲུམ་མདའ་བཏོན་པ་དང་། ནམ་མཁར་གཏད་དེ་བརྒྱབ་ནས་བཀག་འགོག་བྱས་མེད་ཚེ། མི་སྲོག་ཤོར་ཡང་སྲིད། ཁྱོད་ཀྱིས་ང་རང་དྲེལ་རྒྱབ་ནས་མར་ཕོག་དུས། ངས་གཡུ་ལུང་གྲོང་ཚོའི་བུ་བུ་ཆུང་ཆེས་ཐོག་མར་ལམ་མདོ་ཁ་ནས་ང་ཚོར་སྒུག་ཡོད་པ་གསལ་བོར་མཐོང་བྱུང་། ཡིན་ཡང་དགྲ་འདུལ་གྲོང་ཚོའི་ཉི་མ་ཁོ་ཚོས་མི་མང་བར་བརྟེན་ནས་བཙན་གྱིས་བུ་བུ་ཆུང་ལག་གི《དར་དམར་ཡུར་བའི》སྤྱིན་ཤོག་སྒམ་ཆུང་འཕྲོག་པ་ན།  བུ་བུ་ཆུང་གིས་མ་བྱིན། འཕྲོག་རེས་བྱེད་པའི་གོ་རིམ་ཁྲོད་ཉི་མས་ལག་འགུལ་ནས་ཁུ་ཚུར་གྱི་ཆེ་ཆུང་ཙམ་གྱི་རྡོ་ཞིག་གིས་བུ་བུ་ཆུང་གི་མགོར་བརྒྱབ་སྟེ། ཨི་ཁུང་བརྟོལ་ནས་ཁྲག་དམར་བར་མེད་དུ་བརྡོལ་ཡོང་། འོན་ཀྱང་བུ་བུ་ཆུང་གིས་སྤྱིན་ཤོག་སྒམ་ཆུང་དམ་པོར་བསྡམས་ནས་མི་གཏོང་། རྣམ་པ་དེ་ནི་སྤྱང་ལྟོགས་ཁྱུ་གཅིག་གིས་ར་མ་ཅིག་ཚལ་བར་གཏོང་བ་དང་མཚུངས། གལ་སྲིད་ཀུང་ཧྲེའི་ཧྲུའུ་ཅི་དབང་འདུས་ཆེ་བ་ལམ་དེར་བརྒྱུད་མེད་ཚེ། བུ་བུ་ཆུང་གི་སྲོག་ཡང་ཤོར་ཡོད་ངེས།”
     རྗེས་སུ་དབང་འདུས་ཆེ་བས་ཕྱིར་དྲན་བྱས་ནས་འདི་ལྟར་བཤད་བྱུང་བ་ངའི་བློ་ངོར་ཡོད་དེ། “སྐབས་དེར་ཁོ་ཏག་ཏག་ལམ་ཉིས་མདོ་ཞིག་བརྒྱུད་ནས་འགྲོ་དུས། ཐག་རིང་ནས་མཱ་ལེའུ་རི་རྒྱབ་ཀྱི་དཀྱོགས་མཚམས་སུ། དུ་ཞག་གྱེན་དུ་འཕྱུར་འདྲའི་ཐལ་རྡུལ་གྱིས་བར་སྣང་གང་བར་བྱས་པ་མཐོང་བྱུང་། ཕྱོགས་བཞིར་བསྐོར་ལྟ་ཞིག་བྱས་པ་ན། རླུང་མེད་ལ་དལ་འཇགས་སེ་ཡིན་པས། ཁྱད་མཚར། དུ་ཞག་དེ་གང་ནས་ཐོན་པ་ཡིན་ནམ། ཡང་མིན་ན་ལུག་ཁྱུ་དང་ནོར་ཁྱུ་འདི་ནས་འགྲོ་དུས་ཐལ་རྡུལ་བསླངས་པ་ཡིན་ཡང་སྲིད་སྙམ། འོན་ཀྱང་སྐད་ཅོར་གསལ་ལ་མི་གསལ་བ་རེ་ཐོས་དུས། གོམ་པ་ཇེ་མགྱོགས་སུ་གཏང་ནས་སོང་བ་ན། ཐལ་འཚུབ་འཁོར་བ་མིག་ལམ་དུ་མངོན་བྱུང་བས། ངས་ལམ་སེང་རྡུང་རེས་རྒྱག་པ་རྟོགས་བྱུང་། གྲོང་མིས་བུ་བུ་ཆུང་གི་མགོ་ནས་ཁྲག་བཞུར་བ་མཐོང་ནས་ཁོང་ཁྲོ་ལངས་ཏེ། ཚང་མས་ལག་འགུལ་བ་རེད། ཅང་མ་འགོར་བར་གྲོང་ཚོ་གཉིས་ཀྱི་མི་ནི་ཇེ་མང་ནས་ཇེ་མང་དུ་གྱུར། ཐལ་རྡུལ་འཚུབ་པ་ཡང་ཇེ་ཐུ་ནས་ཇེ་ཐུ་རེད། མ་འགྲིག གལ་ཏེ་ལམ་སེང་བཀག་འགོག་མ་བྱས་ན་ཆག་སྒོ་ལྷགས་ནས་མི་སྲོག་ཤོར་རྒྱུ་ཡིན་པས། ངས་དེ་མུར་སྐེད་ནས་དཀྲུམ་མདའ་བཏོན་ནས་ནམ་མཁར་གཏད་དེ་བརྒྱབ་པ་ཡིན། གྲོང་མི་རྣམས་ཀྱིས་མདའ་སྐད་ཐོས་མ་ཐག་ཚང་མས་མཉམ་གཅིག་ཏུ་སྒྲ་གྲགས་སར་བལྟས་ཡོང་། ངས་དཀྲུམ་མདའ་བཟུང་ནས་ཁྲོ་ཧུར་ཧུར་གྱིས་གནས་དེར་ལངས་འདུག་པ་མཐོང་རྗེས། ད་གཟོད་སུས་སྔོན་ལ་གློག་བརྙན་བལྟ་རྒྱུར་བརྩད་ནས་བྱུང་བའི་ཁྲག་བཞུར་བའི་དོན་རྐྱེན་དེ་བཀག་འགོག་བྱས་ཐུབ་སོང་། འེ་་་་་་་་་་རྫོང་གློག་བརྙན་དོ་དམ་ས་ཚིགས་ཀྱིས་བརྙན་གཏོང་འཕྲུལ་ཆས་དང་གཏོང་མཁན་དེ་ལས་མང་པོ་ཞིག་བཀོད་སྒྲིག་བྱས་ཡོད་ཚེ་ཇི་འདྲའི་ལེགས་ཨང་་་་་”་
     བརྙན་གཏོང་འཕྲུལ་ཆས་ཀྱིས་ཁ་གསབ་བྱེད་ཞོར་དུ། “དབང་འདུས་ཆེ་བས་མི་མང་གི་རྒྱག་རེས་བྱེད་ཐེངས་འདི་བཀག་ཀྱང་། བུ་བུ་ཆུང་གིས་ཉི་མ་གུ་ཡངས་སུ་གཏོང་རྩིས་མེད། ཁྱོད་དང་དབང་འདུས་ཆེ་བའི་བར་འདུམ་བྱས་མཐར་དགྲ་འདུལ་གྲོང་ཚོའི་མི་རྣམས་གཅིག་རྗེས་གཉིས་མཐུད་དུ་ལོག་སོང་། ཡིན་ནའང་གཡུ་ལུང་གྲོང་ཚོའི་མི་རྣམས་ལོག་འདོད་མེད། ཁོ་ཚོས་བུ་བུ་ཆུང་ནི་ཁོ་ཚོའི་གློག་བརྙན་བལྟ་ཆེད་དུ་རྨས་ཕོག་པ་ཤེས་ཡོད། ཁོ་ཚོས་དབང་འདུས་ཆེ་བར་བལྟས་ཏེ། དོན་དག་འདི་འདྲ་མཉམ་གྱི་ངང་ནས་ཐག་གཅོད་བྱེད་པར་རེ་བ་བྱས། བུ་བུ་ཆུང་ནི་འདམ་བག་གི་བཟོས་པའི་མི་ལྟར་མར་བསྡད་འདུག སྐྲ་ནི་ཁྲག་དང་རྔུལ་ཆུ་ཐལ་རྡུལ་གསུམ་ཀྱིས་བརྫིས་ནས་མཉམ་དུ་འབྱར་འདུག་ལ། མིག་ཞགས་སུ་མ་ཉེས་ཁ་གཡོག་དང་ཡི་ཆད་པའི་ཉམས་ཀྱིས་ཁེངས་ཏེ། ཐལ་རྡུལ་མཐུག་པོ་དེའི་སྟེང་དུ་བསྡད་དེ་ཁ་ནས་ཚིག་གཅིག་ཀྱང་མི་བཤད། ཚུལ་འདི་ནི་ཁམས་པའི་ཕོ་རྒོད་ཀྱིས་མི་མ་བསད་སྔོན་གྱི་སྔ་ལྟས་ཤིག་ཡིན་ཏེ། ཕྱི་ལུས་ཀྱི་རྣམ་འགྱུར་ལྷོད་ལ་བབས་ཡོད་ཀྱང་། ནང་སེམས་ནས་ངོ་སོ་དང་ལ་རྒྱ་ཤོར་བར་ཁས་ལེན་མི་སྲིད། ངས་ལྐོག་ནས་‘གསར་བུ་འདིས་ཉི་མ་གསོད་ཀྱང་སྲིད་སྙམ་བྱུང་།’ ངའི་ཚོད་དཔག་འདི་མཐའ་མར་དོན་སྨིན་བྱས་སོང་། ཟླ་གཅིག་མ་འགོར་བར་བུ་བུ་ཆུང་གིས་དངོས་གནས་ཉི་མ་བསད་རྗེས་རིའི་སྟེང་དུ་བྲོས་ནས་གབ་བསྡད། ཉི་མ་གྲོངས་པ་དེས་གྲོང་ཚོའི་ནང་འདྲོག་བསླངས་བས། གྲོང་ཚོ་ཡོངས་ཀྱི་སྐྱེས་པ་དར་མ་ཚང་མ་བསླེབས་སོང་། རྙོག་དྲ་སློང་མཁས་པའི་ཉི་མའི་ཐག་རིང་གི་ཉེ་འབྲེལ་ཉི་དབང་གི་སྣེ་ཁྲིད་འོག་གྲོང་མི་ཡོངས་ཀྱིས་ལག་ཏུ་དབྱུག་པ་དང་གྲི། འུར་རྡོ་སོགས་བཟུང་ནས་བུ་བུ་ཆུང་གི་ཁྱིམ་བསྐོར། བལྟས་བལྟས་རིག་རིག་ལ་འཛིང་རེས་ཛ་དྲག་ཅིག་གྲོང་ཚོ་གཉིས་ཀྱི་དབར་ནས་ལངས་གྲབས་བྱས་སོང་། སྐབས་དེའི་མིའི་འགན་ལེན་ཚོགས་པ་ནི་དེང་དུས་ཀྱི་སྤྱི་བདེ་ཅུས་ཡིན་པས། དེ་ཚོ་ཡང་འདྲ་མེད་རྐྱང་རྐྱང་ག་ལ་ཡིན་ཏེ། རྫོང་ཡོངས་སུ་སྐད་གྲགས་ཆོད་པའི་མིའི་འགན་ལེན་ཚོགས་པའི་ཚོགས་གཙོ་གཞོན་པ་ལིས་ཧུང་ཞིན་གྱིས་གནས་ཚུལ་དེ་ཐོས་རྗེས། ལྔ་བཞི་ཅན་དཀྲུམ་མདའ་བཏགས་ནས་རྫོང་གི་རུ་ཁག་འབྲིང་བའི་འཐབ་མོ་བ་རྣམས་ཁྲིད་ནས་ཡུལ་དངོས་སུ་བསླེབས་པ་དང་། ཉེན་ཟོན་ཐག་པ་འཐེན་བྱུང་། ཁོ་དང་ཀུང་ཧྲེའི་ཧྲུའུ་ཅི། རྫོང་གི་རུ་ཁག་འབྲིང་བའི་རུ་གཙོ། གྲོང་ཚོ་གཉིས་ཀྱི་འཐུས་མི་བཅས་ཀྱིས་ཆུ་ཚོད་གཅིག་ལྷག་ལ་གྲོས་མོལ་བྱས་རྗེས། སྔོན་ལ་གྲོང་ཚོ་གཉིས་ཀྱི་འཐུས་མི་རྣམས་རང་རང་གི་གྲོང་ཚོའི་མིའི་ཁྲོད་དུ་ཕྱིན། སྐར་མ་བཅུའི་རྗེས་སུ་ཚོགས་གཙོ་ལིས་ཀྱིས་སྐད་མགོ་མཐོན་པོས་འཐུས་ཚབ་གཉིས་ལ་འདྲི་རྒྱུར། ‘ཇི་འདྲ་རེད་ཟེར། ’གཡུ་ལུང་གྲོང་ཚོ་དང་དགྲ་འདུལ་གྲོང་ཚོའི་འཐུས་མི་གཉིས་ཀྱིས་ཁོར་ཕྱོགས་ནས་མགོ་བོ་ལྡེམ་ཙམ་བྱས་པ་ན། ཁོས་ལག་ཟུང་ཤུགས་ཀྱིས་རྡེབ་ནས་རྒྱ་སྐད་དང་བོད་སྐད་འདྲེས་མས། ‘ད་རེད་ཐ།(བོད་སྐད།)འདུམ་འགྲིག་བྱེད་ཐུབ་སོང་། ཚང་མ་གྲོལ་ཞིག(རྒྱ་སྐད)དཀའ་ཐལ། (བོད་སྐད)’ཁྲག་དྲི་བྲོ་བའི་རྒྱག་རེས་ཐེངས་ཤིག་འདི་ལྟར་སྡུམ་སོང་། རྗེས་སུ། ནང་མི་དང་བཟང་སའི་ཁ་ཏ་བྱས་མཐར་བུ་བུ་ཆུང་རང་འགུལ་གྱིས་ཀུང་ཧྲེར་སོང་ནས་རང་ཉེས་ངོས་ལེན་ཞུས་པས། གློག་བརྙན་ཐེངས་གཅིག་བལྟ་ཆེད་དུ་བྱུང་བའི་ཆག་སྒོ་འདི་གཞི་ནས་ཞོད་འཇགས་སུ་གཏོང་ཐུབ་སོང་། ”ཆག་སྒོ་ཞོད་འཇགས་སུ་བཏང་ཡང་། ཉོག་དྲ་སློང་མཁན་ཉི་དབང་གི་དོན་དག་དེ་དུས་དེ་རིང་ཡང་བརྗེད་ཐབས་བྲལ།“རིག་གསར”གྱི་ཧུར་བརྩོན་ཅན་སྟོང་བསམ་ལ་དགའ་མཁན་འདིས་ཡ་མཚར་བའི་དྲན་སྣང་གིས་ངུ་མ་དགོད་ཀྱི་དོན་དག་ཅིག་བསྒྲུབ་སོང་། འོན་ཀྱང་སྐབས་དེ་དུས། ཁོའི་སྔར་མེད་གསར་བྱུང་གི་གྲོས་འགོ་དེ་གསར་བརྗེ་ཨུ་ལྷན་གྱི་རྒྱབ་སྐྱོར་འོག་ཆོག་མཆན་འཐོབ་སོང་།
     ཉི་དབང་གིས་རྫོང་གི་སོ་ཕག་བཟོ་གྲྭས་སྲེག་པའི་རྫ་གཡམ་ལ་བཟོ་རྩལ་བསྒྱུར་བཅོས་བྱས་ཏེ། རྫ་གཡམ་དེ་ཀ་ཟླུམ་དབྱིབས་སུ་སྲེག ཟླུམ་རིལ་གྱི་ཚངས་ཐིག་ལ་ལི་སྨི་ཉེར་ལྔ་དང་། རིང་ཚད་ལ་ལི་སྨི་བཞི་བཅུ་ཡོད། སོ་ཕག་བཟོ་གྲྭའི་སྒོ་རའི་གྱང་ངོས་སུ་“གསར་བརྗེ་བཟུང་ནས་ཐོན་སྐྱེད་ལ་སྐུལ་འདེད་བྱེད་”ཞེས་བྲིས་འདུག ཉི་དབང་གིས་རང་གི་ཁྱད་མཚར་བའི་དྲན་སྣང་དེ་དཔེ་སྟོན་བྱེད་ཀྱིན་འདུག རྫ་ཟླུམ་པོ་བཅུ་གྲངས་ཤིག་མཐུད་རྗེས། བཟོ་གྲྭའི་འགྲམ་གྱི་རང་འཐག་ཁང་ཞིག་གི་ཆུ་འཛུལ་སར་མཐུད་ཟིན་པའི་རྫ་ཟླུམ་དག་བཞག་པ་ན། ཆུ་ནི་ཤང་ཤང་གི་སྒྲ་སྒྲོག་བཞིན་རྫ་ཟླུམ་བརྒྱུད་ནས་བཞུར་ཡོང་། ཁོས་དགའ་སྤྲོ་དང་བཅས་རྫོང་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རིན་ལིའུ་ལ་བཤད་རྒྱུར།“ངས་བལྟས་ན་དགྲ་འདུལ་གྲོང་ཚོའི་ཆུ་མགོར་ཡང་ངའི་གསར་གཏོད་འདི་བཀོལ་ན་ལེགས། འདི་ལྟར་བྱས་ན་གཡུ་ལུང་། ལྷ་ལུང་། སྐལ་ལུང་། དགྲ་འདུལ་སོགས་གྲོང་ཚོ་ཐམས་ཅད་ཀྱི་འཐུང་ཆུ་དང་ཡུར་ཆུ་ཚང་མ་ཐག་གིས་བཅད་སོང་བ་མིན་ནམ་”ཟེར། ཀྲུའུ་རིན་ལིའུ་ཡིས་མིག་ཟུང་བགྲད་དེ་རྫ་ཟླུམ་ལས་བཞུར་བའི་ཆུར་ཅེར་ནས་བསམ་བློ་ཅུང་ཙམ་བཏང་རྗེས། མཐའ་འཁོར་གྱི་འཁོར་གཡོག་རྣམས་གྱི་རྣམ་འགྱུར་ལ་ཅིག་བལྟས་པ་ན། རྒྱ་ཆེའི་འཁོར་གཡོག་རྣམས་ཀྱིས་ཁོའི་རྣམ་འགྱུར་ལ་ལྟ་ཞིབ་བྱེད་བཞིན་ཁོའི་ཁ་གྲག་པར་སྒུག་འདུག“ ཁྱོད་ཚོས་ལྟོས་དང་། ཚང་མ་ང་དང་འདྲ་བར་དཔོན་ཉམས་རིང་ལུགས་ཆེན་པོ་རེད། དཔའ་རྒོད་ངོ་མ་ནི་མང་ཚོགས་རེད་ཡ། ”ཁོས་ཡང་བསྐྱར་རྗེས་འབྲང་བར་བལྟ་ཙམ་དང་ཉི་དབང་ལ་བལྟ་ཙམ་བྱས་རྗེས་དེ་ལྟར་བཤད། དེ་ནས་དཔུང་བ་གསིག་གསིག་ཅིག་བྱས་ནས་གཡང་ཤམ་བྱས་པའི་འགོ་སྣམ་གྱི་ལས་གོས་དེ་ཕྲག་ནས་མི་ལྷུང་བར་བྱས། ཁོ་དང་འདྲ་བའི་ལྷོ་སྐྱོད་ཀྱི་ལས་བྱེད་པ་མང་ཆེ་བ་ནི་ཉིན་གང་ལྭ་བ་གཡང་ཤམ་བྱེད་རྒྱུར་དགའ་སྟེ། བསེར་བུ་གཡུག་དུས་ཕུ་ཐུང་གཉིས་ནི་ཕར་གཡོ་ཚུར་གཡོ་བྱེད། ཀྲུའུ་རིན་ལིའུ་ཡིས་ལག་ཟུང་གིས་ཉི་དབང་གི་ལག་པ་ཤུགས་ཀྱིས་འཇུས་ཏེ་གཡུག་ཅིང་། ཁ་ནི་དམ་པོར་ཟུམ་ནས་ཡིད་སེམས་གཡོས་པས་དབང་གིས་ངུ་འདོད་པའི་བཟོ་ལྟ་ཞིག་བསྟན་ཏེ། “ངས་རྫོང་གསར་བརྗེ་ཨུ་ལྷན་གྱི་ཚབ་བྱས་ཏེ་ཁྱོད་ལ་གུས་འདུད་ཞུ། དཔའ་རྒོད་ངོ་མ་ནི་མང་ཚོགས་རེད་ཡ། མང་ཚོགས་ཀྱི་གསར་གཏོད་ནུས་པ་དང་བློ་རིག་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྱུང་ཁུངས་རེད་ཡ།  ”ཀྲུའུ་རིན་ལིའུ་ཡིས་བཤད་ཚར་མ་ཐག མི་ཚོགས་ཀྱི་ཁྲོད་ནས་མཚམས་མི་ཆད་པའི་ཐལ་མོ་རྡེབ་སྒྲ་གྲགས་འོངས། དེའི་རྗེས་ནས་བྱུང་བ་ནི་ལས་བགོས་ཁ་གསལ་བྱེད་པའི་དམག་འཐབ་ཆེན་པོ་ཞིག་ཡིན། རྫ་ཟླུམ་སྲེག་མཁན་གྱིས་རྫ་ཟླུམ་སྲེག ཆུ་ཁུངས་འཚོལ་མཁན་གྱིས་ཆུ་ཁུངས་བཙལ། འོབས་དོང་འདྲུ་མཁན་གྱིས་འོབས་དོང་དྲུས། སྒྲོམ་སྐྱོར་ལས་མཁན་གྱིས་སྒྲོམ་སྐྱོར་ལས། ལོ་གཅིག་གི་དམག་འཐབ་ཆེན་མོ་བརྒྱུད། རིང་ཚད་ལ་སྤྱི་ལེ་བདུན་ཡོད་པའི་འཐུང་ཆུའི་མདོང་ཞིག་མཐུད་ཐུབ་སོང་།
     མདོང་ནང་ཆུ་ཤར་རྒྱུག་ཐུབ་པའི་ཉིན་དེར། ཉི་དབང་གི་ཨ་ཕ་དགེ་འདུན་གྱིས་བཅིངས་འགྲོལ་རྟགས་ཅན་གྱི་ལྷམ་དེ། བུད་ཤིང་གཅོད་བྱེད་ཀྱི་གྲིས་ཚལ་བུར་གཏུབ་པ་ངས་མིག་གིས་གསལ་བོར་མཐོང་བྱུང་། དེས་ལྷམ་གཏུབ་ཞོར་དུ་མིག་ཆུ་ཤམ་ཤམ་བཞུར་གྱིན་བཤད་རྒྱུར། “མའོ་ཀྲུའུ་ཞི་ལགས། ཁྱེད་ཀྱི་ཐུགས་བརྩེ་ཡོད་པས། ཉི་དབང་འཁྱམ་པོ་འདིས་ཀྱང་ཁྱེད་ཀྱི་ཐུགས་བརྩེའི་འོག་ནས་གོ་ཆོད་པའི་ལས་ཀ་ཞིག་སྒྲུབ་སོང་། ང་ཚོས་ལེ་དབར་བཅུ་ཕྲག་འགར་བསྐྱོད་ནས་ཆུ་འཁུར་དགོས་པའི་སྡུག་གི་ཉིན་མོ་ད་མཇུག་རྫོགས་སོང་། རྒད་པོ་དགེ་འདུན་ང་ངོ་མ་དགའ་གི ངས་ཆུ་འཁུར་བར་ལོ་བདུན་ལ་གྱོན་པའི་ལྷམ་འདི་གཞི་ནས་རལ་སོང་། ད་ངས་དེ་ཁྱེར་ནས་དགའ་སྟོན་རྟེན་འབྲེལ་ཞུ་རྒྱུ་ཡིན”ཟེར།
     དྲན་འཕྲུལ་མང་བའི་ཉི་དབང་གིས་གཡུ་ལུང་གྲོང་ཚོ་ནས་ཁ་རོག་གེར་ཆུ་མཛོད་བསྐྱིལ་དགོས་པའི་བསམ་འཆར་བཏོན། ཆུ་མེད་པའི་མིས་ཁོའི་བསམ་འཆར་ལ་ཉན་རྗེས། ཆུ་བསགས་རྗེས་བསམ་དོན་འགྲུབ་སོང་སྙམ་པས། དེ་མུར་ཆུའི་སྟོད་རྒྱུད་དུ་ཡོད་པའི་གཡུ་ལུང་གྲོང་ཚོས་ཆུ་བཀག འོན་ཀྱང་དགྲ་འདུལ་གྲོང་ཚོས་ཆུ་མ་རེག་པས་རང་དགར་སྐྱུར་ག་ལ་སྲིད། དེ་ཚོས་འཇོར་དང་སྦྱག་མ་བཟུང་ནས་ཆུ་མཛོད་བསུབ་རྩིས་བྱས། གཅིག་གིས་སྲུང་སྐྱོབ་བྱེད་འདོད་དུས་གཞན་དེས་མེད་པར་གཏོང་འདོད་པས། འཛིང་རེས་ཀྱི་ཆག་སྒོ་བྱུང་བ་ནི་སྨོས་མེད་རེད།
     དེ་ནི་དངོས་གནས་ཕྱིར་མིག་གིས་བལྟ་མི་བཟོད་པ་ཞིག་རེད། མི་དགུ་ཤི་བ་དང་བཅུ་གཉིས་ལ་རྨས། ཤི་ཟིན་པ་རྣམས་སར་འགྱེལ་འདུག་ལ། གྲོངས་ཚར་ནས་ཕྱི་མའི་ཡུལ་དུ་བཞུད་སོང་། རྨས་ཕོག་པ་རྣམས་ནད་ཁྲིའི་སྟེང་ཉལ་ནས་དགྲ་ཤ་འདི་ལེན་ཁོ་ཐག་ཡིན་ཟེར། ཉི་དབང་ཡང་རང་གི་དྲན་འཕྲུལ་ཁྲོད་ནས་ཤི་སོང་།
     ཡ་མཚན་པ་ཞིག་ནི། མིས་བཟོས་པའི་ཆག་སྒོ་འདི་ཐག་གཅོད་བྱེད་དབང་མེད་པར། ལོ་བརྒྱ་ལའང་མི་འཕྲད་པའི་ཆུ་ལོག་གིས་“རྫ་ཆས་”ཀྱི་བཟོ་སྐྲུན་འདི་ཁ་ཆག་སྣ་རལ་དུ་བཏང་སོང་། དོན་དག་འདིས་སྔ་གཞུག་ཏུ་མི་བཅུ་གྲངས་ཅིག་ཐག་གཅོད་བྱས་སོང་། ལ་ལ་བཙོན་དུ་ཚུད། ལ་ལའི་གོ་གནས་ཡང་བླངས། དེའི་ནང་རྫོང་གསར་བརྗེ་ཨུ་ལྷན་གྱི་ལིའུ་ཀྲུའུ་རིན་དང་ཀུང་ཧྲེའི་ཧྲུའུ་ཅི་ཝང་ཡང་ཚུད་ཡོད། རྗེས་སུ་སེམས་ལ་ཕོག་ཐུག་ཚབས་ཆེན་ཕོག་པའི་ཧྲུའུ་ཅི་ཝང་སྨྱོས་ནས་མེན་དབྱང་གི་སྨྱོ་ནད་སྨན་ཁང་དུ་སྐྱེལ།
     ལོ་ཉི་ཤུའི་རྗེས་སུ། རྫོང་གི་དམངས་ཆེན་ཀྲུའུ་རིན་ཡིན་པའི་དབང་འདུས་ཆེ་བས་ང་དང་འཕྲད་ཐེངས་རེར། ཁོའི་མཛོ་མིག་དེ་འཇུར་ནས་ང་ལ་བལྟ་ཞོར། ངའི་ཕྱོགས་སུ་ཁ་གཅུ་ཙམ་བྱེད་བཞིན། ས་གནས་ཀྱི་དབྱེ་བ་མེད་པར་གང་ནས་ཐུག་ཀྱང་ང་ལ་“གྱོད་ཀྱི་ཁུག་མ་”ཞེས་ཀུ་རེ་རྩེ། དེའི་ནང་དོན་ནི་ངས་གློག་བརྙན་བསྟན་ནས་བྱུང་བའི་ཆག་སྒོ་ནི་མང་དྲགས་ནས་སླེ་བོའི་ནང་འཇུག་དགོས་ལ་ཐུག་འདུག་ཟེར་བ་ཡིན། དབང་འདུས་ཆེ་བས་གཉེར་མའི་ཁེབས་པའི་ཁ་ཤ་དེས་འཕྱ་སྨོད་ལའང་མདངས་གསར་པ་ཞིག་བསྣན་པས། བཞུད་ཟིན་པའི་ལོ་ཟླར་བློ་གནས་གཟུར་བོས་ཤན་འབྱེད་བྱེད་པ་དང་གཉིས་སུ་མ་མཆིས།
     སྟོད་བོད་དུ། “གྱོད་ཀྱི་ཁུག་མ”ནི་ཉོག་དྲ་སློང་མཁན་གྱི་མིར་བརྗོད་པ་ཡིན། གནམ་རྒན་མ། ཧ་ལམ་ལོ་དེའི་མི་གསོད་གྱོད་གཞི་དེ་ནི་ངའི་གློག་བརྙན་བསྟན་པ་ལས་བྱུང་བ་བཞིན། སྐད་ཆ་འདིར་མཉན་དུས་ང་ལ་མ་ཉེས་ཁ་གཡོག་ཐེབས་ཡང་། ངས་དབང་འདུས་ཆེ་བར་ལེ་བདའ་ཅུང་ཙམ་ཡང་མི་བྱེད། རྒྱུ་མཚན་ནི་མཚང་མིང་འདིའི་ཤུགས་སུ་གཟེངས་བསྟོད་ཀྱི་ནང་དོན་འདུས་ཡོད། གཟུགས་རིང་ཞིང་སྟོབས་ཆེ་བའི་དབང་འདུས་ཆེ་བ་ནི་ཕྱི་ཚུལ་ལ་བལྟས་པ་ཙམ་གྱིས་རིག་གནས་མེད་པ་བདེན་ཡང་། སེམས་ནི་ཁབ་མིག་ལྟར་ཞིབ་ཚགས་ཡིན་ཏེ། ཁོ་གཞི་རིམ་མང་ཚོགས་ཀྱི་ལས་ཀར་ནང་བྱན་ཆུད་ཡོད། མི་མཛའ་བའི་དཔེ་ཞིག་བཞག་ན། “སྐྱིད་ཚེ་ཚང་གིས་བཏང་བའི་རྟུག་དྲི་བཀྲ་ཤིས་ཚང་ལ་བྲོ་མིན”ཡང་ཁོས་དྲང་བདེན་གྱི་སྒོ་ནས་བརྡར་ཤ་གཅོད་ཐུབ། གཞི་རིམ་གྱི་ལས་ཀ་སྒྲུབ་མཁན་ནི་ཁོ་ལས་མ་འདས་ཏེ། ཁོས་ལས་ཀ་སྒྲུབ་མྱོང་བའི་ས་ཆར་ཁོའི་སྙན་གྲགས་དང་ཉམས་མྱོང་ཁས་མི་ལེན་མཁན་སུ་ཡོད།
     ཡང་སྙིང་སུས་སྔོན་ལ་གློག་བརྙན་བལྟ་མིན་བརྩད་ནས་མི་བསད་སོང་། འདིའི་ཁྲོད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་སུས་ཀྱང་ཧ་གོ་ངེས་ཏེ། “དབུལ”ཡིག་གཅིག་གིས་ཀྲུང་གོའི་མི་རབས་རེ་རེ་གནག་སོང་། ཆག་སྒོ་བསླངས་མཁན་ཚང་མ་གློག་བརྙན་རེད་ཟེར་བ་ནི་ཕྱི་ངོས་ཀྱི་ཟུར་ཟ་ཙམ་ལས་མ་འདས། ཡིན་ནའང་རྒྱུ་དང་འབྲས་བུའི་ངོས་ནས་བརྗོད་ན། གལ་ཏེ་གློག་བརྙན་མེད་ཚེ་མི་གསོད་ཀྱི་གྱོད་གཞི་དེ་ཡང་ཡོད་མི་སྲིད། གཏམ་རྒྱུད་འདི་80རྗེས་དང་90རྗེས་ཀྱི་བྱིས་པ་ཚོར་བཤད་དུས། ཁོ་ཚོས་ངས་བཤད་པ་ནི་“གནམ་ཡིག”དང་“ལྷ་འདྲེ”ཡིན་པས་གཡོ་སྒྱུས་མགོ་སྐོར་གཏོང་གྱིན་འདུག་ཞེས་བརྗོད་སྲིད་པ་གཏན་ཁེལ་རེད།

བཞི།

     “འགྲེམ་སྟོན་ཁང”ནང་ཧ་ཅང་ལྷིང་འཇགས་ཡིན་ཏེ། མཚམས་ལ་རེར་སྦྲང་ནག་གིས་སྒེའུ་ཁུང་གི་ཤེལ་སྒོར་རྡུང་བའི་སྒྲ་དང་ལྭ་བ་གཙུབ་བརྡར་བྱས་པ་ལས་བྱུང་བའི་སྒྲ་གཉོམ་པོ་ཞིག་ཐོས་ཐུབ། སྐབས་ལ་ལར་ངའི་མིག་འོད་ནི་མཛུབ་རྩེ་བརྒྱུད་ནས་བརྙན་གཏོང་འཕྲུལ་ཆས་ཀྱི་ཤེལ་སྒོའི་སྟེང་ཡར་ཤུད་མར་ཤུད་བྱས།
     གོ་མེད་ཚོར་མེད་ངང་ངས་རང་འགུལ་གྱིས་བརྙན་གཏོང་འཕྲུལ་ཆས་ཀྱི་གློག་ཁུངས་བསྒར་བ་དང་། བརྙན་གཏོང་འཕྲུལ་ཆས་ཀྱི་འཁོར་བསྐྱོད་མདའི་རྩེ་མོའི་འོད་དཀར་གློག་སྒྲོན་གྱི་གློག་སྒོ་ཡང་ཕྱེ། དེ་མུར་སྤྱིན་ཤོག་སྒམ་ནས་《དར་དམར་ཡུ་བའི》སྤྱིན་ཤོག་དང་པོ་བཏོན་ནས། བྱང་ཆུབ་པའི་ངང་ཐག་པ་འགེལ་རྗེས། ཕར་སོང་ནས་བརྙན་གཏོང་འཕྲུལ་ཆས་ཁ་སྤྲོད་ཀྱི་གྱང་ངོས་སུ་བརྙན་ཡོལ་མར་ཕབ། དེ་ནས་དྲ་ཡོལ་བརྒྱབ་པ་ན། ཁང་བའི་ནང་བརྙན་གཏོང་འཕྲུལ་ཆས་སྟེང་གི་འོད་དཀར་གློག་སྒྲོན་གསལ་བོར་བཀར་འདུག གོ་རིམ་ཡོད་ཚད་ནི་དྲན་ཤེས་ཀྱི་གོམས་གཤིས་འོག་བསྒྲུབ། བརྙན་གཏོང་འཕྲུལ་ཆས་ཀྱི་གློག་སྒོ་ཁ་ཕྱེ་བ་ན། འོད་དཀར་གློག་སྒྲོན་གཟིམས་སོང་། བརྙན་གཏོང་འཕྲུལ་ཆས་ཀྱི་ཤེལ་སྒོའི་སྟེང་གི་ཟླུམ་སྙུང་དབྱིབས་ཀྱི་འོད་དཀར་ཅིག་བརྙན་ཡོལ་ངོས་སུ་ཕོག བརྙན་གཏོང་འཕྲུལ་ཆས་ཀྱི་འཁོར་བསྐྱོད་མདའི་སྟེང་ནས་ང་རང་ཆ་རྒྱུས་ཆེ་བའི་འཁོར་བསྐྱོད་ཀྱི་སྒྲ་ཆུང་ཆུང་ཞིག་གྲགས་འོངས། བརྙན་གཏོང་འཕྲུལ་ཆས་ཀྱི་འཁོར་བསྐྱོད་སྒྲ་སྙོམས་པོ་དེས་ང་རང་ལྷོད་ལ་བབས་སུ་བཅུག་པས། མིག་ཟུང་ཤུགས་ཀྱིས་བརྙན་ཡོལ་ལ་ཅེར་བ་ཡིན།
     ཆིག་དགུ་བདུན་ཅུ་ལོར་ཀྲུང་དབྱང་གསར་འགྱུར་གློག་བརྙན་པར་སྐྲུན་ཁང་གིས་འགྲེམ་སྤེལ་དང་བརྙན་གཏོང་བྱས་པའི་《དར་དམར་ཡུ་བའི》ནི་ལོ་ངོ་སུམ་ཅུའི་རྗེས་སུ་རྒྱ་ཆེ་བའི་ཞིང་གྲོང་ནས་མི་སྒེར་གྱི་འགྲེམ་སྟོན་ཁང་དུ་ལུས། སྐད་ཅིག་དེ་ཉིད་ལ། མིག་དང་རྣ་བར་མཆེད་འོངས་བ་ནི་ཆ་རྒྱུས་ཧ་ཅང་ཆེ་བའི་བརྙན་རིས་དང་སྒྲ་གདངས་རེད། དེ་དང་ཆབས་ཅིག་ངའི་མིག་ཆུ་ཡང་འགོག་ཐབས་མེད་པར་ཕྲུམ་ཕྲུམ་དུ་བཞུར་བྱུང་། མིག་ཀོང་གི་མཆི་མ་ཕྱི་རུ་བཞུར་ནས་ངོ་གདོང་ཧྲིལ་བོ་བརླན་སོང་། གློ་བུར་དུ་རོང་ཐར་གྱི་གདན་ཞུས་ང་རང་གཏིང་ཟབ་ས་ཞིག་ལ་ཁྲིད་པས། སྤྲིན་རུམ་ནས་ས་གཞིར་ཐུར་ལྟ་བྱེད་པ་དང་མཚུངས། ངས་མིག་མཆི་མ་ཕྱིས་པར་གང་འདོད་དུ་བཞུར་བཅུག་པ་ཡིན། མིག་མཆི་དང་དར་དམར་ཡུར་བ་གཉིས་མཉམ་གཅིག་ཏུ་འདྲེས་ནས་ཤང་ཤང་དུ་བཞུར། ད་བར་དུ་ལོངས་སུ་སྤྱད་མ་མྱོང་བའི་བདེ་སྐྱིད་ཀྱི་སྣང་བ་ཞིག་གིས་སྣ་རྩེ་སྐྱུར་མོར་བཏང་ནས་ཟ་འཕྲུག་ལངས་སུ་བཅུག་ལ། གྲོང་མི་དང་བརྙན་ཡོལ་དབར་གྱི་མཛའ་གཅུགས་ཀྱི་ངང་ཚུལ་དང་སྤྲོ་བ་དེས་ང་རང་ངུ་འབོད་བྱེད་དུ་བཅུག་སོང་།
     གློག་བརྙན་ནང་གི་ཡུར་བ་བཟོ་དུས་ཀྱི་ལྡིར་ལྡིར་གྱི་བཀད་སྒྲས་ང་རང་ཕྱིར་དྲན་གྱི་ཀློང་ནས་ཡུལ་དངོས་སུ་དྲངས་བྱུང་། ངས་སྟོད་གོས་ཀྱི་ཕུ་ཐུང་གི་སྣེ་མོས་མིག་མཆི་ཕྱིས་པ་དང་སེམས་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་རིམ་བཞིན་བརྗེད་ཟིན་པའི་ང་ཚོ་རྫོང་རིམ་པའི་གློག་བརྙན་ཀུང་ཟི་འདི་དག་དང་། བརྗེད་ཟིན་པའི་བརྙན་གཏོང་བ་རྣམས་རོང་བང་ཐང་གྲོང་ཚོའི་80རྗེས་ཀྱི་ན་གཞོན་ཞིག་གིས་ཡིད་ལ་དམ་པོར་བཅངས་ཡོད་པ་ནི་ངོ་མ་རྨི་ལམ་ནང་དུའང་འཁོར་མ་མྱོང་། ངས་སེམས་གཏིང་ནས་བྱིས་པ་འདི་དག་ལ་གུས་འདུད་ཞུ།
     སྤྱིན་ཤོག་གསུམ་པ་བརྗེ་ཚར་དུས་ང་རང་ཁ་གྲགས་རྒྱུ་མེད་སོང་། ངའི་རྣམ་ཤེས་ནི་ཆུ་མེད་པའི་དབང་གིས་དབུལ་བོ་ཡིན་པའི་གྲོང་ཚོ་དེ་དག་ལ་བསྐོར་ཅིག་བརྒྱབ་པ་དང་མཚུངས། སྐམ་ཞིང་སེར་ཁ་གས་པའི་ས་གཞི་དེ་དག ཚེར་ཕུང་གིས་གང་བའི་ས་སྒང་དེ་དག ས་སྒང་སྟེང་གཤོག་རྡེབ་བྱེད་བཞིན་ཚེར་རྣོན་གྱིས་ཁེབས་པའི་མེ་ཏོག་དབང་ལག་སྟེང་ཆུ་འཇིབ་པའི་མཆིལ་བ་དེ་དག ནམ་མ་གསལ་གོང་ནས་རི་གཤམ་དུ་ཆུ་འཁུར་བར་འགྲོ་བའི་གྲོང་མི་དེ་དག ཐན་སྐམ་གྱིས་མནར་ནས་ཆར་ཆུར་རེ་བའི་ལོ་ཏོག་དེ་དག  མཁའ་དབུགས་སྐམ་པོའི་ཁྲོད་དུ་ཆུ་འཐུང་འདོད་ཀྱི་སྐད་འཁོབ་ཏོ་སྣ་ཚོགས་འབྱིན་པའི་སྒོ་ཟོག་དེ་དག གདོང་ཡོངས་ཐལ་རྡུལ་གྱིས་བཀང་ཞིང་སྐྲ་རྣམས་རྔུལ་ཆུ་དང་ཐལ་རྡུལ་གྱིས་འབྱར་བའི་བྱིས་པ་དེ་དག སྔ་དགོང་གཉིས་སུ་གཉེར་རིས་གསལ་བའི་ལོ་ལོན་རྣམས་ཀྱིས་མ་ཎི་འཁོར་ལོ་བསྐོར་བཞིན་ཆུ་འཐོབ་པར་སྨོན་ལམ་རྒྱག་པའི་ཁ་ཤའི་ནུར་འགུལ་དེ་དག དྲག་ཆར་ཐེངས་ཤིག་གི་རྗེས་སུ་ཝ་ཁའི་འགྲམ་དུ་གཅེར་བུ་ཕུད་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཐལ་རྡུལ་བཀྲུ་བའི་བུད་མེད་དེ་དག དུ་ཞགས་སྟུག་པོ་འཕྱུར་བཞིན་ལོག་འོངས་བའི་ལུག་ཁྱུ་དེ་དག ད་དུང་རླུང་བུ་སྐམ་པོའི་མཁའ་དབུགས་ཁྲོད་རྣ་ལ་གཟན་པའི་ཐལ་རྡུལ་དེ་དག་་་་་་་
     ཆུ་མེད་པའི་དབང་གིས་བྱུང་བའི་དབུལ་ཕོངས་སྡུག་ཐུག་གི་རྣམ་པ་འདི་ཐམས་ཅད། དུས་ད་ལྟར། མཐོང་རྒྱ་བསྐྱེད་ཅིང་རིག་གནས་ཡོད་པའི“བྱིས་པ་བསམ་མེད”ཚོས་བསྒྱུར་བཅོས་བྱ་རྒྱུ་ཡིན་པས། ང་རང་དགའ་སྤྲོ་སྐྱེས་པ་དང་ཆབས་ཅིག་ངོ་ཡང་གནོང་། དུས་རབས་ཀྱི་གོང་འཕེལ་གྱིས་ང་ཚོའི་ཉིན་རྒྱུན་ཁར་ཐོགས་ཡང་བསམ་བློ་ཞིབ་མོ་མ་བཏང་བའི་སྐད་ཆ་དེ་དག་ར་སྤྲོད་བྱས་བྱུང་སྟེ། དངོས་གནས་“འབྲི་ཆུའི་རྦ་རླབས་ཕྱི་མས་སྔོན་མ་འདེད”ཟེར་བ་དེ་རེད་ཡ།
     ཅི་ཡིན་འདི་ཡིན་མེད་པར་ངས《དར་དམར་ཡུ་བའི》བརྗོད་དོན་གླུ་དབྱངས་འུར་གྱིས་བླངས། “ཐའེ་དཔང་རི་བོ་གཤགས/ཀྲང་ཧི་ཆུ་བོ་རི་བོ་ཕུག/ལིན་རྫོང་མི་དམངས་བློ་སྟོབས་ཆེ/དམ་བཅའ་བཞག་ནས་རི་ཆུ་ཐམས་ཅད་བསྐྱར་བསྒྲིགས་བྱས། ཆུ་རྐ་རེ་རེས་རི་བོ་བསྐོར་ནས་འགྲོ/ཆུ་མཛོད་རེ་རེའི་ནང་དུ་ཨ་སྔོན་ཤར/མུ་འབྲེལ་རི་བོ་རེ་རེ་སྔོ་ལྗང་ལྗང/ས་སྟོང་ཐམས་ཅད་ཏ་ཀྲེའི་ཞིང་ཁར་བསྒྱུར། ཐའེ་དཔང་རི་བོ་གཤགས/ཀྲང་ཧི་ཆུ་བོ་རི་བོ་ཕུག/རང་སྟོབས་རང་སྤེལ་བྱས་ནས་ངོ་མཚར་སྐྲུན། /དར་དམར་མཐོན་པོར་སྒྲེང་ནས་ནམ་ཡང་མདུན་དུ་བསྐྱོད”ཞེས་ལེན་ཞོར་དུ་རྒྱལ་ནང་ནས་བཟོས་པའི་འབྲི་ཆུ་རྟགས་ཅན་གྱི་ཧའི་རྨི༡༦ཡོད་པའི་ཀན་ཀོང་ཞའོ་ཝུ་གློག་GS-16HXགློག་བརྙན་འཕྲུལ་ཆས་ཕྱི་བརྡར་བྱས།
     དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་དུས་དཀྱིལ་དུ། རྫོང་གི་གློག་བརྙན་ཀུང་ཟི་རྩ་ནས་ཉམས་རྒུད་ཕྱིན་པ་དང་། རྫོང་མཁར་གྱི་གློག་བརྙན་ཁང་ཡང་སྒེར་གཉེར་དུད་ཚང་གི་དངོས་ཟོག་ཉར་གསོག་བྱེད་སའི་མཛོད་ཁང་དུ་གྱུར། བརྙན་ཕབ་སྤྱིན་ཤོག་དང་འོད་སྡེར་གླ་སའི་ཚོང་ཁང་ཡང་དེ་དང་བསྟུན་ནས་བྱུང་བ་དང་། མི་རྣམས་ཁྱིམ་ཚང་གློག་བརྙན་ཁང་གི་དུས་རབས་སུ་བསྐྱོད། དུས་སྐབས་དེའི་མཁའ་དབུགས་ཁྲོད་གློག་བརྙན་ཁང་ནི་སྙན་ངག་ཚན་པ་ཞིག་གི་ནང་ཞིབ་འབྲི་བྱས་པ་ལྟར་ལྭ་སྒྲོན་རྫོགས་དུས་མིག་ཆུ་གཞི་ནས་སྐམ་ཞེས་པའི་སྡུག་བསྔལ་གྱི་རྣམ་པ་དེ་དང་འདྲ་བར་དོར་བ་རེད། ང་ཚོ་ལྟ་བུའི་བརྙན་གཏོང་བ་རྒན་པ་རྣམས་ཀྱིས་ལས་གནས་བརྗེ་བའམ་ལས་སྒུག་བྱེད་མགོ་བརྩམས། དེ་ནི་དངོས་གནས་མི་སེམས་འཚབ་འཚུབ་བྱེད་དུ་འཇུག་པའི་འཚོ་བ་ཞིག་ཡིན།
     གཙོ་སྐྱོང་སྡེ་ཁག་གིས་ཀྱང་བྱེད་ཐབས་འགའ་བཏོན་ནས་ང་ཚོའི་ཁ་རྒྱབ་ཐག་གཅོད་བྱས་ལ། ལས་འཁྱུར་ངལ་གསོའི་ལོ་ཚོད་ལ་བསླེབས་གྲབས་ཡོད་པ་རྣམས་ཀྱིས་དུས་དེར་བསྟུན་ནས་ལས་འཁྱུར་ངལ་གསོ་བྱས།  ལས་འཁྱུར་བྱེད་པར་ད་དུང་ལོ་བདུན་བརྒྱད་ཙམ་ཡོད་པའི་ང་ལྟ་བུ་རྣམས་“མཐོ་སར་མི་ནུས་དམའ་སར་མི་འདོད་”པའི་རྙིང་ཆེ་དཀའ་གསུམ་དུ་གྱུར། ང་རང་ཞིང་གྲོང་ལ་གོམས་ཡོད་པས། གལ་ཏེ་ཡང་བསྐྱར་ལས་གནས་གསར་པ་ཞིག་ལ་བཀོད་སྒྲིག་བྱས་ཏེ། རང་དང་ལོ་བཅུ་གཅིག་བཅུ་གཉིས་ཀྱིས་ཆུང་བའི་མགོ་ཁྲིད་“བྱིས་པ་”ཞིག་གི་བཀོད་འདོམས་ལ་ཉན་རྒྱུ་དེ་ཡང་ངོ་མི་ཆོད་པ་ཞིག་རེད། ཡང་ཅིག་བཤད་ན་ནང་སེམས་ཀྱང་དོ་སྙོམས་ཡོང་མི་ཐུབ། དེ་ལས་ཐད་ཀར་སེམས་ཐག་བཅད་ནས་ཆུང་མ་དང་གྲོས་མོལ་བྱས་རྗེས། རིན་གོང་ཁེ་པོས་བརྙན་གཏོང་འཕྲུལ་ཆས་དང་གློག་བརྙན་གཉིས་ཀྱི་སྤྱིན་ཤོག་ཉོས་པ་ཡིན།
     ཁྱིམ་མིའི་ཁ་རྒྱབ་ཀྱི་ཆེད་དང་། བུ་དང་བུ་མོ་གཉིས་ཀ་སློབ་ཆེན་དུ་འགྲོ་ཆེད།  ལྷག་པར་དུ་རང་ཉིད་དགའ་བའི་ལས་རིགས་བཅས་ཀྱི་ཆེད་དུ། ངས་ཡང་བསྐྱར་ལིའུ་ཧོན་གྱིས་ལས་གནས་ལས་བྲལ་བའི་མིར་སྐུལ་ལྕག་བྱེད་ཆེད་བཏང་བའི་གཞས­­­­­­《སླར་ཡང་མགོ་ནས་ཡོང》ཞེས་པ་དེ་བཏང་བ་ཡིན་ལ། ཡང་བསྐྱར་རྟ་དྲེལ་གླས་ནས་བརྙན་གཏོང་འཕྲུལ་ཆས་བཀལ་ཏེ་གྲོང་དང་རུ་སྡེ་ཉུལ་ནས། རོང་འབྲོག་མང་ཚོགས་ལ་གློག་བརྙན་བསྟན་པ་ཡིན། 《དར་དམར་ཡུར་བ》དང་《ང་ཚོའི་སྡེ་བའི་ན་གཞོན》ནི་སླར་ཡང་མི་སེར་རྣམས་དགའ་སའི་སི་ཁྲོན་བྲོ་བའི་ཚལ་རིགས་གྲགས་ཅན­­­­བཙོས་ཤ་བརྔོས་མ་ལྟར་གྱུར་ནས། རྒྱ་ཆེ་བའི་རོང་འབྲོག་ཁུལ་གྱི་གང་སར་འཛུལ་བྱུང་ལ། རོང་འབྲོག་མང་ཚོགས་ཀྱི་“ལྕེ་ཚོར”དུའང་འཛུལ་བྱུང་།
     “ཁ་སང་། གཟི་བརྗིད་ཡོད་ཚད། ཐག་རིང་གི་ཕྱིར་དྲན་ཏུ་གྱུར་ཟིན། ལས་སློབ་གཉིས་བརྩོན་གྱིས་མི་ཚེ་ཕྱེད་ཀ་སྐྱེལ་ཟིན་་་་་་མི་ཚེ་འདིར་རྒྱལ་ཕམ་ཅི་བྱུང་རུང་སྤོབས་པ་ཆེན་པོས་གདོང་གཏོད་དགོས། ཡིན་ནའང་ཡང་བསྐྱར་མགོ་ནས་ཡོང་ཆོག་་་་་་་”ངས་སྨྱུ་གུ་བཟུང་ནས་ལིའུ་ཧོན་ལ་འཕྲིན་ཡིག་ཅིག་འབྲི་འདོད་དེ། ཁོས་ང་ཚོ་ལས་གནས་ལས་བྲལ་བའི་མི་རྣམས་ཀྱི་སེམས་གཏིང་གི་རྡོག་རྡོག་དེ་གླུ་རུ་བླངས་སོང་། དུས་ད་ལྟར་ཡང་ངས་གླུ་དབྱངས་དེ་ནི་ཀྲང་བསྟན་འཛིན་ང་ལ་བྲིས་པ་རེད་སྙམ་ཡོད།
     ངས་ལས་གཏོད་ཐེངས་གཉིས་པ་བྱས་ཏེ་གྲོང་དང་རུ་སྡེ་ཉུལ་དུས་སྟབས་ལེགས་ནས་བརྙན་ཐག་དང་VCDའོད་སྡེར་གྲོང་ཁྱེར་ཉེ་འདབས་ཀྱི་འབྲེལ་མཚམས་སུ་རིམ་བཞིན་དར་མགོ་བརྩམས་པ་ལས་རོང་འབྲོག་ཁུལ་དུ་ད་དུང་དར་མེད། ངས་གོ་སྐབས་དེ་དམ་འཛིན་ལེགས་པོ་བྱསཔ་དང་། མུ་མཐུད་ནས་ལོ་གསུམ་ལ་སྒྲུབ། ཚོང་བཟང་བས་ཁྱིམ་ཚང་གི་འཚོ་བའི་འགྲོ་གྲོན་དང་བྱིས་པའི་སློབ་ཡོན་རེག་བྱུང་། ལོ་འཁོར་གསུམ་ལ་རྒྱུན་འཁྱོངས་བྱས་ཏེ། ལོ་བཞི་བའི་ལོ་མཇུག་ཏུ་བསླེབས་དུས། ཡང་ཞིང་སྟབས་བདེ་བའི་བརྙན་གཏོང་འཕྲུལ་ཆས་དང་དེའི་རྗེས་ཀྱི་VCDབརྙན་གཏོང་འཕྲུལ་ཆས་ཀྱིས་ངའི་ལྗིད་རྫོབ་ཆེ་བའི་གློག་བརྙན་གཏོང་ཆས་རྩ་བ་ནས་ཕམ་པར་བརྒྱབ་སོང་། ཚན་རིག་གི་འཕེལ་རྒྱས་ཀྱི་མདུན་དུ་ངས་དགའ་མགུ་ཡི་རང་གི་སྒོ་ནས་མགོ་བཏེགས་པ་ཡིན།
     ལོ་ཕྱེད་ཀྱི་དུས་ཚོད་ནི་སྐར་མདའ་ཇི་བཞིན་སྐད་ཅིག་ཉིད་དུ་བཞུད་སོང་། ངས་རེ་སྒུག་བྱེད་པའི་དུས་སྐབས་དེ་ཡང་གཞི་ནས་བསླེབས་བྱུང་།
     རོང་ཐར་གྱིས་སྟོན་བསྡུའི་རྗེས་ཀྱི་ཉིན་ཞིག་ལ་ཁ་པར་བཏང་བྱུང་། ཟླ་མཆོད་དུས་ཆེན་ཀྱི་སྐབས་དེ་ནི་ངེད་ཚང་གི་སྒེའུ་སྟེགས་སྟེང་གི་ཆུ་འཛིན་མེ་ཏོག་ལྷམ་མེར་བཞད་པའི་ཉིན་མོ་ཡིན། དུས་ངེས་མེད་དུ། སྦྲང་མས་ཟ་ཟིར་གྱི་སྒྲ་སྒྲོག་བཞིན་ཆུ་འཛིན་མེ་ཏོག་གི་ཟེའུ་འབྲུ་དང་ཉེ་མིན་རྒྱང་མིན་གྱིས་དགའ་རོགས་སྒྲིག་གྱིན་འདུག སྦྲང་མས་ཀྱང་རོང་ཐར་གྱི་གདན་ཞུ་བྱས་པ་ཧ་གོ་བ་ལྟར། རླུང་བཞིན་འཕུར་ནས་ང་དང་མཉམ་དུ་དགའ་བདེའི་དཔལ་ལ་རོལ།
     ངས་སྐད་སྦུག་མར་བཞག་རྗེས། དམག་མི་གསར་བ་ཞིག་དང་འདྲ་བར་ལྭ་བའི་གོང་བ་བཅོས་ཙམ་བྱས་པ་དང་། གསུས་པ་བསྐུམ་ནས་བྲང་ཁོག་ལྡིར། དེ་ནས་དབུགས་རིང་ཞིག་འབྱིན་རྔུབ་བྱས་པ་དང་། ཁ་ནས《དར་དམར་ཡུ་བའི》བརྗོད་དོན་གླུ་དབྱངས《རི་ཆུས་ངེས་པར་དུ་ལྭ་གསར་བརྗེ་དགོས》ཞེས་པའི་ཚན་པ་གཅིག་བླངས། “ཐའེ་དཔང་རི་བོ་གཤགས/ཀྲང་ཧི་ཆུ་བོ་རི་བོ་ཕུག/ལིན་རྫོང་མི་དམངས་བློ་སྟོབས་ཆེ/དམ་བཅའ་བཞག་ནས་རི་ཆུ་ཐམས་ཅད་བསྐྱར་བསྒྲིགས་བྱས།
     ”བླངས་ཚར་བ་དང་ཅིན་ཅུས་ཟློས་གར་གྱི《ཝེ་ཧུའུ་རི་བོ་ཐབས་ཀྱིས་ལེན་པ》ཞེས་པའི་ནང་གི་ཡཱང་ཙི་རོང་གིས་སྟག་གསོད་དུ་རིར་ཆས་དུས་ཀྱི་རྣམ་པ་སྟེ། རྐང་པ་ཡ་གཅིག་གི་ལངས་ནས་གྲུ་མོ་གཡོན་པ་དང་དཔུང་པ་གཡས་པ་མཉམ་གཅིག་ཏུ་བཀྱགས་ཏེ་སྐད་གསེང་མཐོན་པོས“ཐོན་རྩིས་བྱེད་དོ”ཞེས་བརྗོད་པ་དེ་དང་འདྲ་བ་ཞིག་བྱས།
     འགྲུལ་ཁང་གི་འབོལ་ཁྲིའི་སྟེང་ཉལ་བའི་བྱི་ལ་ནི་ངའི་རྒྱུན་ལྡན་མིན་པའི་བྱེད་སྟངས་དེས་མགོ་འཐོམས་སུ་བཅུག་སོང་། བྱི་ལ་དཀར་པོ་འདིའི་མིག་ལམ་དུ་ནམ་རྒྱུན་ང་ནི་བདག་པོ་ལྷིང་འཇགས་ཅན་ཞིག་ཡིན་ཡང་། དེ་རིང་གི་བྱེད་སྟངས་འདིས་དེ་ཉིད་ཅི་བྱེད་འདི་བྱེད་མེད་པ་ཞིག་ཏུ་བཏང་སོང་། བྲེལ་དངངས་ཀྱིས་ཡར་ལངས་རྗེས། བློ་རྩེ་གཅིག་སྒྲིམ་ངང་ང་ལ་བལྟས་ནས་མའོ་ཞེས་སྐད་བརྒྱབ་པ་དང་། སྟེགས་བུའི་སྟེང་གི་མོ་ཐྲོལ་གྱིས་སྒེག་ཉམས་ངང་སྤོ་བའི་བྱི་ལའི་གོམ་སྟབས་ཀྱིས་སྒེའུ་སྟེགས་སུ་མཆོང་ནས་སྒེའུ་ཁུང་ཕྱི་རོལ་དུ་བུད་སོང་།
     ཟླ་གསུམ་གྱི་སྔོན་དུ་ང་རང་དབང་འདུས་ཆེ་བར་འཚམས་འདྲིར་བཅར་ནས་ཁོ་ཡང་མཉམ་དུ་འགྲོ་བར་གདན་ཞུ་བྱས། གཅིག་ནས་རོང་བང་ཐང་གི་ན་གཞོན་རྣམས་ཀྱིས་ཆུ་ཡུར་སྐྲུན་པའི་དོན་དེ་ཁོར་ཤེས་སུ་བཅུག་ནས་ཁོའི་རོགས་སྐྱོར་འཐོབ་ཆེད་ཡིན་ལ། གཉིས་ནས་“བྱེ་ཐང་གི་རྒྱལ་སྲས”་ལ་བསྡད་དེ་རྫིག་པོའི་ངང་གཤམ་བསྐྱོད་བྱེད་རྒྱུ་དེ་ཡིན།
     དབང་འདུས་ཆེ་བས་ངའི་སྐད་ཆར་ཉན་བཞིན་མིག་མཐའི་གཉེར་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། ཁྲོ་ལྕགས་མྱུར་མོར་ངར་ལྕགས་སུ་གྱུར་ན་ཅི་མ་རུང་སྙམ་པའི་བཟོ་ལྟ་ཞིག་བསྟན་བྱུང་ལ། དམ་པོར་བཅངས་པའི་ཁུ་ཚུར་སྒྲོག་ངོས་སུ་འཕུར་གྱིན་འདུག བལྟས་ཡོང་ན་ཁོས་ས་དེར་བཅངས་པའི་བརྩེ་དུང་ནི་ང་ལས་ཀྱང་ཟོལ་མེད་རེད། ཆུ་ཡུར་བསྐྲུན་པའི་བརྡ་འཕྲིན་དེས་ཁོའི་ངོ་ཐང་རྩིས་མེད་དུ་བཏང་སོང་།
     ཁོས་དམངས་ཆེན་ཀྲུའུ་རིན་གྱི་དབང་ཆ་བཀོལ་ནས་རྫོང་གི་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ཆིའུ་ལགས་ལ་ལམ་སེང་ཁ་པར་ཅིག་བཏང་ནས། ད་ལོའི་ཆུ་བེད་འཛུགས་སྐྲུན་གྱི་མ་དངུལ་བཀོད་སྒྲིག་ནང་རོང་བང་ཐང་ཡོད་མེད་དྲིས།
     ཁོ་གཉིས་ཀྱིས་སྐུད་ལམ་ནས་སྐར་མ་བདུན་ལ་བཤད་སོང་། ངས་ཚོད་དཔག་བྱས་ན་ཕར་ཕྱོགས་ཀྱིས་མ་དངུལ་བཀོད་སྒྲིག་གི་གནས་ཚུལ་ཞིབ་ཅིང་ཕྲ་བའི་སྒོ་ནས་སྙན་ཞུ་འབུལ་བཞིན་འདུག གླེང་མོལ་གྱི་གོ་རིམ་ཁྲོད་དབང་འདུས་ཆེ་བས་ཕར་ཕྱོགས་ཀྱི་ཁ་འཕྲོག་ནས“འོ། ད་ཤེས་སོང་”ཟེར།
     ངས“ཀྲུའུ་རིན་ཆེན་མོ་ལགས། ང་ནི་ཁྱོད་སར་མ་དངུལ་སློང་དུ་འོངས་བ་མིན། ང་ནི་ཁྱོད་ཉིད་རོང་བང་ཐང་གྲོང་ཚོའི་ལས་མགོ་ཚུགས་པའི་མཛད་སྒོར་གདན་ཞུ་བྱེད་དུ་ཡོང་བ་ཡིན། ཁྱོད་ཀྱིས་ས་དེའི་ཀུང་ཧྲེའི་ཧྲུའུ་ཅི་ལོ་མང་འཁུར་བས། གནས་དེར་དུངས་ཞེན་ཡོད་ངེས”ཞེས་བཤད།
     “འདི་ད་‘གྱོད་ཀྱི་ཁུག་མ’ཁྱོད་ཀྱིས་བཤད་དགོས་སམ།” ངས་སྐད་ཆ་བཤད་མ་ཚར་བར་ཁོས་ལག་གི་གླ་བའི་མཆེ་བ་དེ་ང་ལ་བཙུགས་ནས་སྨྲས། “ད་འདི་ལྟར་བྱ། རོང་བང་ཐང་གིས་ལས་མགོ་མ་ཚུགས་སྔོན་དུ་ཁྱོད་ཀྱིས་ང་ལ་བརྡ་རྒྱག་དགོས། ཁྱོད་ཀྱིས་གློག་བརྙན་གཏོང་བྱེད་ཀྱི་ཅ་ལག་དག་ཁྱེར། ངས་‘ཞིང་ནགས་ཆུ’ཆེད་དོན་ཨུ་ལྷན་གྱི་མ་དངུལ་ནས་ཉུང་ཙམ་བཏོག་སྟེ། མཉམ་དུ་རོང་བང་ཐང་དུ་དཔུང་རོགས་སུ་འགྲོ། ལ་ཕུག་དམར་པོ་མེད་ན་གསོལ་སྟོན་མི་ཡོང་ཟེར་ན་ང་རང་རྣར་མི་འགྲོ།” སྐད་ཆ་འདིར་གཞིགས་ན་ཁོ་རང་རྫོང་གི་དབུལ་སྐྱོར་གཞུང་ལས་ཁང་ལ་འཚིག་པ་ཟ་བ་མངོན་གསལ་ཡིན།
     “དེ་ན་ཕོ་རབ་ཚིག་ཐོག་ཡིན།” ང་རང་ཡར་ལངས་པ་དང་དབང་འདུས་ཆེ་བའི་ལག་པར་འཇུས་ནས་ཁོ་ལ་གུས་བཀུར་བླ་མེད་ཅིག་བསྟན་མོད། ཡིན་ནའང་ཀྲུའུ་རིན་ཆེན་མོའི་གཞུང་སྒྲུབ་ཅོག་ཙེ་ནི་ལྒང་ལི་ཕིན་ཕིང་རྒྱག་སའི་སྟེགས་བུ་ལྟར་ཞེང་ཆེ་བས། ང་ནི་མར་སྒུར་ནས་ཁ་སྦུབ་ཏུ་ལོག་ལ་ཁད་ཀྱིས་གུས་ཞབས་འདི་བྱས་པ་ཡིན། གལ་ཏེ་མི་གཞན་གྱིས་ཚུལ་འདི་མཐོང་ཚེ་ཏན་ཏན་ངེད་གཉིས་ཀྱིས་རྨོངས་དད་ཀྱི་ཆོ་ག་སྤེལ་གྱིན་འདུག་ཟེར་ཁོ་ཐག་ཡིན་ཏེ། ངས་དབང་འདུས་ཆེ་བར་ཕྱག་འཚལ་གྱིན་འདུག་ཟེར་ངེས།
     ངའི་སྤྱོད་ཚུལ་ཐལ་དྲགས་པ་འདིས་དེ་འཕྲལ་དབང་འདུས་ཆེ་བ་གད་མོ་ཆེན་པོ་ཞིག་ཤོར་དུ་བཅུག་སོང་། “ཐལ་དྲགས་ནས་ཚད་འདི་འདྲར་བསླེབས་དགོས་དོན་ཡོད་དམ། ‘གྱོད་ཀྱི་ཁུག་མ།’”ཁོས་གོམས་ལོབས་ལྟར་གླ་བའི་མཆེ་བ་དེ་ང་ལ་བཙུགས་ཙམ་བྱས་ནས་ཁ་རི་ཁ་ཐུག་ཏུ“ཕོ་རབ་ཚིག་ཐོག” ཟེར། དེ་དང་ཆབས་ཅིག་བསྟོད་སྔགས་འཐེན་པའི་བཤད་སྟངས་ཤིག་གིས་ང་རང་སྐྱེལ་ཞོར་བཤད་རྒྱུར། “བལྟས་ཡོང་ན་‘གྱོད་ཀྱི་ཁུག་མ’་ཁྱོད་ཀྱིས་དོན་བཟང་ཞིག་བསླངས་སོང”ཟེར། 
     “དེ་ལོས་ཡིན།”ངས་དེ་ལྟར་བཤད་རྗེས། 《དར་དམར་ཡུ་བའི》བརྗོད་དོན་གླུ་དབྱངས་ལེན་བཞིན་གཞུང་ལས་ཁང་གི་སྒོར་བུད།
     ཁྱིམ་དུ་ལོག་པའི་ལམ་བར་དུ་ངའི་ཀླད་པའི་ནང་དབང་འདུས་ཆེ་བའི་ལག་གི་བ་སོའི་མདོག་གི་མཆེ་བ་དེ་ཤར་བྱུང་། ངས་བསམ་ན་མི་ཚང་མར་རང་གི་ཞན་ཆ་རེ་ཡོད་དེ། གལ་ཏེ་དབང་འདུས་ཆེ་བ་རི་དྭགས་རྔོན་རྒྱུར་གོམས་ནས་དེ་ཉིད་འདོད་ཞེན་དུ་གྱུར་མེད་ཚེ། ཁོ་སྔ་མོ་ནས་རྫོང་གི་དཔོན་པོ་བྱེད་མི་དགོས་པར་ཁུལ་གྱི་དཔོན་པོ་ཆེན་པོ་ཞིག་ཏུ་གྱུར་ཡོད་ངེས། གོ་གནས་འཕར་མི་ཐུབ་པའི་རྒྱུ་རྐྱེན་ནི་ཁོས་ཀུང་ཧྲེའི་ཧྲུའུ་ཅི་འཁུར་དུས་རི་དྭགས་མང་པོ་བསད་པས། གོ་གནས་འཕར་དུས་གཞན་གྱིས་ཞུ་གཏུག་བྱས་པ་རེད། དྲང་མོར་བཤད་ན། དབང་འདུས་ཆེ་བས་རི་དྭགས་རྔོན་པ་ནི་《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས》་སྤྱི་བསྒྲགས་མ་བྱས་སྔོན་གྱི་དོན་དག་ཡིན། དེའི་རྗེས་སུ་ཁོར་“སངས་རྒྱས་ཀྱི་གོ་འཕང་ཐོབ”སོང་། ཡིན་ཡང་“སྔར་ཉེས”དེས་ཐོག་མཐའ་བར་གསུམ་དུ་ཁོའི་གོ་གནས་འཕར་བར་ཤུགས་རྐྱེན་ཐེབས།
     དབང་འདུས་ཆེ་བའི་“བྱེ་ཐང་གི་རྒྱལ་སྲས”ཀྱིས་ང་དང་བརྙན་གཏོང་འཕྲུལ་ཆས་དྲུད་ནས་ལམ་ཧྲིལ་བོར་འབྲི་ཆུའི་ངོགས་བརྒྱུད་ནས་གྱེན་འདེད་བྱས།
     བྱེས་བགྲོད་རླངས་འཁོར་དེ་ཆུ་ཚོད་བཞི་མ་འགོར་བར་འབྲི་ཆུའི་ཆུ་ལག་སོག་ཆུ་ཆུ་བོར་བསླེབས། ཆུ་བོའི་འགྲམ་གྱི་རོང་བང་ཐང་དུ་འགྲོ་སའི་ལམ་མདོ་ཁའི་སྟར་སྡོང་ཆེན་པོ་དེའི་འོག་ཏུ། རྫོང་བཀྲ་ཤང་སྲིད་གཞུང་གི་མགོ་ཁྲིད་ལྔ་དྲུག་ཞིག་སྔ་མོ་ནས་བསུ་རུ་བསླེབས་འདུག
     རླངས་འཁོར་ལས་བབས་རྗེས་ང་རང་ཆེས་ཡ་མཚར་ས་ནི། རྒྱུས་ཆེ་བའི་སྟར་སྡོང་ཆེན་པོ་དེའི་འོག་ཏུ་པང་ལེབ་ཀྱི་ཁང་པ་ཞིག་བརྒྱབ་འདུག ཁང་པའི་ལོགས་གཉིས་སུ་ཉེ་འགྲམ་གྱི་གྲོང་མིས་སྐྱེལ་འོངས་བའི་སྟར་ཀ་བླུགས་པའི་སོ་རས་ཀྱི་ཁུག་མས་བཀང་འདུག ཁུག་མ་རྣམས་གྲལ་དག་ངང་བརྩིགས་ཡོད་པས། གྱང་ལག་མཐུག་པོ་ཞིག་དང་གཉིས་སུ་མ་མཆིས། དེའི་འགྲམ་དུ་ཡུན་ནན་གྱི་འཁོར་བྱང་བཏགས་པའི་ཤར་རླུང་རྟགས་ཅན་གྱི་ཟོག་སྐྱེལ་རླངས་འཁོར་ཞིག་ཡོད་པ་ལས་མི་འགས་འབྲས་ཁུག་མར་ཕབ་བཞིན་འདུག
     ཤང་གི་དྲུང་ཡིག་ཞའོ་ལིའུ་ཡིས་ང་ལ་བཤད་དོན། ཡུན་ནན་གྱི་མིས་འབྲས་ཁྱེར་འོངས་ཏེ། ང་ཚོའི་སྟར་ཀ་དང་དངོས་ཟོག་བརྗེ་རེས་བྱས་ནས་གང་མཁོ་དེ་ལེན་བྱེད་པ་ཡིན་ཟེར།
     ང་ཚོས་སྐད་ཆ་བཤད་དུས་ཁང་པ་དེའི་སྒེའུ་ཁུང་ལས་འཛུམ་གྱིས་ཕྱུག་པའི་ངོ་གདོང་ཞིག་གིས་ང་ལ་འཚམས་འདྲི་བྱས་བྱུང་། “ཁྱོད་བདེ་མོ། ‘ཨ་ཁུ་དར་དམར་ཡུ་བ།’ ”ངས་བློ་རྩེ་སྒྲིམ་པ་མཐོང་དུས་གདོང་ཆེན་པོ་དེ་གད་མོ་ལྷུག་ལྷུག་ཏུ་དགོད་བཞིན། མདུན་སོ་སེར་པོ་དེ་བསྟན་ནས་མུ་མཐུད་དུ་བཤད་རྒྱུར། “ང་ངོ་མི་ཤེས་སམ། ང་ནི་རོང་བང་ཐང་གི་དཔལ་འབྱོར་ཡིན”  ་ཟེར། ཁོས་སྐད་ཆ་བཤད་ཞོར་དུ་གུ་གུ་ཤའི་དཀར་ཡོལ་དུ་ཇ་ཐང་གང་བླུགས་ནས་ང་ལ་གཏད་བྱུང་།
     “འོ་འོ། མ་གཞི་ཁྱོད་ཡིན་ནམ། ཐུགས་རྗེ་ཆེ། ”ངས་དཀར་ཡོལ་ཚུར་བླངས་བ་དང་ངོ་གདོང་དེར་ཞིབ་ཏུ་བལྟས་ནས། དེ་ལས་རྒྱུས་ཡོད་པའི་ཆ་ཤས་ཅིག་མྱུར་དུ་བཙལ་ཏེ་ཁོ་ངོས་ཟིན་ན་འདོད་མོད། ཁོའི་གདོང་གི་དབང་བོ་སྒོ་ལྔ་ནི་ཐལ་དྲགས་འདུག་ལ། སྟུག་ཅིང་འཇིལ་ལིར་འཁྱིལ་བའི་མགོ་སྐྲས་ཧ་ལམ་སྒེའུ་ཁུང་གི་བཞི་ཆའི་གཅིག་ཟིན་འདུག
     དཔལ་འབྱོར་གྱིས་སྐད་ཆ་བཤད་དུས་སྒེའུ་ཁུང་ལས་JDཞབས་བྲོའི་རོལ་དབྱངས་ཀྱི་སྒྲ་གསལ་བོ་ཞིག་མཆེད་བྱུང་། ང་རང་མཚར་སྣང་སྐྱེ་བཞིན་ཁོར་ཅིག་བལྟས་པ་དང་། ཁང་བའི་ནང་དུ་བལྟས་ཙ་ན། ཁང་པའི་ནང་གི་བརྙན་འཕྲིན་དེས་VCDབརྒྱུད་ནས་མཱེ་ཏང་ན་ཡིས་ལུས་པོ་འཁྱུག་ནས་མེ་ལྟར་ཚ་བའི་བྲོ་འཁྲབ་པ་ཞིག་སྟོན་གྱིན་འདུག ཁང་པའི་ནང་དུ་སྟར་ཀ་དང་འབྲས་བརྗེ་མཁན་གྱི་གྲོང་མི་བརྒྱད་དགུ་ཞིག་བསྡད་ཡོད། ཁོ་ཚོས་སྐེ་བསྲིངས་ནས་མིག་ཅེ་རེར་བརྙན་ཡོལ་ངོས་ཀྱི་འཁྲུལ་སྣང་ཟང་ཟིང་གི་གར་ཉམས་ལ་བལྟས་འདུག དེའི་ཁྲོད་དུ་ད་དུང་གཟན་ཤམ་གྱོན་པའི་ལོ་བཅུ་གསུམ་བཅུ་བཞི་ཙམ་གྱི་གྲྭ་པ་ཆུང་ཆུང་གཉིས་འདུག ཁོ་གཉིས་ཀྱིས་ང་མཐོང་བ་དང་ངོ་ཚ་ནས་གཟན་གྱི་ཐུ་སྣེས་རང་གི་གདོང་བཀབ་བྱུང་།
     ངས་མགོ་བོ་དཀྱོགས་ནས་དཔལ་འབྱོར་ལ་ཡང་བསྐྱར་ཅིག་བལྟས་པ་དང་། “ད་དྲན་སོས་བྱུང་། ཁྱོད་རོང་ཐར་ཁོ་ཚོ་སྐོར་དེའི་ནང་གི་བྱིས་པའི་རྒྱལ་བོ་དེ་མིན་ནམ”ཞེས་དྲིས།
     “ཡིན་ལགས། ཡིན་ལགས། ཨ་ཁུ་དར་དམར་ཡུ་བ། ཁྱོད་ནི་ང་ཚོ་རོང་བང་ཐང་གིས་དཔུང་རོགས་དུ་གདན་འདྲེན་ཞུས་པའི་སྐུ་མགྲོན་གལ་ཆེན་དེ་ཡིན།”  དཔལ་འབྱོར་གྱིས་འཛུམ་དང་བཅས་ལན་འདེབས་ཞོར་དུ་མཚམས་མེད་པར་མགོ་བོ་ལྡེམ་པས། རྣ་ཅོག་གི་རྒྱབ་ཏུ་གསེབ་པའི་དུ་རྐང་དེ་ས་ལ་ལྷུང་སོང་།
     ཆེས་གལ་ཆེ་བའི་སྐུ་མགྲོན་ནི་ཀྲུའུ་རིན་དབང་འདུས་ཡིན། ངས་བསམ་བཞིན་དུ་བྱིས་པའི་རྒྱལ་བོའི་སྐད་ཆར་དག་བཅོས་བྱས་ལ། གཙོ་བོ་དབང་འདུས་ཆེ་བས་གོ་རྗེས་ཁོང་ཁྲོ་ལངས་བར་སྐྲག་ནས་དེ་ལྟར་བཤད་པ་ཡིན། ཁ་ཕྱིར་འཁོར་ནས་བལྟས་པ་ན། ཀྲུའུ་རིན་ཆེན་མོས་རྒྱབ་ལག་བྱས་ནས་ཆུ་བོའི་འགྲམ་དུ་ཤང་སྲིད་གཞུང་གི་མགོ་ཁྲིད་ཀྱི་སྙན་ཞུར་ཉན་གྱིན་འདུག་ལ། ཤང་གི་མགོ་ཁྲིད་ཀྱིས་མཚམས་མེད་པར་ཕྱག་རྒྱ་བྱེད་ཅིང་། ཁོས་སྐབས་ལ་རེར་མགོ་ལྕོག་ལྡེམ་པ་མཐོང་ཐུབ།
     “ལྟོས་དང་། སྤྱིལ་བུའི་འགྲམ་དུ་སྤུངས་བའི་ཨར་འདམ་ནི་ཡར་སྐྱེལ་ནས་ཆུ་ཡུར་བཟོ་བྱེད་ཡིན། ”དཔལ་འབྱོར་གྱི་ཨར་འདམ་འཇོག་སའི་གནས་དེ་བསྟན་ནས་བཤད།
     “བྱིས་པ་རྣམས་ཀྱིས་དངོས་གནས་དྲང་གནས་ཀྱིས་སྒྲུབ་རྩིས་འདུག ”ངས་དཔལ་འབྱོར་གྱི་ཁ་ནས་བརྡ་འཕྲིན་མང་ཙམ་ཤེས་འདོད་ནས་བསྟོད་ར་འཐེན་པའི་བཤད་སྟངས་ཀྱིས་བཤད།
     “ཡིན་དང་ཡིན། མེ་རྒོལ་ཡོ་བྱད་ཡང་རྫོང་གི་འབར་གཤག་ཀུང་ཟིའི་མིའི་སྲུང་སྐྱོབ་འོག་རི་མགོར་སྐྱེལ་ཟིན། ད་ནི་‘ཨ་ཁུ་དར་དམར་ཡུ་བ’་ཁྱོད་ཀྱིས་གྲོང་ཚོའི་ནང་གློག་བརྙན་བསྟན་པ་དང་ང་ཚོས་ལས་མགོ་བརྩམས་པར་སྒུག་ཡོད།”  
     སྐད་ཆ་དེ་ཐོས་པ་དང་ང་ནི་སེམས་འགུལ་ཐེབས་ནས་སྐད་ཆ་ཡང་ཤོད་མི་ཐུབ་པར་གྱུར། གློ་བུར་དུ། ལོགས་ཀྱི་སྟེགས་གྲུག་སྤྱིལ་བུ་ལས་སྦྱིན་བདག་ཞེས་འབོད་པ་ཐོས། ངས་འདི་ནི་དཔལ་འབྱོར་འབོད་པ་ཤེས་པས། མགོ་བོ་ལྡེམ་བཞིན།“སོང་ཞིག སོང་ཞིག ཁྱོད་ཀྱི་ཚོང་བྲིན་པ་མཐོང་དུས་‘ཨ་ཁུ་དར་དམར་ཡུ་བ’་ཡང་དགའ་གི”ཞེས་བཤད།
     “ཡོང་གི་ཡོད། ཡོང་གི་ཡོད། ”དཔལ་འབྱོར་གྱིས་སུན་སྣང་དང་བཅས་ལན་སྟེར་ཞོར་མར་སྒུར་ནས་ས་སྟེང་དུ་ལྷུང་བའི་དུ་རྐང་དེ་བཏུས།
     ངས“བྱས་ཤིག ཁྱོད་ཀྱི་ཚོང་ཡག་པའི་སྨོན་ལམ་འདེབས”ཞེས་བཤད།
     དཔལ་འབྱོར་གྱིས་སྒེའུ་ཁུང་གི་གཤམ་ནས་སྟེགས་གྲུག་གི་ཟུར་གསུམ་སྒྲོམ་དེ་བླངས་རྗེས། ང་ལ་བལྟས་ནས་ཐབས་ཟད་པའི་རྣམ་འགྱུར་ཞིག་བསྟན་བྱུང་། ཡིན་ཡང་རྣམ་འགྱུར་དེར་སྤྲོ་བས་བརྟས་འདུག ཁོ་གད་མོ་དགོད་བཞིན་དུ་“‘ཨ་ཁུ་དར་དམར་ཡུ་བ།’ དེ་ན་ཕོ་རབ་ཚིག་ཐོག་ཡིན། ཁྱོད་ཕྱིར་ལོག་དུས་ཡིན་གཅིག་མིན་གཉིས་འདིར་ཡོང་ནས་འདུག་དགོས”ཟེར།
     ངས་མགོ་བོ་ལྡེམ་བཞིན་ཁ་ཁོའི་ཕྱོགས་སུ་གཅུས་ནས་“དཔལ་འབྱོར། རང་གིས་ལས་གྱིས་ཤིག དངུལ་མང་ཙམ་གསོག་འ”་ཞེས་བཤད།
     རོང་བང་ཐང་གི་བྱིས་པ་རྣམས་ཀྱིས་ས་དེའི་ཐོན་ཁུངས་མ་རྩ་བྱས་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྙེད་པ་མཐོང་དུས། ང་དངོས་གནས་ཁོ་ཚོའི་ཆེད་དུ་དགའ་སྤྲོ་སྐྱེས། སྙན་གསེང་ཞུས་ཚར་རྗེས། ཤང་སྲིད་གཞུང་གི་ན་གཞོན་ཞའོ་ལིའུ་དང་བསམ་འགྲུབ་ཀྱིས་ངའི་བཀོད་འདོམས་འོག་བརྙན་གཏོང་འཕྲུལ་ཆས་དང་སྒམ་དག་དྲེལ་གྱི་རྒྱབ་ཏུ་བཀལ་ཟིན། ངས་ཆེས་མཇུག་མཐའི་ཤིང་སྒམ་དེ་ཡག་པོར་བསྡམས་ཡོད་མེད་ཞིབ་བཤེར་བྱས་རྗེས། ལག་གཉིས་སྐེད་པར་གཟེར་ནས་སྙན་ཞུར་ཉན་བཞིན་པའི་ཀྲུའུ་རིན་ལ་གཏད་ནས་མགོ་ལྕོག་ལྡེམ་ཙམ་བྱས། དེའི་ནང་དོན་ནི་རི་ལམ་བརྒྱུད་ནས་ལམ་ལ་ཆས་ཆོག་ཞེས་པ་དེ་ཡིན།
     དབང་འདུས་ཆེ་བས་ངས་མགོ་ལྕོག་ལྡེམ་པ་མཐོང་དུས། ཤེས་བཞིན་དུ་འདྲི་རྒྱུར། “འོ། ཚར་སོང་ངམ། དེ་ན་འགྲོའོ”ཟེར།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།