སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་སྒྲུང་གཏམ《བྲོ་རྒན་མ》།

རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-05-31 16:20:00 ཀློག་གྲངས།:

བྲོ་རྒན་མ།  

འཇམ་དབྱངས་ཚེ་རིང་གིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།

     དུས་འདིར། ང་ལ་དྲན་ཤེས་ཡོད་པ་ཡིད་ཆེས་གནང་རོགས། ང་རང་མལ་ཁྲིའི་སྟེང་ཉལ་ཏེ། མིག་ཟུང་དམ་པོར་བཙུམས་པ་ན། སྙིང་གི་ལྡིང་ཚད་དལ་བུར་ཇེ་ཞན་དུ་གྱུར་སོང་། དུས་འདིར། ང་ནི་ཇི་འདྲའི་དཀའ་ཨང་། འདས་པའི་དུས་ཀྱི་ཆུ་བོ་དང་། རི་ཀླུང་། ད་དུང་ཆུང་དུས་ཀྱི་རང་ཉིད་མཐོང་བྱུང་། གནམ་རྒན་མ། ང་ནི་ཇི་འདྲའི་མཛེས་ཤིང་སྙིང་རྗེ་བོ་ཞིག་རེད་ཨང་། རྐང་ལ་གླང་སྣ་ཡར་འཁྱིལ་ཅན་གྱི་ཟོམ་པ་གྱོན་ཞིང་། དམར་ནག་གི་སྣམ་བུའི་ལྷམ་ཡུའི་སྟེང་དཀར་དམར་སྤེལ་མའི་ལྷམ་སྒྲོག་བཅིངས་ལ། ལྷམ་སྒྲོག་ནི་ལྷམ་ཡུ་བསྐོར་ནས་དཀྲིས་ཁ་ཤས་བརྒྱབ་སྟེ་དམ་པོར་བསྡམས་འདུག མགོ་དལ་ཞིང་མཇུག་མགྱོགས་པའི་རྡོག་བྲོའི་འགྲོས་དང་བསྟུན་ནས། ངའི་ཨ་ཕ་དང་ཨ་མ། ད་དུང་གཞི་བདག་བཅས་ཀྱི་མདུན་དུ། ཤ་དར་ཁྲག་དར་གྱི་གཞོན་ནུ་ཞིག་དང་འདྲ་བར། བྲོ་རྒན་མའི་མཚམས་ཚིགས་ལྟར་དཔུང་བ་གཉིས་ལྷོད་ཤིག་གེར་བརྐྱངས་ནས། གོམ་པ་སྤོ་ཚུལ་ནི་འབྲོང་ཆུང་དར་མ་ཞིག་དང་མཚུངས། གནམ་རྒན་མ། ང་རང་མལ་ཁྲིའི་སྟེང་ཉལ་ནས་དེ་དུས་ཀྱི་ང་སྟེ། ལོ་བདུན་ཅན་གྱི་བྱིས་པའི་སེམས་ཁོངས་ནས། གནའ་དང་མའི་དབྱངས་འགྲོས་ཐན་ཐུན་ཞིག་བླངས། གླུ་ཚིག་བརྗེད་ཟིན་ཡང་ནང་སེམས་སུ་ངའི་གར་འགྲོས་ལྟར་ལྡིང་སྐོར་རྒྱག བྲོ་རྒན་མ། ངས་གནའ་བོའི་བྲོ་རྒན་མ་འཁྲབ་བཞིན། ཨ་ཕས་ང་ལ་བསླབ་པའི་བྲོ་རྒན་མ་འཁྲབ་བཞིན། རི་ལུང་དེ་རུ། ཐེངས་དང་པོར་ཨ་མའི་སེམས་པ་བཟི་རུ་བཅུག་སོང་། “གནམ་རྒན་མ། ཁོ་འདི་འདྲར་འཁྲབ་མཁས་པ་སུ་ཞིག་གིས་ཡིད་ལ་འཁོར་མྱོང་།" ཨ་མར་སེམས་འགུལ་ཐེབས་ཏེ་ལག་ཟུང་གིས་ཁ་ཟུམ་ཞིང་། མིག་ཟུང་དུ་གློ་བུར་མཆི་མ་འཁོར། ང་སྟེ། བསྟོད་བསྔགས་ཀྱི་སྐད་ཆ་ཐོས་པ་དང་། གདོང་ལ་འཛུམ་གྱིས་ཁེངས་ཏེ། སྟངས་སྟབས་སུ་ངོམ་སོ་བྱེད་པའི་ཆ་ཅུང་ཙམ་ཐོན་སོང་། ཨ་ཕས་གློ་བུར་དུ་སྐད་བརྒྱབ་ནས། “མཚམས་ཞོག རྩྭ་སར་གཏོར་བརླག་མ་བྱེད" ཟེར། གློ་བུར་དུ་འདས་བའི་དུས་ལས་འོངས་བའི་སྐད་འགྲག་དེས་ང་རང་དངོས་ཡོད་དུ་ཁྲིད་བྱུང་། 

     ངའི་ནང་སེམས་ནི་གསལ་གསལ་ཐིང་ཐིང་ཡིན་པས། ང་ལ་དྲན་ཤེས་ཡོད་པ་ཡིད་ཆེས་གནང་རོགས། ང་རང་མལ་ཁྲིའི་སྟེང་ཉལ་ནས་ལོ་གཅིག་ལྷག་འགོར་ཟིན། ལོ་དྲུག་ཅུ་རེ་ལྔར་བུད་པ་ན། དུས་གློ་བུར་བ་ཞིག་ལ་ནད་ཀྱིས་ང་རང་མལ་ཁྲིའི་སྟེང་བསྐྱལ། སྨན་ཁང་ནས་སྨན་བཅོས་ཡུན་རིང་བྱས་ཀྱང་ཕན་མ་ཐོགས། འོན་ཀྱང་། མཇུག་མཐར་ནད་ཀྱིས་ང་རང་མལ་ཁྲིའི་སྟེང་ཉལ་ནས་འདི་ལྟར་འཆི་བར་སྒུག་དགོས་པ་ཁྲ་བསྒྲགས་བྱས། ལུས་ཕྱེད་ཀྱི་ཚོར་བ་ཉམས་ཤིང་། མཁལ་མའི་ནུས་པ་རིམ་བཞིན་ཉམས་ཏེ། མཐར་སྙིང་གི་ལྡིང་ཤུགས་མེད་པར་གྱུར། ཁྲག་ཚད་ནི་རྟག་པར་གླག་རྒོད་འཕུར་བ་ལས་མཐོ་སྟེ། གྲོགས་པོ་རྙིང་བ་ཞིག་དང་འདྲ་བར་དུས་རྒྱུན་དུ་ང་ལ་སུན་པོ་བཟོ་ཡོང་། “ཁྱོད། སེམས་ལ་ཟུངས་ཤིག གར་འགྲོས་ལ་ངེས་པར་དུ་རྐྱོང་ཤུགས་ཡོད་དགོས།" གློ་བུར་དུ་ཨ་ཕ་མེ་གཞོང་འགྲམ་གྱི་ལུག་ལྤགས་དེའི་སྟེང་ནས་ཡར་ལངས་ཏེ་ངའི་ཕྱོགས་སུ་ཡོང་ཞོར། ང་ལ་འཁྲབ་སྟངས་རེ་རེ་དབྱེ་ཕྲལ་བྱེད། ཁོའི་རྐང་བ་གཅིག་མཐོན་པོར་ཡར་བཀྱགས་པ་དང་དཔུང་བ་བརྐྱངས། སྐར་ཁུང་ལས་ཐུར་དུ་བབས་པའི་འོད་ཀྱི་ཀ་བ་དེ་ཁོའི་བརྐྱངས་ཟིན་པའི་དཔུང་བའི་གསེང་ནས་ས་ངོས་སུ་འཕྲོས་ཏེ། ཁོའི་དྲང་མོར་ལངས་བའི་རྐང་བ་དེའི་མདུན་ནས་འོད་གནས་ཤིག་གྲུབ། 

     ཨ་ཕས་ཡར་བཀྱགས་པའི་རྐང་པ་དེ་མར་བཞག་པ་ན། ས་གཞིས་ཁུ་སིམ་མེར་ཁོས་ང་ལ་གནང་བའི་སློབ་ཁྲིད་ལ་ཉན། ཁོས་མང་པོ་ཞིག་བཤད་སོང་། རྡོག་བྲོའི་སྟངས་སྟབས་རེ་རེ་རྣ་བར་ལྷུང་། ང་རང་མལ་ཁྲིའི་སྟེང་ཉལ་ནས་མིག་ཟུང་དམ་པོར་བཙུམས་ཡོད་ཀྱང་། སྒྲ་དེ་ནི་བྲག་ཁུང་གི་གཏིང་རིམ་ནས་མཆེད་འོངས་བ་བཞིན། ངའི་ནང་སེམས་ཀྱི་ཁུང་བུ་རུ་ལྷུང་སོང་། ང་ནི་བྲོ་རྒན་མ་རྒྱུན་འཛིན་པའི་མི་རབས་ག་ཚོད་ཡིན་ནམ། འོན་ཀྱང་ངས་མི་ཤེས། དེ་ནི་བདག་གི་ཨ་ཕས་སྤོ་བོའི་ས་ནས་གནའ་ཉམས་ལྡན་ཞིང་བབ་ཆགས་ཅན་གྱི་ཞབས་བྲོ་འདི་སྦྱངས་དུས་ཀྱང་རང་ཉིད་ནི་རྒྱུན་འཛིན་པ་ཨང་ག་ཚོད་ཡིན་པ་མི་ཤེས་པ་དང་གཅིག་མཚུངས་རེད། ཁོ་འདས་ཁར་བདག་གི་ཨ་ཕར་གཏད་ནས། བྲོ་རྒན་མ་ཡག་པོ་འཁྲབས་ཤོག་ཞེས་བཤད་རྗེས། མགོ་བོ་དཀྱོགས་ཙམ་བྱས་པ་དང་། རྣམ་ཤེས་ཁོའི་བེམ་པོ་ནས་ཕྱིར་ཐོན་སོང་། ཡིན་ནའང་། ངའི་ཨ་ཕས་འདས་ཁར་ང་ལ་བྲོ་རྒན་མ་གླེང་རྒྱུ་དྲན་མ་སོས། ཁོས་ལག་པ་བརྐྱངས་ནས་ངའི་ལག་པ་འཇུ་ཙམ་བྱས་སོང་། དེའི་རྗེས་སུ། ལག་པ་དེ་ཧད་ཀྱིས་གློད་ནས་མི་ཡུལ་དང་གཏན་གྱེས་བྱས་སོང་། ད་ལྟ། ང་རང་མལ་ཁྲིའི་སྟེང་ཉལ་ཏེ། ཁ་ནང་དུ་དབུགས་འབྱིན་རྔུབ་བྱེད་པའི་སྦུ་གུ་བཙུགས་ཅིང་། སྔས་མགོའི་སྒམ་སྟེང་དུ་སྙིང་གི་འཕར་སྟངས་སླར་གསོ་བྱེད་ཆས་བཞག་ཡོད་ལ། དབྱང་དབུགས་བླུག་སའི་སྦུ་གུ་ངའི་སྣ་ཁུང་དུ་བཞག་ཡོད་ཅིང་། མཁྲིག་མའི་ཤ་གསེང་དུ་ཁབ་མགོ་སྦས་ཡོད། འགྱིག་ཁུག་ནང་གི་སྨན་ཆུ་ནི་བྲོ་རྒན་མའི་ཆེས་དལ་བའི་གར་འགྲོས་ལས་ཀྱང་དལ། རིག་གནས་ཅུས་ཀྱི་ཅུས་ཀྲང་བཀྲ་ཁོས་ང་རང་སྨན་ཁང་གི་ནད་ལྕི་ལྟ་སྐྱོང་ཁང་དུ་བསྐྱལ་འོངས་བ་རེད། དེའི་ཡར་སྔོན་དུ། ང་རང་མཐོ་རིམ་ལས་བྱེད་པའི་ནད་ཁང་དུ་བསྡད་པ་ཡང་ཁོས་འབྲེལ་གཏུགས་བྱས་པ་ཡིན། སྨན་ཁང་ནས་འདུག་རྒྱུ་རིང་དྲགས་ཕྱིན་ཁྱིམ་ཚང་ནད་ཁང་དུ་བརྗེས་པ་རེད། ཡིན་ན་ཡང་སྐབས་འདིར། རྫོང་སྨན་ཁང་དུ། ང་རང་ཡང་བསྐྱར་ལོག་ཡོད།

     རྣམ་པ་ལྷན་རྒྱས། ངས་རང་གི་སྔར་བྱས་ལ་བལྟས་པའི་ཕྱི་མིག་ནི་དངོས་འབྲེལ་བདེན་པ་ཡིན་པར་ཡིད་ཆེས་གནང་རོགས། ང་རང་མལ་ཁྲིའི་སྟེང་ཉལ་ནས་རང་ཉིད་ལུང་ཁུག་ཞིག་ཏུ་ཞབས་བྲོ་འཁྲབ་པ་མཐོང་བྱུང་། གཞོན་དུས་ཀྱི་ང་སྟེ། ཨ་ཕའི་ཞེ་དགུ་ལོངས་རྗེས། གློ་བུར་དུ། གཅིག་པུ་ལུང་ཁུག་ཏུ་སོང་། ཞབས་བྲོ་སྦྱངས་སའི་དོ་ར་དེའི་སྟེང་ཁྱབ་པའི་ཨ་ཕའི་རྐང་རྗེས་ལ་བལྟ་བཞིན། ང་རང་རྐང་རྗེས་དེ་དག་གི་ཕྱི་བཞིན་སོང་བ་ན། ཁོའི་རྣམ་ཤེས་ངའི་ཁོག་ཏུ་ཞུགས་པ་དང་མཚུངས། ངས་རྐང་བ་མཐོན་པོར་བཀྱགས་ནས་ཨ་ཕའི་རྐང་རྗེས་སུ་རང་གི་རྐང་རྗེས་ཕབ། ཨ་ཕའི་རྐང་རྗེས་ཀྱི་ཤུལ་གྲིབ་མ་ཙམ་ཡང་མེད་པར་གྱུར་དུས། ཞབས་བྲོ་སྦྱངས་སའི་དོ་ར་དེའི་ངོས་འཇམ་འཁྱུག་གེར་གྱུར་འདུག གྲོང་ཚོའི་ནང་གི་བྲོ་རྒན་མའི་ཞབས་བྲོ་རུ་ཁག་དེས། ངའི་ཨ་ཕ་གྲོངས་པའི་གནས་ཚུལ་ལ་གཞིགས་ནས། ང་རང་ལོ་སུམ་ཅུར་བུད་རྗེས་དེའི་ནང་ཞུགས་ཆོག་པའི་ཆོག་མཆན་གནང་། འདི་ལྟར། བྲོ་རྒན་མ་འཁྲབ་མཁན་ངའི་སྙན་གྲགས་ཇེ་འབར་ནས་ཇེ་འབར་རུ་གྱུར་མགོ་ཚུགས།

     “དེ་ནི་སྒྲོལ་རྒྱལ་ལྷ་བསྟན་གྱི་བུ་རེད། ལྟོས་དང་། ཁོ་ལ་དངོས་གནས་ཁོའི་ཨ་ཕའི་འཁྲབ་ཉམས་འདུག་ཨང་།"

     “ངས་བལྟས་ན་ཁོ་འཁྲབ་པ་ཁོའི་ཨ་ཕ་ལས་ཀྱང་བཟང་།"

     “ངས་བལྟས་ན་གཉིས་ཀ་བཟང་།"

     “མི་ནི་གྲོངས་ཚར་བས། རབ་ཡིན་ན་ཤི་བོའི་མིང་ནས་མ་བཟུང་། ཁོའི་བུས་འཁྲབ་ཚུལ་དེས་ཀྱང་ང་རང་སེམས་འགུལ་ཐེབས་སུ་བཅུག་སོང་།"

     ཁོ་ཚོས་སྐད་ཅོར་འུར་ཅོར་བྱེད། ང་རང་མལ་ཁྲིའི་སྟེང་ཉལ་ནས། མིག་ཟུང་དམ་པོར་བཙུམས་ཡང་། མིག་སྐྱི་ལྡིང་ནས་མཚམས་མི་འཇོག

     ཕྱི་དྲོར་ཅུས་ཀྲང་བཀྲ་ཁོ་ང་ལ་བལྟ་རུ་བསླེབས་སོང་། ཁོ་རང་དལ་ཅག་གེར་ཐུག་འཕྲད་ཁུལ་གྱི་ཤེལ་སྒོའི་མདུན་དུ་ལངས་འདུག གཟུགས་བརྙན་ཤེལ་སྒོ་བརྒྱུད་ནས་ངའི་ལུས་སྟེང་དུ་འཕོས། ངས་ཁོ་བསླེབས་པ་ཤེས་བྱུང་། བཀྲ་ཁོ། གཅེས་སུ་འོས་པའི་བཀྲ་ཁོ། ལོ་མང་གི་གྲོགས་པོ་རྙིང་པ་ཁོས་མགོ་བོ་སྒུར་ནས་ང་ལ་བལྟས་འདུག མིག་ཟུང་ནི་མགོ་ནས་མཇུག་བར་ངའི་གདོང་ལ་ཅེར་འདུག ཁོས་གཞུང་ཡིག་ཁུག་མ་དེ་ཐུག་འཕྲད་ཁུལ་གྱི་རྐུབ་བཀྱགས་རིང་པོ་དེའི་སྟེང་བཞག་རྗེས། ལག་པས་མིག་ཕུར་ཙམ་བྱས་པ་དང་། ངོ་གདོང་ཡང་ཕུར་ཙམ་བྱས་ཏེ། སྐད་མགོ་དམའ་མོས་ཆིག་ལབ་བརྒྱབ་བྱུང་།

     “སྤུན་ཟླ་བཟང་བོ། ངས་སྔོན་ཆད་ཁྱོད་ལ་དྲིས་མྱོང་སྟེ། བྲོ་རྒན་མའི་གནའ་བོའི་གོམ་འགྲོས་དེས། ཅིའི་ཕྱིར་འདི་ལྟར་དེང་རབས་ཀྱི་མིའི་མིག་ཡང་འགུག་ཐུབ་ཞེས་དྲིས་པ་ལ། ཁྱོད་ཀྱིས་དགོད་ཙམ་བྱེད་པ་ལས། ད་བར་དུ་ངའི་དྲི་བ་འདིར་ལན་བཏབ་མ་བྱུང་། འོན་ཀྱང་ད་ལྟ། ཁྱོད་ཀྱིས་ལན་འདེབས་མི་དགོས། ངས་ཧ་གོ་སོང་། དེ་ནི་བྲོ་རྒན་མ་རྒྱ་ཆེ་བའི་ཕྱིར་རེད།" བཀྲ་ཁོས་བཤད་ནས་མཚམས་འདིར་བསླེབས་དུས།  སྐད་ཆ་བཤད་མཚམས་བཞག་སོང་། མཚམས་འདི་བཞག་རྗེས། ཁོས་རང་གི་ལྕེ་ལེབ་སྒམ་ནང་དུ་བཅུག་པ་དང་འདྲ་སྟེ། དེའི་རྗེས་ཀྱི་སྐར་མ་བཅུ་ཕྲག་འགར། ཁོས་ལྐུགས་པའི་བརྟུལ་ཞུགས་བཟུང་སོང་། ང་ཡང་ཁ་རོག་ཏུ་བསྡད་ཡོད། བཀྲ་ཁོ། ཡང་གཅིག་བཤད་ན། ལོ་དེ་དག་ཏུ་ཁྱོད་ལ་དཀའ་ལས་མང་པོ་གཏད་སོང་། ང་ལ་བཀའ་དྲིན་ཞུ་བའི་གཏམ་འགའ་བཤད་དུ་ཆུགས་དང་། འོན་ཀྱང་། འདི་ལྟར་མལ་ཁྲིའི་སྟེང་ཉལ་དུས། སེམས་ནང་བཤད་འདོད་པའི་སྐད་ཆ་ཡོད་ཀྱང་། ཁ་ནས་བཤད་ཐུབ་ཀྱིན་མི་འདུག ཁོ་ཚོའི་སྐད་ཆ་ལྟར་བཤད་ན། ང་ནི་དྲན་པ་ཉམས་པ་རེད་ཟེར། ཚང་མས་ང་རང་སད་པར་རེ་བ་བྱས་ཡོད། ཡིན་ནའང་། ཁོ་ཚོས་ང་ལ་དྲན་ཤེས་ཡོད་པ་ཧ་གོ་མི་འདུག ངས་མིག་ཟུང་དམ་པོར་བཙུམས་ཡོད་ཀྱང་། སེམས་ནང་གསལ་གསལ་ཐིང་ཐིང་ཡིན་ཏེ། ང་རང་ངེས་པར་དུ་འབྲལ་དགོས་པ་ཤེས་ཡོད། ཉིན་གཅིག་གམ་གཉིས། ཆེས་མང་ཡང་ཉིན་གསུམ་ལས་མེད། ངས་དམ་པོར་ཟུམ་པའི་མིག་ཟུང་གིས་གློ་བུར་དུ་རང་ཉིད་ཀྱི་ཞབས་བྲོ་རུ་ཁག་མཐོང་སོང་། ཨ་ཡ། གསལ་གསལ་ཐིང་ཐིང་། དངོས་དངོས་རྗེན་རྗེན། ཐོག་མར་ཞབས་བྲོ་རུ་ཁག་ཕོ་མོ་གཉིས་ཀ་སྒོར་སྒོར་བྱས་ནས་གླུ་ལེན་པ་ལས་ཞབས་བྲོ་རྒྱག་གིན་མི་འདུག དེ་ནས་ཕོ་མོ་གཉིས་ཀས་དལ་བུར་གླུ་ལེན་བཞིན་ག་ལེར་འཁྲབ། ལྟོས་དང་། ངའི་གར་འགྲོས་ནི་འབྲོང་ཆུང་དར་མ་ཞིག་དང་མཚུངས། ཕོ་མོ་གཉིས་ཀས་མགྱོགས་ལེན་མགྱོགས་འཁྲབ་བྱས་བྱུང་། ངའི་སྙིང་ཆུང་དམར་པོ་ནི་བྲང་ཁོག་ནས་ལྡིང་འོངས་ཏེ་ཡང་སྙིང་ཅི་ཞིག་བྱུང་བ་བལྟ་འདོདཔ་དང་མཚུངས། ཐེངས་དེའི་དམངས་ཁྲོད་ཀྱི་རིག་རྩལ་འཁྲབ་སྟོན་དུ། བཀྲ་ཁོས་ང་རང་བློར་བབས། ངའི་མིང་མི་བཤད་པར་བྱ། འཆི་ལ་ཉེ་བའི་མི་ཞིག་གིས་ད་དུང་རང་གི་མིང་ལ་ཅི་ཟེར་བར་བསམ་བློ་གཏོང་དགོས་དོན་ཡོད་དམ། ཐེངས་དེར། བཀྲ་ཁོས་ཐེངས་དང་པོར་ང་དང་ཁ་བརྡ་བྱས། ངའི་ཁོག་སྟོད་དུ་དམར་ནག་གི་སྣམ་བུའི་ཕྱུ་པ་གྱོན་ཞིང་། དོར་མ་འདོམས་ཆེན་པོ་དེ་གྱོན་ཡོད་ལ། རྐང་པར་གླང་སྣ་ཡར་འཁྱིལ་ཅན་གྱི་ཡུ་བ་སྙི་མོའི་ཟོམ་པ་གྱོན་ཡོད། ཕུ་རིང་དཀར་པོ་ཡ་གཅིག་མར་དཔྱངས་པ་དང་། ཡ་གཅིག་ནང་བལྟེབས་བྱས་ནས་ལག་ཏུ་བཟུང་ཡོད། མགོ་བོར་ཁམས་པའི་ཕོ་རྒོད་ཀྱི་རལ་བ་བསླེས་ཡོད་པའི་སྐྲ་ཤུབས་གྱོན་ཡོད། ང་རང་ཏིང་ཏིང་ཏིང་ཞེས་བཀྲ་ཁོའི་གཞུང་ལས་ཁང་དུ་ཕྱིན། སྐབས་དེ་དུས། ཁོ་ནི་རིག་གནས་ཅུས་ཀྱི་ཅུས་ཀྲང་མིན་པར། མང་ཚོགས་སྒྱུ་རྩལ་ཁང་གི་མགོ་འཛིན་རེད། ཁོས་བཤད་རྒྱུར། རྒན་ལགས། མང་ཚོགས་སྒྱུ་རྩལ་ཁང་དུ་ལས་ཀ་བྱེད་པར་ཡོང་འདོད་དམ། ཁྱོད་ལྟ་བུའི་སྒྱུ་རྩལ་པ་ཡིན་ན་ལམ་སེང་ཁོངས་མི་ངོ་མར་བསྒྱུར་ཐུབ་ཟེར། ང་རང་སྔར་གནས་སུ་གླེན་པ་ལྟར་ལངས་ནས་བསྡད། བཀྲ་ཁོས་མུ་མཐུད་དུ་བཤད་རྒྱུར། གལ་ཏེ་ཁྱོད་འདིར་ཡོང་བ་ཡིན་ན། ཁྱོད་ཀྱི་ནུས་པ་བླ་ལྷག་གིས་འདོན་ཐུབ་ཟེར། ངས་ཇི་ལྟར་ལན་འདེབས་སམ། བློ་ཆུང་གཏི་ཐུག ངས་ང་ཚོའི་གྲོང་ཚོ་དྲན་བྱུང་ལ། ལུང་ཁུག་གི་འཇམ་ཁྱུག་གེར་ཡོད་པའི་ཞབས་བྲོ་སྦྱངས་སའི་དོ་ར་དེ་དྲན་བྱུང་། ད་དུང་ཨ་མ་ང་དང་མཉམ་དུ་ཡོང་འདོད་ཡོད་མེད་ཡང་དྲན་བྱུང་། ངས་མགོ་བོར་འཕྲུག་ཙམ་བྱས། སྐྲ་ཤུབས་གྱོན་ཡོད་པས་བྱེད་སྟངས་འདིར་དངོས་ཡོད་ཀྱི་དོན་སྙིང་ཅི་ཡང་མེད། ངས་རང་ཉིད་བཀྲ་ཁོའི་མདུན་ནས་ཡར་འགྲོ་མར་འགྲོ་བྱེད་པ་མཐོང་ལ། འགྲམ་དུ་མི་མེད་པ་ལྟར། གོམ་འགྲོས་སུ་བྲོ་རྒན་མའི་ཉམས་འགྱུར་སྐུང་འདུག བཀྲ་ཁོས་ཅི་ཡང་མི་བཤད་པར། ང་རང་ཐེངས་འགར་ཡར་འགྲོ་མར་འགྲོ་བྱེད་པར་བལྟས་ནས་བསྡད།

     ང་རང་འགྲོ་ཞོར་དུ། “འེ། ངས་ད་ལྟ་ཁྱོད་ལ་ལན་སྟེར་མི་ཐུབ། ཁྱོད་ཀྱིས་ང་ལ་དུས་ཡུན་ཞིག་གཏན་ཁེལ་བྱས་ན་བཟང་ངམ"ཞེས་བཤད།

     བཀྲ་ཁོས་མཛུབ་མོ་གསུམ་ཀེར་ནས“ཉིན་གསུམ"ཟེར།

     ཡིན་ནའང་། ངས་རང་གི་ཨ་མར་དོན་འདི་ཇི་ལྟར་བཤད་དགོས་པ་མི་ཤེས། ཨ་མ་གཅིག་པུ་ཁང་པ་རྙིང་པའི་གྲིབ་ནག་ནང་ཙོག་འདུག་ལ། སྤྱི་གཙུག་གི་མཚམས་སུ་དཔྱངས་བའི་དར་ལྕོག་ནི་ལྗིད་ཏིག་གེར་སྣང་། དེ་ཉིད་ལྷབ་ལྷབ་ཏུ་མི་བསྐྱོད་པར། གྲིབ་གཟུགས་ནི་ཉབ་བེ་ཉོབ་བེར་སྣང་། ཨ་མ། ཁོ་མོའི་སྤྱི་གཙུག་གི་སྐྲ་དཀར་ནི་ཕྱིང་པ་གོག་ཏོ་ཞིག་དང་མཚུངས། གནམ་རྒན་མ། ང་ལ་ཚོར་བ་འདི་འདྲ་ནམ་ཡང་སྐྱེས་མྱོང་མེད། ཁོ་མོ། དེ་རུ་ཙོག་ནས་རིམ་བཞིན་སྒོ་སྲུང་མཁན་གཞི་བདག་གི་མཚང་མིང་ཐོགས་སོང་། གཞན་པས་ཁོ་མོར་མཚང་མིང་འདི་འབོད་ཐེངས་རེར། ཁོ་མོས་ཁ་གདངས་ནས་དགོད་ཙམ་བྱས་ཏེ། ཁ་ཤས་ལས་ལྷག་མེད་པའི་སོ་དེ་དག་སྟོན་སྲིད། སོ་དེ་དག ད་ལྟ་ངས་གསལ་གསལ་ཐིང་ཐིང་དུ་མཐོང་ཐུབ་སོང་།  ཡ་སོ་བདུན་ལས་ལྷག་མེད་ལ།  འོག་སོ་བརྒྱད་ལྷག་འདུག ཨ་ཕ་ཚེ་ལས་འདས་རྗེས། ཁོ་མོ་ཁྱད་མཚར་པོ་དང་སྨྱོ་འཚུབ་འཚུབ་ཞིག་ཏུ་ཆགས་སོང་། རིག་པ་སྐབས་རེར་གསལ་ཞིང་། སྐབས་རེར་འཁྲུལ། ཁོ་མོ་ཁང་པའི་གྲིབ་ནག་ནང་ཙོག་ནས་ང་ལ་བཤད་རྒྱུར། "ངས་ཁྱོད་ཀྱི་ཨ་ཕས་ཁང་པའི་གྲུ་ཟུར་ནས་ང་ཚོར་ལྐོག་ལྟ་བྱེད་པ་མཐོང་ཐུབ། ཁྱོད་ཀྱིས་སྒོ་དམ་པོར་རྒྱོབ་ཅིག ཁོ་གང་དུ་འགྲོ་འདོད་ན་དེར་འགྲོ་རུ་ཆུགས། ནང་ལ་ཡོང་དུ་མ་འཇུག"ཟེར། བཤད་ཚར་མ་ཐག ཁོ་མོ་ཁང་པའི་ནང་དུ་སོང་། འོན་ཀྱང་། ཅང་མ་འགོར་བར་ཁོ་མོ་ཡང་ཕྱིར་ཐོན་ནས། ལུང་ཁུག་གི་འཇམ་འཁྱུག་གེར་ཡོད་པའི་ཞབས་བྲོའི་དོ་རའི་ཕྱོགས་སུ་ཕྱིན། "ཁྱོད་ཀྱི་ཨ་ཕས་ང་འབོད་བཞིན་འདུག ཕལ་ཆེར་དོན་དག་གལ་ཆེན་ཞིག་གྲོས་བསྡུར་བྱེད་དགོས་པ་འདྲ། ཁྱོད་ཕྱིར་ལོག་ཅིག ངའི་རྗེས་མ་འདེད། "ཡིན་ནའང་ངའི་སེམས་བདེ་རུ་འབབ་ག་ལ་ཐུབ། ཁོ་མོ་སླར་ཡང་ཕྱིར་འཁོར་ནས་བཤད་རྒྱུར། "ཁྱོད་ཀྱིས་བྲོ་རྒན་མའི་གོམ་འགྲོས་དལ་མོ་དེ་སྤོ་བཞིན་ཡོད་ནའང་། ངས་གསལ་བོར་ཐོས་ཐུབ། བུ། ངས་ཁྱོད་ལ་ཞུ་བ་བྱེད། ཕྱིར་ལོག་ཅིག "ངས་བར་ཐག་རིང་བོའི་མཚམས་ནས་ཁོ་མོའི་རྗེས་དེད། ལུང་ཁུག་ནང་གི་རླུང་བུས་འཛེམ་ཟོན་ཉག་ཙམ་ཡང་མི་བྱེད་པར། ངའི་མིག་ཟུམ་དུ་བཅུག་སོང་། དུས་འདིར། ཨ་མ་གློ་བུར་དུ་མཐོང་རྒྱུ་མེད་པར་གྱུར། རྣམ་པ་ཚོ། ང་ནང་བཞིན་བྲེལ་བ་མ་བྱེད་ཅིག སྐད་གོ་རྒྱུ་མེད་པའི་ངའི་ཆིག་ལབ་འདི། མི་གཅིག་གིས་ཀྱང་ཐོས་མི་ཐུབ་རུང་། ངས་མུ་མཐུད་དུ་བཤད་རྒྱུ་ཡིན། ད་ལྟ། ངའི་ལུས་པོར་ན་ཟུག་མེད་པས།  རྐང་ལག་ཡོད་མེད་ཀྱང་ཚོར་གྱིན་མི་འདུག འོན་ཀྱང་། རིག་པ་ཇེ་གསལ་ནས་ཇེ་གསལ་ཡིན་ཏེ། འདི་འདྲའི་གསལ་བོ་ཞིག་ཆགས་མྱོང་མེད། སྨན་པ་གཙོ་བོ་བསླེབས་བྱུང་། ནད་གཡོག་མས་ང་ལ་ཡང་བསྐྱར་སྨན་ཁབ་བརྒྱབ། ཨན་གཞི་སྐྱུར་དང་སྤྲི་དཀར་དཀར་པོ་དམ་བུ་གཅིག་རེ། ཁོ་མོས་མཛུབ་མོ་ཧ་ཅང་ཕྲ་བ་དེས་ངའི་མིག་སྐྱི་ཕྱིར་སློག་ཙམ་བྱས་ཏེ། ལག་སྒྲོན་བཀར་ནས་མིག་གི་རྒྱལ་མོར་བལྟས། དེ་ནས་སྨན་པ་གཙོ་བོ་དེས་བཤད་རྒྱུར། "གནས་ཚུལ་ཡོད་ན་དུས་ལྟར་ང་ལ་བརྡ་རྒྱོབ"ཟེར། རེད་ཡ། ཁོ་ལས་ཚོགས་གྲོལ་རྒྱུ་རེད། འོན་ཏེ། བཀྲ་ཁོ། ཁྱོད་འགྲོ་རྒྱུ་མིན་ནམ། བཀྲ་ཁོས་བྲལ་འདོད་ཉག་ཙམ་ཡང་བྱེད་ཀྱིན་མི་འདུག ཁོ་ཐུག་འཕྲད་ཁུལ་དུ་ཙོག་ནས། ང་རང་ནད་ཁྲིའི་སྟེང་ཉལ་ཡང་དྲན་ཤེས་ཧ་ཅང་གསལ་ཞིང་། ག་དུས་ལས་ཀྱང་གྲུང་པ་ཤེས་མེད། ངའི་ཨ་མ་ངའི་མཐོང་རྒྱ་ལས་ཡལ་རྗེས། ངས་ཡུན་རིང་ཞིག་ལ་ཁོ་མོར་སྒུག ལུང་ཁུག་ཕྱི་ལོགས་ཀྱི་ལམ་མདོ་ཁ་དེ་རུ། ཡོང་སའི་ལམ་ནི་གྲོང་ཚོར་ལོག་ས་ཡིན།  གཡོན་འགྲམ་གྱི་ལམ་ཆུང་དེ་ནི་ལུང་ཁུག་ཏུ་བསྐྱོད་ས་ཡིན། གཡས་འགྲམ་ནི་མ་ཎི་རྡོ་འབུམ་ཡིན། ཆུ་ཚོད་གཅིག་འགོར་རྗེས། — རེད། ང་རང་མལ་ཁྲིའི་སྟེང་ཉལ་ཡོད་ནའང་། དུས་ཚོད་ཀྱི་བཞུར་རྒྱུན་ལ་སྔར་བཞིན་རྫི་གསང་དོད་པོ་ཡོད་དེ། ཧེ་བག་ཆེན་པོ་ཤོར་མེད། — ཁོ་མོ་ད་གཟོད་ངའི་མདུན་དུ་བསླེབས་བྱུང་།

     “ཨ་མ། ཁྱོད་ཀྱིས་ཨ་ཕའི་རྣམ་ཤེས་མཐོང་སོང་ངམ།"

     ཨ་མའི་གདོང་ཡོངས་དངངས་སྐྲག་གིས་ཁེབས་འདུག “བུ། ཁྱོད་ཀྱིས་ཅི་ཟེར་རམ། ཁྱོད་ཀྱི་ཨ་ཕས་སྔ་མོ་ནས་མི་ལུས་བླངས་ཚར་ཡོད།"

     ཨ་མ་སྐབས་རེར་རིག་པ་གསལ་ཞིང་སྐབས་རེར་ཧོན་ལོག་ནས་སྨྱོན་མ་ཞིག་དང་མཚུངས་པ་དེས། ང་རང་སུན་སྣང་ཆེན་པོ་སྐྱེས་སུ་བཅུག 

     “ཨ་མ། མང་ཚོགས་སྒྱུ་རྩལ་ཁང་གིས་ང་ལ་ལས་ཀ་བཀོད་སྒྲིག་བྱ་རྩིས་ཡོད་པས། ང་ལ་ཉིན་གསུམ་གྱི་བསམ་བློ་གཏོང་བའི་དུས་ཚོད་སྤྲད་བྱུང་། ཁྱོད་ཀྱིས་བཤད་ན་ངས་ཇི་ལྟར་བྱས་ན་ལེགས།"

     “བུ། དེར་བསམ་བློ་གཏོང་དགོས་དོན་མེད། གཞུང་ཕྱོགས་ཀྱི་མི་ཆགས་ཐུབ་པས། དོན་བཟང་རེད་ཡ། ཨ་མ་ཁྲིད་དང་། སང་ཉིན་གྲོང་ཚོ་ནས་ཐོན་འགྲོ།"

     ཁང་པ་རྙིང་བ་དེར་ཟངས་ཟྭ་བརྒྱབ་ཡོད་པ་ཐག་ཆོད་ཡིན། དེ་དུས་ངས་ཟངས་ཟྭའི་སྟེང་གི་རི་མོར་མ་བལྟས། ཡིན་ཡང་། ངས་མིག་ཟུང་དམ་པོར་བཙུམས་ནས། ཕུང་བོ་རང་ཉིད་ཀྱི་དྲན་ཤེས་དང་ག་ལེར་བྲལ་དུས། དེའི་སྟེང་གི་རི་མོ་ནི་རྐང་གཉིས་ཁ་དབྲག་གིས་ལངས་བའི་གྱད་མིའི་སྣང་བརྙན་ཞིག་ཡིན་པ་གསལ་བོར་མཐོང་བྱུང་། ཁྱིམ་ཆས་བཙོང་ཐུབ་པ་ཐམས་ཅད་བཙོང་ཟིན། ལས་ཡག་པ་ཞིག་ལ། ཉིན་དེར་ཨ་མའི་ནད་རྙིང་མ་འཕར། དུས་དེར་ཧ་མ་གོ་བའི་དོན་དག་རྣམས། ད་ལྟ་ངས་གསལ་བོར་མཐོང་བྱུང་། ཅོག་ཙེ་དམའ་མོ་དེ་ནི་གྲི་རྡུང་མཁན་ཡེ་ཤེས་ཀྱིས་ཉོས་སོང་། ལྕགས་ཀྱི་སླ་ང་དང་ཧ་ཡང་གི་གཞོང་པ་རྣམས་རྫ་ཆས་ནག་པོ་བཟོ་མཁན་སེང་འབྲུག་གིས་ཁྱེར་སོང་། ཆུ་ཚོད་གཉིས་མ་འགོར་བར། ཁྱིམ་གྱི་དངོས་པོ་ཡོད་ཚད་ཁྱེར་ནས་སྟོང་པར་གྱུར། ཞིང་ས་དག་ཉེ་འབྲེལ་ལ་འདེབས་སུ་བཅུག་པ་དང་། ཡོང་འབབ་ཡོད་ཚད་ཁོ་ལ་སྟེར་བར་ཁས་བླངས། ཨ་མས་ཨ་ཕའི་བྲོ་གར་གྱི་གྱོན་ཆས་ཕྱུ་པ་དམར་པོ་དང་དོར་མ་དཀར་པོ་གཉིས་ལས་ཅི་ཡང་མ་ཁྱེར། དེ་དག་གྲལ་དག་པོར་བལྟེབས་ཡོད་དེ། རས་དམར་པོ་ཞིག་གིས་བཏུམས་ཡོད། འདི་ལྟར། ཨ་མ་དང་ངེད་གཉིས་རྫོང་མཁར་དུ་བསླེབས། ནད་གཡོག་མས་ཡང་བསྐྱར་ང་ལ་དབྱང་དབུགས་བླུགས་སྣོད་དྲུད་ཡོང་། ཁོ་མོས་སྟོང་བར་གྱུར་བའི་སྣོད་དེ་བརྗེས་སོང་། བཀྲ་ཁོ་ཕྱིན་ཚར་འདུག ད་ལྟ། ངའི་བུ་མོ་དང་ཚ་མོ་མཚེ་མ་གཉིས་ཀས་ཐུག་འཕྲད་ཁུལ་དུ་ང་ལ་བལྟས་འདུག ཚ་མོ་གཉིས་ཀས་མཚམས་ལ་རེར་འུར་རྒྱག་གིན་འདུག རྫོང་མཁར་གྱི་སྨན་ཁང་གི་སྒྲིག་ལམ་དམ་པོ་མི་འདུག ངའི་བུ་མོའི་མིག་གཉིས་དམར་རྐྱང་ཆགས་འདུག མཚན་ཁ་ཤས་ལ་གཉིད་ཁུགས་མ་ཐུབ་པས་ཁོ་མོ་སྤོ་ཤིན་ཏུ་ཆེ། ཁོ་མོས་ལག་གཡས་མཐོན་པོར་ཡར་བཀྱགས་ནས། “འུར་མ་རྒྱག་ཅིག ད་འུར་བརྒྱབ་ན་ཁྱོད་གཉིས་ཀྱི་ལྕེ་ཆུང་ཆུང་གཉིས་ཀ་བཅད་འཇོག"ཟེར། འེ། ཉམ་ང་བའི་མི་དེས་ནམ་ཞིག་ལ་ང་རང་སེམས་ཚེགས་བྱེད་དུ་མི་འཇུག་གམ། ངས་མིག་གཉིས་དམ་པོར་ཟུམ་སྡོད་དུས། ནད་གཡོག་མས་འཇིབ་ཆས་ཤིག་བཟུང་ནས། ངའི་ཁ་ནང་གི་ལུད་པ་འཇིབས། སིར་སིར་གྱི་སྒྲ་དེ་ནི་སྦྲུལ་ཞིག་གིས་ངའི་ཁ་ནང་ན་ལྕེ་བསྐྱུག་བཞིན་པ་དང་མཚུངས། བདེ་གཤེགས་ལྷ་མོས་བུ་མོ་མཚེ་མ་གཉིས་ཏེ། མུན་གསལ་དང་ལྷ་སྒྲོན་རང་གི་གྲོགས་པོས་ཁྲིད་འགྲོ་བར་བལྟ་བཞིན། སེམས་པ་དབང་མེད་དུ་སྐྱུར་བྲེང་བྲེང་བྱས་སོང་། སྔོན་ཆད་ཀྱི་བཀྲ་མི་ཤིས་པ་ཐམས་ཅད་ཡང་བསྐྱར་དྲན་པའི་རྩིག་ལྡེབས་སུ་ཤར་བྱུང་། ཁོ་མོ། འེ་ཡ། ང་ལ་མཚོན་ན་ཁོ་མོའི་དོན་དག་བཤད་རྒྱུ་ཇི་འདྲའི་དཀའ་མོ་ཞིག་རེད་ཨང་། ངས་ཁོའི་མིང་ནས་མི་བཟུང་བར་བཟོད་སྒོམ་གནང་རོགས། ཁོ། མི་མ་རེད། ངའི་བུ་མོར་གསང་ནས་ཕྱི་ན་འཆལ་མོ་བཙལ་གྱིན་འདུག ད་ལྟ། ངས་མཐོང་བ་ཡོད་ཚད་ནི་ཇི་འདྲའི་གསལ་ཨང་། འཆལ་མོ་དེ་དག་གི་ངོ་གདོང་རེ་རེ་ངའི་དམ་པོར་ཟུམ་པའི་མིག་མདུན་དུ་མངོན་བྱུང་། གནམ་རྒན་མ། ད་ཅི་ངའི་ཚ་མོ་མཚེ་ཀ་གཉིས་ཁྲིད་མཁན་གྱི་མི་དེའང་གྲས་སུ་འདུག བདེ་གཤེགས་ལྷ་མོ་ཁྱོད་ནི་གཉེན་འཐོར་བྱས་ཟིན། ང་དང་འདྲ་བའི་ལས་དབང་དེ་སྐྱོ་སྣང་གིས་བསྐྱར་འཁྲབ་བྱས་བྱུང་། ཨ་ཕ་ངས་ཁྱོད་ཀྱི་ཆེད་དུ་ཉིན་རེ་རེར་དབུགས་རིང་གཏོང་དགོས་སོང་། སེམས་པ་སྐྱོ་དུས་ངས་བྲོ་རྒན་མའི་གར་སྟབས་དེ་འདྲ་མང་པོ་ཞིག་དྲན་བྱུང་བས། ཚོམས་ཁང་གི་ས་རྒྱ་དོག་མོ་དེ་ནས་ང་ལ་མི་འཁྲབ་པའི་རང་དབང་མི་འདུག ཁྱོད་ཀྱི་ཨ་མས་ང་ལ་ཇི་ལྟར་ཁྲེལ་མེད་བྱས་པ་ཁྱོད་ཀྱིས་ཐེངས་གྲངས་མེད་ཅིག་ལ་དྲིས་བྱུང་། ད་ལྟ་ངས་ཁྱོད་ལ་བཤད་ཆོག འོན་ཀྱང་ཁྱོད་ཀྱིས་ངའི་སྐད་སྒྲ་ཐོས་མི་ཐུབ། ང་དང་ཁོ་མོ་ནི་དེ་འདྲའི་སྟེས་དབང་ཞིག་གིས་འཕྲད་པ་ཡིན། —— སྐབས་འདིར་ནད་ཁང་ལ་གཙང་དག་བྱེད་མཁན་གྱི་གད་པ་ནང་དུ་འཛུལ་བྱུང་། ཁོ་མོས་ཁ་ཐུམ་ཆེན་པོ་ཞིག་བརྒྱབ་ཅིང་། འགྱིག་གི་འཁྲབ་མ་ཞིག་བཟུང་ནས། ཕྱགས་མས་ག་ལེར་ས་ངོས་ཕྱགས་པ་ན། མངོན་སུམ་དུ་མཐོང་མི་ཐུབ་པའི་རྡུལ་ཕྲན་འཕྱུར་གྱིན་འདུག ཁོ་མོས་ངའི་བུ་མོ་སྡུག་བསྔལ་དང་བཅས་གནས་དེ་རུ་འགྲེང་བ་མཐོང་རྗེས་བཤད་རྒྱུར། “བུ་མོ། སེམས་སྡུག་དེ་འདྲ་མ་བྱེད། རྐུབ་སྟེགས་སྟེང་མར་བསྡད་ནས་ངལ་ཅུང་ཙམ་གསོས་དང་"ཟེར། བཤད་ཚར་རྗེས། ཁོ་མོས་མགོ་བོ་གཡུག་ཙམ་བྱས་ཏེ། མུ་མཐུད་དུ་ས་ངོས་གཙང་དག་བྱས། ཡིན་ནའང་། བདེ་གཤེགས་ལྷ་མོ་འགུལ་ཙམ་ཡང་མ་བྱས། ཁོ་མོ་ཧད་ནས་ང་ལ་བལྟ་བཞིན་སླར་ཡང་མིག་མཐའ་མཆི་མས་བརླན་བྱུང་། — ངའི་ངོ་གདོང་དུ་རྣམ་འགྱུར་ཅི་ཡང་མེད་པར། ཨ་ཕ་དང་ཨ་མ་གཉིས་ཀ་འཛིང་རེས་བྱེད་དུས་བཤད་པའི་སྐད་ཆ་དེའི་ཧ་གོ་མགོ་བརྩམས། ཁྱོད་རང་ཤི་དུས། ཁྱོད་ཀྱིས་དོན་དག་འདིའི་རྩ་བའི་འབྱུང་ཁུངས་ཤེས་སྲིད། ངས་སང་ཉིན་མཚན་མོ་བར་སྒུག་ཐུབ་ཀྱིན་མི་འདུག ངས་མིག་ཟུང་དམ་པོར་བཙུམས་ཡོད་ཀྱང་། ཁྱོད་ཀྱི་ཨ་མ་མཐོང་བྱུང་། ཕྱུ་པ་ནག་པོ་གྱོན་ཞིང་ཕུ་རིང་དམར་པོ་དེ་གཡུགས་ནས། བྲོ་རྒན་མ་འཁྲབ་པའི་ཞབས་བྲོའི་རུ་ཁག་ཏུ་ང་ལ་ཕྱོགས་ནས་འཛུམ་མདངས་གྲོལ། ཁོ་མོས་ཁ་ཆེན་པོ་དེ་གདངས་བས། གར་སྟབས་ཀྱིས་ལངས་བའི་ས་རྡུལ་དག་མོའི་ཁ་ནང་དུ་འཛུལ། ཁོ་མོ་གློ་ལུ་རྒྱག་ཞོར། ང་ལ་བལྟས་ནས་དགོད་ཀྱང་བློ་རྩེ་གཅིག་ཏུ་སྒྲིམ་མི་འདུག  ཡིན་ཡང་། ཁོ་མོ་འདི་ལྟར་ངའི་སེམས་ཁོང་དུ་འཛུལ་བ་སུ་ཡིས་ཤེས། 

     ཁོ་མོས"ཞབས་བྲོའི་སྣེ་ཁྲིད་པ། ངས་ཁྱོད་ཀྱི་འབྲོང་ཆུང་དར་མ་ལྟ་བུའི་གར་སྟབས་དེ་མཐོང་དུས། དགའ་སྤྲོ་འགོག་མི་ཐུབ་པ་ཞིག་སྐྱེས་ཡོང"ཟེར། 

     སྐད་ཆ་དེ་ཐོས་དུས། ངས་སྐབས་དེའི་རང་ཉིད་ནི་དགའ་སྤྲོ་ཅུང་ཙམ་སྐྱེས་ཡོད་པ་མཐོང་ཐུབ། 

     “དེ་ལྟར་བཤད་ན། ང་རང་ཞབས་བྲོ་འཁྲབ་མ་ཐག་ཁྱོད་རང་དགའ་སྤྲོ་སྐྱེ་ངེས་རེད་དམ།"

     ཁོ་མོས"རེད"ཟེར།

     ངས་རང་ཉིད་ཀྱིས་ཁོ་མོའི་མདུན་ནས་ཡང་བསྐྱར་བྲོ་རྒན་མའི་གར་སྟབས་སྒྱུར་བ་མཐོང་། “སྤྲོ་བ་རྒྱས་སོང་ངམ། " 

     ཁོ་མོས་ཁ་ཟུམ་ནས་ཧི་ཧི་ཧི་ཞེས་གླུན་དགོད་བྱེད།

     ཡིན་ཡང་། ངས་ཁོ་མོར་གཉེན་སྒྲིག་གི་འདུན་པ་བཤད་དུས། ཁོ་མོ་གློ་བུར་བར་གཟབ་ནན་དུ་གྱུར་ཅིང་། ཉིན་འགར་ང་ལ་ཁ་ཡ་མི་བྱེད།

     ཟླ་འགའ་འགོར་བའི་རྗེས་སུ། ཁོ་མོས་གཞི་ནས་ང་བཙལ་ཏེ་ང་དང་གཉེན་སྒྲིག་པར་འཐད་པ་ཡིན་ཟེར།

ད་ལྟ། ངས་མཐོང་སོང་། ཉིན་དེར། ཁོ་མོས་སྐད་ཆ་དེ་བཤད་རྗེས། ལྐོག་ཏུ་མང་ཚོགས་སྒྱུ་རྩལ་ཁང་གི་ལྟག་རྒྱབ་ཀྱི་སྦྱར་སྡོང་དཀར་པོ་དེའི་འོག་ནས། ཡུད་ཙམ་ལ་མིག་ཆུ་བཏང་། འདི་ལྟར། ང་དང་ཁོ་མོ་གཉེན་སྒྲིག་བྱས། ཁོ་མོས་བུ་མོ་བདེ་གཤེགས་ལྷ་མོ་བཙས། འོན་ཀྱང་བདེ་སྐྱིད་ཀྱི་འཚོ་བ་དེ་ལོ་དྲུག་ལས་བསྲིངས་མ་ཐུབ། ཉིན་ཞིག་ལ་ཁོ་མོས་ཇི་མི་སྙམ་པར་གཉེན་འཐོར་རྒྱུའི་གྲོས་གཞི་བཏོན་བྱུང་། ཁོ་མོས་བཤད་པའི་རྒྱུ་མཚན་ནི་ངོ་གནོང་དགོས་པ་ཞིག་རེད། ཁོ་མོས་མིག་འབྲས་ནག་པོ་དེ་ལྡེབ་ཙམ་བྱས་ནས། མིག་སྤུའི་སྟེང་གི་སྨུག་རླངས་དེ། ངས་དམ་པོར་བཙུམས་པའི་མིག་ཟུང་གིས་ཡང་བསྐྱར་མཐོང་སོང་། ཁོ་མོས"ང་ཚོ་གཉེན་འཐོར་བྱེད། ཁྱོད་ཀྱིས་ནམ་ཡང་ངས་འདི་ལྟར་ཐག་བཅད་པར་ལེ་བདའ་མ་བྱེད་རོགས། རྒྱུ་མཚན་ནི་ང་རང་སེམས་གཏིང་ནས་དགའ་བའི་སྐྱེས་པ་དེ་ཁྱོད་རང་མིན། ད་ལྟ་ཁོ་རང་གཉེན་འཐོར་བྱས་ཟིན། ང་རང་ཁོ་དང་མཉམ་དུ་འདུག་དགོས། དགོངས་པ་མ་ཚོམ། ཁྱོད་ཀྱིས་ང་ལ་ཁས་ལེན་རོགས"ཟེར། ཁོ་མོས་ཐོལ་གྱིས་ངའི་ལག་པ་བཟུང་ནས། པུས་མོ་ས་ལ་བཙུགས་ཏེ་ངུ་ཤུམ་བྱས་བྱུང་། “ངས་ཁྱོད་ལ་ཞུ་བ་བྱེད། གང་ལྟར་ཀྱང་ཁྱོད་ཀྱིས་ང་ལ་སྙིང་རྗེ་སྒོམ་རོགས།" བཤད་ཞོར་དུ་ཁོ་མོས་པུས་མོ་ས་ངོས་སུ་འདྲུད་བཞིན། མདུན་དུ་ནུར་ཏེ་ངའི་རྐང་པ་གཉིས་དམ་པོར་བཟུང་ནས་མི་གློད། ངས"གློད་ཅིག"ཞེས་བཤད། ཁོ་མོས་དེ་ལས་དམ་པོར་བཟུང་བྱུང་། ཁོ་མོའི་སེམས་པ་བཟུང་མ་ཐུབ་ན་ལུས་པོ་བཟུང་ནས་གོ་ཅི་ཞིག་ཆོད། ངས་རང་སེམས་ཀྱི་ཁུང་བུའི་ཁ་སླར་ཡང་ཕྱེ་སོང་བ་མཐོང་། ཁོ་མོས་ཇི་ལྟར་ཞུ་བ་བྱས་ཀྱང་། ང་རང་འགུལ་ཙམ་ཡང་མ་བྱས། ངས་རང་ཉིད་རྡོ་ལོག་ཅིག་ཏུ་འགྱུར་བར་རེ་བ་བྱས།  འོན་ཀྱང་ང་རང་ནམ་ཡང་སེམས་སྲ་མོ་ཡིན་པའི་རྡོ་ལོག་ཅིག་ཏུ་འགྱུར་མི་ཐུབ། “ཟླ་དཀར་སྒྲོལ་མ། ང་གློད་དང་། ང་གཉེན་འཐོར་བྱེད་པར་འཐད་པ་ཡིན། ཡིན་ཡང་ཁྱོད་ཀྱིས་བདེ་གཤེགས་ལྷ་མོ་ཁྲིད་མི་ཆོག ཁྱོད་ལ་ལས་ཀ་མེད་པས། ངའི་འཚོ་བའི་ཆུ་ཚད་ཁྱོད་ལས་བཟང་། "འདི་ལྟར། ངས་བདེ་གཤེགས་ལྷ་མོ་ཉར་ཐུབ་སོང་། བདེ་གཤེགས་ལྷ་མོས་ཐུག་འཕྲད་ཁུལ་གྱི་རྐུབ་སྟེགས་སྟེང་ཙོག་ཅིང་། མཆི་མ་ནི་ཕྲེང་ཐག་ཆད་པ་བཞིན་མར་ལྷུང་།  ངའི་དྲན་ཤེས་ནི་ཕུང་བོ་དང་བྲལ་ཟིན། ངས་རང་གི་ཕུང་བོར་ཚོར་བ་ཡོད་མེད་གཏན་ནས་མི་ཤེས། ངས་ཡང་བསྐྱར་མཐོང་བྱུང་། ཟླ་དཀར་སྒྲོལ་མ་དང་སྐྱེས་པ་དེས་ལག་གདང་སྦྲེལ་ནས་མང་ཚོགས་སྒྱུ་རྩལ་ཁང་གི་རྒྱབ་ལོགས་ཀྱི་ར་སྐོར་ལས་ཐོན་བྱུང་། སྐྱེས་པ་དེས་བཤད་རྒྱུར། “ཁྱོད་ཀྱིས་འདི་ལྟར་ངེད་གཉིས་ཀྱི་ཤ་ལས་མཆེད་པའི་བུ་མོ་གར་མཁན་གླེན་པ་དེར་སྤྲོད་རྒྱུ་ཡིན་ནམ།" ཟླ་དཀར་སྒྲོལ་མས་ལན་འདེབས་དོན།"ཁོ་ནི་མི་བཟང་ཞིག་ཡིན་པས་ངེད་གཉིས་ཀྱི་བུ་མོ་གཉོར་སྐྱོང་ཡག་པོ་བྱེད་ངེས་ཡིན།"ཡོད་ཚད་གསལ་སོང་། མ་གཞིར་འདི་ལྟར་ཡིན་པ་རེད། ང་རང་མལ་ཁྲིའི་སྟེང་ཉལ་ནས། མིག་ཟུང་དམ་པོར་བཙུམས་ཏེ། ངོ་གདོང་དུ་རྣམ་འགྱུར་ཅི་ཡང་མེད། ནད་གཡོག་མས་འཇིབ་ཆས་བཟུང་ནས་ངའི་ཁ་ནང་གི་ལུད་པ་འཇིབ། གཉེན་འཐོར་བྱས་རྗེས། ཟླ་དཀར་སྒྲོལ་མ་དང་ཁོའི་དགའ་རོགས་ཀྱི་མཇུག་འབྲས་ཡང་མི་ལེགས་ཏེ། ལོ་གཅིག་གི་རྗེས་སུ། སྐྱེས་པ་དེ་འཁོར་གེག་བྱུང་ནས་ཤི་སོང་། ཟླ་དཀར་སྒྲོལ་མ་སྐྱོ་བས་མནར་བཞིན་ཆོས་སྒོ་འགྲིམས། དེ་དང་ཆབས་ཅིག ངའི་ཨ་མའི་ནད་གཞི་ཇེ་སྡུག་ཏུ་སོང་། ཁོ་མོས་མཚམས་མེད་པར་ང་ལ་རྣ་ཅོག་ཕར་གཏོད་དུ་འཇུག  ཁོ་མོས་བཤད་རྒྱུར། "ངས་ཁྱོད་ཀྱི་ཨ་ཕས་སྣམ་བུ་དམར་པོ་དང་དོར་མ་དཀར་པོ་གྱོན་ནས་རྫོང་མཁར་དུ་བསླེབས་པ་མཐོང་བྱུང་། ཁོ་དུས་རྒྱུན་དུ་གྱང་ཟུར་དུ་སྦས་ནས་ང་ཚོར་ལྐོག་ལྟ་བྱེད"ཟེར། "ཨ་མ་གང་བྱུང་དུ་མ་བཤད་ན་མི་ཆོག་གམ། ཨ་ཕས་སྔ་མོ་ནས་མི་ལུས་བླངས་ཚར་ཡོད། ཁོ་ཁྱོད་ཀྱིས་བཤད་པ་ལྟར་ཡིན་མི་སྲིད།" "ཁྱོད་ཀྱིས་ང་ལ་ཡིད་ཆེས་མི་བྱེད་དོན་ཅི།" ཨ་མའི་སྤྱི་གཙུག་གི་སྐྲ་དཀར་རྣམས་རླུང་གིས་ཐོལ་ཐོལ་དུ་ཡར་བརྩེངས་བྱུང་། ཁོ་མོས་ང་ལ་བལྟ་ཙམ་བྱས་རྗེས། དལ་བ་དལ་བུར་གྱེས་སོང་། ཨ་མ་གར་སོང་ཆ་མེད་དུ་གྱུར། ངས་རང་ཉིད་བྲེལ་འཚུབ་ག་འདྲ་ཞིག་ལངས་ཡོད་པ་མཐོང་ཐུབ། གདོང་ལ་བྲེལ་སྔངས་ཀྱི་རྣམ་འགྱུར་ཤར་ནས། ཀླད་པ་སྟོང་པ་སྟོང་རྐྱང་དུ་གྱུར། ཅུས་ཀྲང་བཀྲ་ཁོས་བྲོ་རྒན་མའི་ཞབས་བྲོའི་རུ་ཁག་གི་མི་ཡོད་ཚད་བོས་ནས་རྫོང་ཡོངས་སུ་བཙལ། ཡིན་ནའང་། མི་གཅིག་གིས་ཀྱང་ངའི་ཨ་མ་ཁྲིད་ནས་བསླེབས་མ་བྱུང་། ཁོ་མོ་གང་དུ་བུད་སོང་ངམ། སྐབས་རེར་རྣམ་རིག་གསལ་ཞིང་སྐབས་རེར་ཀླད་པར་སྐྱོན་ཤོར་བའི་མི། ཁོ་མོ་སྟེ། རྒན་མོ་ཞིག་ས་ཐག་རིང་བའི་གནས་གང་ཞིག་ལ་བསླེབས་ཐུབ་བམ། ཁོ་མོ་རྫོང་མཁར་གྱི་ཕྱི་རུ་འགྲོ་ཐུབ་པ་ང་རང་ཡིད་མི་ཆེས། འོན་ཀྱང་། ང་རང་ནོར་སོང་། ཉིན་གསུམ་འགོར་རྗེས། ངའི་བཙལ་འཚོལ་ལ་དམིགས་འབེན་ཅི་ཡང་མེད་དུས། ང་ཚོའི་གྲོང་པ་ཞིག་གིས་ངའི་ཨ་མ་ཁྲིད་ནས་བསླེབས་བྱུང་། “ངས་ཁྱོད་ཀྱི་ཨ་མའི་ནད་གཞི་ཤེས་ཡོད། ཁོ་མོ་གཅིག་པུ་གྲོང་ཚོའི་ལུང་ཁུག་གི་ཞབས་བྲོ་སྦྱངས་སའི་དོ་ར་རུ་ཡོད་པ་མཐོང་དུས། ངས་ཁོ་མོའི་ནད་རྙིང་འཕར་བ་ཤེས་སོང་། ལྟོས་དང་། ངས་ཁོ་མོ་བསྐྱལ་ནས་འོངས་བ་མིན་ནམ། "“ངོ་མ་བཀའ་དྲིན་ཆེ། "ངས་ཁོའི་ལག་པ་བཟུང་ནས་ཡང་ཡང་གཡུགས། “ཆོག་གི ཆོག་གི སྤུན་ཟླ། མི་སུ་ཞིག་ཡིན་ཡང་འདི་ལྟར་སྒྲུབ་ངེས་ཡིན། ད་ང་འགྲོ་རྒྱུ་ཡིན" ཁོས་རང་གི་ལག་པ་ངའི་ལག་པའི་ནང་ནས་ཕྱུངས་རྗེས། ལན་འགར་གཡུགས་ནས་བདེ་མོ་བཞག དེའི་རྗེས་ཀྱི་ཉིན་འགའི་ནང་། ཨ་མ་གློ་བུར་དུ་རྣམ་རིག་གསལ་བར་གྱུར། ཁོ་མོ་འཁྲི་ཤིང་གི་རྐུབ་བཀྱག་སྟེང་ཙོག་ནས་ང་རང་ཕར་འགྲོ་བར་འབོད། ང་རང་ས་སྟེང་དུ་ལངས་མ་ཙོག་གིས་མགོ་བོ་ཁོ་མོའི་པུས་མོའི་སྟེང་བཞག ཁོ་མོས་ངའི་མགོ་བོར་རེག་བྱུང་ལ། མཚམས་ལ་རེར་མཛུབ་མོ་ངའི་སྐྲ་གསེང་ན་རྒྱུ། 

     ཁོ་མོས་བཤད་རྒྱུར། “ཁྱོད་ཀྱི་ཨ་ཕས་དུས་རྒྱུན་དུ་གལ་ཏེ་མིའི་རིགས་ཀྱི་ངུ་སྐད་དང་པོ་ནི་གླུ་ལེན་པ་ཡིན་ཚེ། དེ་ན་ཨ་མའི་མངལ་ནང་གི་རྡོག་བྲོ་ནི་ཞབས་བྲོ་ཡིན་པ་གདོན་མི་ཟ། ཡང་གཅིག་བཤད་ན། ཞབས་བྲོ་ནི་གླུ་གཞས་ལས་སྔ་ཞེས་བཤད་མྱོང"ཟེར།

     དེར་མཐུད་ནས་ཡང་ཁོ་མོས་བཤད་རྒྱུར། “བུ། ཁྱོད་ནི་སྐྱ་མདའ་ཤར་དུས་སྐྱེས་པ་ཡིན། ནམ་མཁས་ཉ་ཡི་ལྟོ་བའི་ཐིག་ལེ་དཀར་པོ་དང་འདྲ་བ་དེ་ངོམ་སོ་བྱེད་དུས། ཟངས་དམར་མདོག་གི་བྱིས་པ་ཞིག་མི་ཡུལ་དུ་བསླེབས། སྐྱེས་རོགས་བྱེད་མཁན་གྱི་བུད་མེད་ཀྱིས་བསྟུད་མར་ཐེངས་གསུམ་ལ་བཀྲ་ཤིས་པའི་རྟགས་མཚན་ཤར་སོང་ཟེར། ཁྱོད་ཀྱི་ངུ་སྐད་དང་པོ་ནི་གསལ་ཞིང་དག་ལ་སྙན་འཇེབས་ལྡན། ཁྱོད་ཀྱི་ཨ་ཕ་དགའ་ནས་ར་སྐོར་ནང་བྲོ་རྒན་མ་འཁྲབ་བྱུང་། ལོ་འདི་འདྲ་མང་པོ་འགོར་ཡང་། བྲོ་རྒན་མ་ནི་མི་རབས་རེ་རེར་བརྒྱུད་བཞིན་འདུག ངའི་རེ་བ་ཡིན་ན་ཁྱོད་ཀྱིས་ཨ་ཕའི་རེ་བ་སྟོང་ཟད་དུ་མི་གཏོང་བར་མ་ཟད། ཁྱོད་བསྐྱེད་བསྲིང་བྱེད་མཁན་གྱི་མི་དེ་དག་གི་རེ་བའང་སྟོང་ཟད་དུ་གཏོང་མི་རུང"ཟེར།

     བཤད་ཚར་རྗེས། ཁོ་མོས་ང་ལ་བལྟས་ནས་དགོད་ཙམ་བྱེད། ཁ་ནང་དུ་སོ་འགའ་ལས་ལྷག་མི་འདུག

     ང་རང་ཡར་ལངས་ནས"ཨ་མ། ང་རང་ལས་ཚོགས་སུ་འགྲོ་རྒྱུ་ཡིན"ཞེས་བཤད།

     ཁོ་མོ"དེ་ལྟར་བྱས"ཟེར།

     ངས་བདེ་གཤེགས་ལྷ་མོའི་ལག་པར་འཇུས་ཏེ། ལམ་གང་བོར་སེམས་པ་ལྗིད་ཏིག་ཏིག་ཏུ་གྱུར། སེམས་ནས་ཨ་མ་ཁྱད་མཚར་ཞིག་ཆགས་འདུག རྣམ་རིག་གསལ་དྲགས་འདུག་སྙམ་བྱུང་།

     ལས་ཚོགས་གྲོལ་རྗེས། ངས་སྒོ་ཕྱེ་ནས་ཁྱིམ་དུ་འཛུལ་བ་ན། ཨ་མ་འཁྲི་ཤིང་གི་རྐུབ་བཀྱག་དེའི་གཏིང་རུམ་དུ་ལྷུང་འདུག་པ་མཐོངབྱུང་། 

     པུས་མོའི་སྟེང་དུ་ཨ་ཕའི་ཕྱུ་པ་དམར་པོ་དང་དོར་མ་དཀར་པོ་དེ་བཞག་འདུག  ཁོ་མོའི་ལག་པས་ཕྱུ་པ་དམར་པོའི་ཕུ་ཐུང་ལ་འཇུས་འདུག ཁོ་མོའི་གདོང་གི་རྣམ་འགྱུར་ནི་ཧ་ཅང་བག་ཕེབས་པ་ཞིག་ཡིན་པས། ངས་ཀྱང་ཁོ་མོ་གཉིད་ཁུགས་པ་རེད་བསམ་སྟེ། ཁ་གཏད་ཀྱི་རྐུབ་བཀྱག་སྟེང་ཙོག་ནས་ཁོ་མོ་སད་པར་སྒུག འདི་འདྲའི་བག་ཕེབས་པའི་གཉིད་སྐྱིད་པོ་ཞིག་ངས་དཀྲོག་མི་འདོད། ངའི་ཨ་མ་འཁྲི་ཤིང་གི་རྐུབ་བཀྱག་དེའི་སྟེང་ནས་ཕྱི་མའི་ཡུལ་དུ་བཞུད་ཟིན། ངའི་མིག་ཆུ་ནི་ཤྭ་འོད་བརྡོལ་བ་བཞིན་བཞུར་ཏེ། ངའི་བྲང་གཞུང་བརླན་ཅིང་། བསྟུད་མར་ཨ་མ་ཞེས་ལན་འགར་བོས་ཀྱང་། ཁོ་མོས་ང་ལ་ཁ་ཡ་གཏན་ནས་མི་བྱེད། ད་ལྟ། སྨན་པ་གཙོ་བོས་དངོས་སྦྱོང་སྨན་པ་འགའ་ཁྲིད་ནས་ཞིབ་བཤེར་བྱེད་དུ་བསླེབས་བྱུང་། ཁོས་ནད་གཡོག་མར་ནད་པའི་གནས་ཚུལ་དྲིས་བྱུང་ལ། གདོང་ཡོངས་སུ་བྲེལ་སྔངས་ཀྱིས་ཁེངས་འདུག ངའི་བུ་མོ་བདེ་གཤེགས་ལྷ་མོའི་མིག་ནི་ངུས་ནས་སྐྲང་ཞིང་དམར་པོར་གྱུར་འདུག ཁོ་མོས་གློ་བུར་དུ་ངའི་མིག་མཐར་མཆི་མ་རྡོག་གཅིག་ཡོད་པ་མཐོང་ལ། དེ་ཉིད་འོད་ཆེམ་ཆེམ་བྱེད་ཅིང་། ནད་གཡོག་མ་ལོ་ཆུང་ཞིག་གིས་ལག་ཕྱིས་ཞིག་བཟུང་ནས་མིག་ཆུ་དེ་ཕྱིས་སོང་། སྨན་པ་གཙོ་བོ་ཕྱིན་རྗེས། ནད་ཁང་ནང་གི་ལྷིང་འཇགས་སླར་སོས་བྱུང་། བདེ་གཤེགས་ལྷ་མོས་ཐུག་འཕྲད་ཁུལ་དུ་མཚམས་མི་ཆད་པར་དབུགས་རིང་གཏོང་། འེ་་་་་་དབུགས་རིང་གཏོང་དགོས་དོན་ཡོད་དམ། དམངས་སྲིད་ཅུས་ཀྱི་ལས་བྱེད་པ་ཞིག་ཡིན་ཡང་། བྱིས་པ་ཞིག་དང་འདྲ་བར་ད་དུང་ང་ལ་སེམས་ཚེགས་བྱེད་དུ་འཇུག ངས་མིག་ཟུང་དམ་པོར་བཙུམས་ཤིང་ངོ་གདོང་དུ་རྣམ་འགྱུར་ཅི་ཡང་མེད། དུས་འདིར། ཅུས་ཀྲང་བཀྲ་ཁོ་བསླེབས་བྱུང་། ཁོས་བདེ་གཤེགས་ལྷ་མོའི་སྐྲང་ཞིང་དམར་བའི་མིག་ཟུང་མཐོང་རྗེས། སེམས་ཁུར་དང་བཅས། “ཁྱོད་ཀྱིས་ཀྱང་ངལ་གསོས་ན་འགྲིག ཁྱོད་ཀྱི་ཨ་ཕའི་དགེ་ཕྲུག་གཡའ་མ་དེ་རིང་བསླེབས་ངེས་ལ། ཕྱི་དྲོ་ཁོ་རང་ཁོའི་རྒན་ལགས་ལ་བལྟ་རུ་ཡོང་སྲིད།" འོ། ངའི་གྲོགས་པོ་དགའ་བོ་བཀྲ་ཁོ། ངས་མིག་ཟུང་དམ་པོར་བཙུམས་ནས། ཐེངས་གང་མང་ཞིག་ལ་ངེད་གཉིས་ཀྱིས་མཉམ་དུ་སྐྱིད་སྡུག་མཉམ་མྱོང་བྱས་པ་དྲན། ཁྱོད་ཀྱིས་རིག་གནས་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་བའི་ལོ་གཉིས་པར། བྲོ་རྒན་མ་རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་ཚུད་ཅིང་། ང་ལའང་བྲོ་རྒན་མའི་རྒྱུན་འཛིན་པའི་མཚན་སྙན་ཐོབ། ལོ་དེ་དག་ལ། དངོས་གནས་ངོ་སོ་ཆེ་ཨང་། ང་ཚོ་བྲོ་རྒན་མའི་ཞབས་བྲོ་རུ་ཁག་སྔ་ཕྱིར་པེ་ཅིན་དང་ཧྲང་ཧེ། ཧྲིན་ཀྲིན་སོགས་སུ་སོང་ནས་འཁྲབ་སྟོན་བྱས། འཁྲབ་སྟོན་བྱེད་ཐེངས་རེ་རེར་འཁྲབ་ར་མིས་བཀང་ཞིང་ཐལ་མོ་བརྡབ་སྒྲ་ནི་འབྲུག་སྟོང་ལྡིར་བ་ལྟར་རེད། དེ་དག་ལས་ཀྱང་ང་རང་ཆེས་དགའ་བ་ནི་ཡཱང་ལིས་ཕིང་དགེ་རྒན་ལ་མཇལ་ཐུབ་པ་དེ་རེད། འེ་་་་འདི་ནི་དབུགས་རིང་གཏོང་བ་མིན་པར་བསམ་ཐོག་ལ་མ་ཡོང་བའི་ཕྱིར་ཡིན། ངས་བདེ་གཤེགས་ལྷ་མོར་ཡང་བྲོ་རྒན་མ་སྦྱང་དུ་འཇུག་འདོད་ཡོད་མོད། ཁོ་མོར་སྦྱང་འདོད་མི་འདུག ཁོ་མོ་ཀོ་རེ་ཡའི་བརྙན་འཕྲིན་ཟློས་གར་ལ་མ་གཏོགས་གཞན་གང་ལའང་སྤྲོ་བ་མི་འདུག རྗེས་སུ། ཁྱོད་ཀྱིས་སྣེ་ཁྲིད་ནས། ང་ཚོའི་བྲོ་རྒན་མའི་ཞབས་བྲོ་རུ་ཁག་ཡང་ཨ་མེ་རི་ཁར་འཁྲབ་སྟོན་བྱེད་དུ་སོང་། མོ་རི་ཐིའུ་སི་ཁེ་ལི་ཨའོ་མིའི་སྲོལ་རྒྱུན་ཞབས་བྲོ་རུ་ཁག་དང་མཉམ་དུ་གར་སྟེགས་གཅིག་གི་སྟེང་ནས་འཁྲབ་སྟོན་བྱས་ལ། འཁྲབ་སྟོན་ལའང་སྔར་དང་འདྲ་བར་རྒྱལ་ཁ་ཆེན་པོ་ལོན། ལྟོས་དང་། ངེད་ཚང་གི་གྱང་ངོས་སུ་ང་དང་སེ་ཁའི་བྲོ་འཁྲབ་མཁན་གྱི་མི་རྒྱུད་ནག་པོ་ཞིག་གི་མཉམ་པར་བཀལ་ཡོད། ངས་ཐག་རིང་དུ་བལྟས་པ་ན། ཕ་ཡུལ་གྱི་ལུང་ཁུག་གི་ཞབས་བྲོ་སྦྱངས་སའི་དོ་ར་འཇམ་འཁྱུག་གེར་ཡོད་པ་དེ་མཐོང་བྱུང་། ཁོ་སྟེ། གྲུང་ཤ་དོད་པའི་ཉམས་འགྱུར་དེས་ཁེ་ལི་ཨའོ་མིའི་སྙིང་སྟོབས་མཚོན་འདུག ཕྱི་དྲོར། གཡའ་མ་བསླེབས་བྱུང་། ཁོ་ནི་བྱིས་པ་ཞིག་དང་འདྲ་བར། ཐུག་འཕྲད་ཁུལ་གྱི་རྐུབ་བཀྱག་དེའི་སྟེང་ཙོག་ནས། ལག་པ་སྐྲ་གསེང་དུ་གསེབ་ནས་ངུ་ཤུབ་བརྒྱབ་བྱུང་། ཁོའི་མིག་ཆུ་ས་སྟེང་དུ་ལྷུང་བ་དང་། སྣ་ཆུ་ནི་སྦྱར་ཆུའི་དམ་བུའི་ནང་གི་སྦྱར་ཆུ་ཕྱི་རུ་བླུག་པ་དང་འདྲ། དེའི་མུར། ཁོས་སྣ་ཤུགས་ཀྱིས་འཇིབ་པ་ན། སྣ་ཆུ་སླར་ཡང་ཁོའི་སྣ་ཁུང་དུ་འཛུལ། ཁོས་བདེ་གཤེགས་ལྷ་མོས་ཚུར་བསྲིངས་པའི་ལག་ཕྱིས་དེ་བླངས། ལག་ཕྱིས་དེའི་སྟེང་ཙོང་སྒོག་གི་དྲི་མ་སྟུག་པོ་ཞིག་འཐིབས་འདུག ཁོས་མིག་ཆུ་ཕྱིས་རྗེས། ཡང་ལག་ཕྱིས་དེས་སྣ་ཤུགས་ཀྱིས་བུས། ངའི་དགེ་ཕྲུག་ཆུང་བ་གཡའ་མ་ལགས། ཁྱོད་ཀྱིས་ང་ལ་སེམས་ཁྲལ་གནང་མི་དགོས། ང་ཕྱི་མའི་ཡུལ་དུ་སོང་རུང་། ད་དུང་ཁྱོད་ཡོད་པ་མིན་ནམ། “རྒན་ལགས། ཁྱོད་རང་འགྲོ་མི་རུང་ཡ་་་་་་" གཡའ་མས་ཆིག་ལབ་བརྒྱབ། “ཁྱོད་ཀྱིས་ང་དང་མཉམ་དུ་རྒྱུན་ཆད་པའི་བྲོ་རྒན་མའི་གར་སྟབས་དེ་དམངས་ཁྲོད་ནས་བསྔོགས་འདོན་བྱེད་པར་ཁས་བླངས་ཡོད་པ་མིན་ནམ། ཁྱོད་ཀྱིས་ལས་ཀ་མཐའ་འཁྱོལ་བར་བྱས་ན། འགའ་ཞིག་ཉམས་པ་སོར་ཆུད་ཡོང་བར་ཡིད་ཆེས་ཡོད་ཟེར་བ་མིན་ནམ།" འོན་ཀྱང་། གཡའ་མ་ལགས། ངས་མིག་ཟུང་དང་ཁ་དམ་པོར་བཙུམས་ནས། ཕུང་བོ་དེ་དྲན་ཤེས་ཀྱི་ཁྲོད་ན་ཡལ་འགྲོ་ལ། དྲན་ཤེས་ནི་རྒྱུན་མི་ཆད་པར་རྒྱ་ཇེ་ཆེར་གྱུར། ངས་ཤེས་ཡོད་དེ། ཁྱོད་ཀྱི་དགེ་སྤུན་གྲགས་པ་ཐེངས་སྔོན་མར་ང་ལ་ལྟ་རུ་བསླེབས་བྱུང་། ལ་རྒྱ་མེད་པའི་མི་དེས། ངས་ཁོར་ཇི་ལྟར་བཤད་ན་འགྲིག་གམ། གལ་ཏེ་ཅུས་ཀྲང་བཀྲ་ཁོས་ང་ལ་གང་ཐུབ་ཀྱིས་ཁ་ཏ་བྱས་པ་མིན་ཚེ། ངས་ཁྱོད་གཉིས་དགེ་ཕྲུག་ཏུ་བསྡུ་མི་སྲིད། ངོ་མ་བཙོག་པ་ལ། གྲགས་པས་ནང་མ་ཁང་བཙུགས་ཚུན་དུ། བྲོ་རྒན་མའི་ཞབས་བྲོ་རུ་ཁག་ནས་བུད་སོང་། རྒྱུ་རྐྱེན་དེས་ཁྱོད་རང་ནང་དུ་ཞུགས་བཅུག་པ་སྨོས་མེད་རེད། ངས་མིག་ཟུང་དམ་པོར་བཙུམས་ནས་ཡང་བསྐྱར་ཁོ་མཐོང་བྱུང་། རེད་ཡ། ཉིན་དེའི་དོན་དག་ཡང་བསྐྱར་ཡིད་ངོས་སུ་ཤར་བྱུང་། གྲགས་པས་སྒོར་མོ་བརྩེགས་པ་ཞིག་ཁྱེར་ནས་ང་བཙལ་དུ་བསླེབས་བྱུང་། ཁོས་མིག་ཤེལ་ནག་པོ་ཞིག་བརྒྱབ་ནས། གཡོན་ལག་གི་དཀྱིལ་མཛུབ་སྟེང་གྱོན་པའི་རྟ་སྒའི་དབྱིབས་ཀྱི་གསེར་གྱི་མཛུབ་དཀྲིས་ལས་རྒྱུ་ཆེན་གྱི་འོད་ཞིག་འཕྲོ་བཞིན་འདུག ལྟོས་དང་། ཁོ་ནང་དུ་འཛུལ་བ་དང་ངའི་སྐེ་ལ་ཁ་བཏགས་ཅིག་གཡོགས་པས། ང་རང་ཏབ་ཅིག་ལ་སྣང་བ་སྐྱིད་པོར་བཏང་། ཁོས“རྒན་ལགས། དགེ་ཕྲུག་ང་བྲོ་རྒན་མའི་ཞབས་བྲོ་རུ་ཁག་ལས་བུད་རུང་། ངའི་སེམས་པ་ནི་ད་དུང་བྲོ་རྒན་མ་དང་འབྲེལ་ཡོད་དེ། དུས་ད་ལྟ་ཡང་ཁྱེད་རང་ངའི་དེ་རུ་འཁྲབ་སྟོན་གནང་བར་གདན་འདྲེན་ཞུ་རུ་འོངས་བ་མིན་ནམ"ཟེར། བཤད་ཚར་རྗེས། གྲགས་པས་ཁ་ཤར་ལྕེ་ལྡག་ཅིག་བྱས། རྣམ་པ་ཚོ། ཁོས་ཅུང་མིན་ན་ངའི་བློ་ཁ་བསྒྱུར་བྱུང་། ཡིན་ནའང་ངས་ཞབས་བྲོ་རུ་ཁག་མིན་པར་ང་རང་གཅིག་པུས་སྐུ་མགྲོན་ཆེན་པོའི་ཚོམས་ཆེན་ནས་བུད་མེད་སྦྱིན་བདག་དེ་ལ་རྐྱང་བྲོ་འཁྲབ་དགོས་པ་ཤེས་དུས་དང་ལེན་མ་བྱས། “རྒན་ལགས། དེ་ལྟར་བྱེད་ག་ལ་རུང་། སུ་ལ་འཁྲབ་སྟོན་བྱས་རུང་ཅི་དྲག སྦྱིན་བདག་གིས་ང་ནི་ཁྱོད་ཀྱི་དགེ་ཕྲུག་ཆེ་བ་ཡིན་པས། ཁྱེད་རང་གདན་འདྲེན་ཞུ་ཐུབ་ངེས་རེད་ཟེར་ལ། ད་རུང་སྒོར་མོ་བསྣན་ཆོག"ཟེར། གྲགས་པས་བཤད་ཀྱིན་བཤད་ཀྱིན་ཚད་ལས་བརྒལ་སོང་། ང་རང་ཁོང་ཁྲོས་རང་གི་སེམས་འགྱུ་ལ་ཚོད་འཛིན་བྱེད་མ་ཐུབ། ངས་ཁོ་རང་སྒོ་ཕྱི་རུ་བསྐྲད། 

     སྨན་པ་གཙོ་བོ་ལས་ཚོགས་མ་གྲོལ་སྔོན་དུ་ཡང་བསྐྱར་བསླེབས་བྱུང་། ཁོས་ལག་སྒྲོན་བཟུང་ནས་ངའི་མིག་གི་རྒྱལ་མོར་བཀར་ཙམ་བྱས། དེར་མཐུད་ནས། ལག་པ་སྨན་གོས་དཀར་པོའི་བློ་ཁུག་ཏུ་བཅུག་ནས། དབྱང་དབུགས་དམ་བེའི་མདུན་དུ་ལངས་ཏེ། གློ་བུར་བར་ཉམས་འགྱུར་གཟབ་ནན་དུ་གྱུར། 

     ཁོ་ཐུག་འཕྲད་ཁུལ་དུ་ཡོང་ནས་གཡའ་མར་ཟེར་དོན།“བདེ་གཤེགས་ལྷ་མོ་གང་ན་ཡོད" ཟེར།

     གཡའ་མས"ངས་ཁོ་མོ་ཁྱིམ་དུ་ལོག་བཅུག་པ་ཡིན"ཟེར།

     སྨན་པ་གཙོ་བོས"ད་དུང་དུས་ཡུན་ག་འདྲ་ཞིག་ལ་དྲན་པ་ཐོར་ནས་འདུག་དགོས་པ་མི་ཤེས"ཟེར། 

     སྨན་ཁང་གི་ཁྱམས་རར་ཡོད་པ་ནི་ཁོའི་གོམ་སྒྲ་རིང་པོ་དེ་ཡིན།

     ངས་ཡང་བསྐྱར་རང་ཉིད་ཀྱིས་བྲོ་རྒན་མ་འཁྲབ་བཞིན་པ་མཐོང་། ཐེངས་འདིར་ལུང་ཁུག་གི་འཇམ་ཐིང་ངེར་ཡོད་པའི་ཞབས་བྲོ་སྦྱངས་སའི་དོ་ར་དེ་མིན་པར། ནས་ཞིང་གི་དཀྱིལ་དུ་ཡིན། དུས་དེར། ང་ནི་ཇི་འདྲའི་ལོ་ན་གཞོན་ཨང་། ལོ་སུམ་ཅུ་སོ་གཅིག ང་ཚོ་གྲོང་ཚོའི་བྲོ་རྒན་མའི་ཞབས་བྲོ་རུ་ཁག་གི་ནང་ཞུགས་མ་ཐག་ཡིན། ངས་ཟོར་བ་བཟུང་ནས་ཧྲག་ཧྲག་གི་སྒྲ་དང་བཅས་ནས་ཞིང་གི་དཀྱིལ་ནས་སྒོར་དབྱིབས་ཀྱི་དོ་ར་ཞིག་བྲེག ནས་ཀྱི་ཚར་མ་རྣམས་རེ་རེར་བཞིན་གྲལ་འགྲིག་པོའི་ངང་གནས་གཅིག་ཏུ་སྒྲིག་ཡོད། སྒོར་མོ་དེ་ཇེ་ཆེ་ནས་ཇེ་ཆེར་གྱུར། རྗེས་སུ། ངས་ཁོག་སྟོད་རྗེན་པར་བཏོན་ཞིང་ཕྱུ་པའི་ཕུ་ཐུང་སྐེད་པར་བཅིངས། དོ་ར་འདིས་ངའི་བྲོ་རྒན་མ་འཁྲབ་པའི་འདོད་པ་དེ་བསླུས་བྱུང་། དེ་ན་འཁྲབ་འཇོག ངས་གླུ་ཚིག་སྙན་མོ་བཤད་བཞིན་ག་ལེར་འཁྲབ་མགོ་བརྩམས། དུས་འདི་འདྲར། དཀྱིལ་ནས་འཁྲབ་པའམ་ཡང་ན་མཇུག་ནས་འཁྲབ་རྒྱུ་ནི་ངའི་རང་དབང་ཡིན། དལ་མོར། རྐང་འོག་གི་ནས་ཀྱི་སོག་མས་སག་སག་གི་སྒྲ་གྲགས་བྱུང་། མགྱོགས་པོར། བརླན་ཞིང་མཉེན་པའི་ཞིང་ས་རུ་ངའི་རྐང་རྗེས་བབས་བྱུང་། རྗེས་སུ་མི་ཇེ་མང་ནས་ཇེ་མང་དུ་གྱུར། གྲོང་པ་རྣམས་ཀྱིས་ང་ལ་འབྲེག་རོགས་བྱས། སྒོར་དབྱིབས་ཀྱི་དོ་ར་དེ་ཇེ་ཆེ་ནས་ཇེ་ཆེར་གྱུར་ལ། ནས་ཀྱི་ཚར་མའི་ཕུང་བོ་ཇེ་མཐོ་ནས་ཇེ་མཐོར་གྱུར། འབྲི་གཡག་ལ་ནས་ཀྱི་ཚར་མ་མང་པོ་བཀལ་ནས་འགྲོ་བའི་མི་དེ་དག་གིས་འབྲི་གཡག་རྣམས་བཀག་ནས་ང་ལ་བལྟས་འདུག “ཏདྱཐཱ། ཨོཾགཏེགཏེཔཱརསཾགཏེབོངྷིསྭཧཱ་་་་་་་་"བུད་མེད་ཞིག་གི་ཁ་བཏོན་འདོན་པའི་སྐད་གློ་བུར་དུ་འཁྱིལ་བྱུང་། ཁོ་མོས་ངའི་མཐོང་ལམ་མཚམས་འདི་ནས་ཆད་དུ་བཅུག ཁོ་མོ་བསླེབས་བྱུང་། ནོར་མི་འདུག ཁོ་མོ་རེད། བཙུན་མ་རྒན་པ་ཟླ་དཀར་སྒྲོལ་མ་རེད། ཐུག་འཕྲད་ཁུལ་གྱི་ཤེལ་སྒོ་དེས་བར་བཅད་ཡོད་ཀྱང་། ངའི་དྲན་ཤེས་ཀྱིས་ཁོ་མོའི་སྐད་ཆ་ཚོར་ཐུབ། ཁོ་མོས་ལག་པས་ཕྲེང་བ་བགྲང་བཞིན། ཁ་ནས་ཁ་བཏོན་འདོན་པར་བྱེད། ཁ་བཏོན་འདོན་པའི་སྐད་དེ་ནི་ངའི་དྲན་ཤེས་སུ་ཆུ་མིག་བཞིན་ལྷུང་ལྷུང་དུ་བབས་བྱུང་། ངས་མིག་ཟུང་དམ་པོར་བཙུམས་ཡོད་ཀྱང་མཐོང་ཐུབ་སོང་། ཁོ་མོའི་མིག་མཐར་མཆི་མ་རྡོག་གཅིག་བཀལ་འདུག ཁོ་མོས་ཁ་བཏོན་འདོན་མཚམས་བཞག་ནས་དལ་མོར་བཤད་རྒྱུར།"ངས་མི་ཚེ་འདིར་ཁྱོད་ལ་མང་པོ་ཞིག་ཆད་ཡོད། སྐྱེ་བ་རྗེས་མར་སྐྱིན་ཐུབ་མིན་མི་ཤེས"ཟེར། ངའི་བསམ་ཚུལ་ཡིན་ན་ཁྱོད་ཀྱིས་སྐྱིན་མི་དགོས། ངས་ཁྱོད་ཀྱི་ཆེད་དུ་ཅི་ཡང་སྒྲུབ་མེད། ངས་མཇུག་མཐར་བདེ་གཤེགས་ལྷ་མོ་ངའི་བུ་མོ་ངོ་མ་མིན་པ་ཤེས་རུང་། འདི་གལ་ཆེན་ཡིན་ནམ། ཁྱོད་ཀྱིས་རང་ལ་ལེ་བདའ་བྱེད་དགོས་དོན་ཅི་ཡང་མེད། གལ་སྲིད་དེ་ལྟར་ཡིན་པའི་དབང་དུ་སོང་ན། ཆོས་སྒོ་འགྲིམས་མཁན་ཞིག་དང་མ་འདྲ་བར་གྱུར་བ་རེད། ཡིན་ཡང་། བཙུན་མ་ཟླ་དཀར་སྒྲོལ་མས་ངས་སྐད་མི་ཐོན་པའི་ཆིག་ལབ་དེ་དག་གཏན་ནས་ཐོས་མི་ཐུབ།  གཡའ་མ་གསང་སྤྱོད་དུ་སོང་ནས་སླར་འབྱོར་བྱུང་། ཟླ་དཀར་སྒྲོལ་མ་ཡར་ལངས་ནས་ཕྲེང་བ་ལག་ཟུང་གི་དཀྱིལ་དུ་བཞག་ནས་ཕུར་ཕུར་བྱས་རྗེས། ཁོ་མོས་ཤེལ་སྒོའི་ཕར་ཕྱོགས་ནས་ག་ལེར་བཤད་དོན།"མི་བཟང་བོ། སྡུག་བསྔལ་ཐམས་ཅད་ལས་གྲོལ་ཏེ། བདེ་བ་ཅན་གྱི་ཞིང་ཁམས་དུ་བསླེབས་པར་སྨོན"ཟེར། དེ་ལྟར་བཤད་རྗེས་ཁོ་མོ་བུད་སོང་། ཟླ་དཀར་སྒྲོལ་མ། བཤད་པ་ངོ་མ་བཟང་། ངས་མིག་ཟུང་དམ་པོར་བཙུམས་ནས་ཁོ་མོ་སྨན་ཁང་ནས་ཐོན་པ་མཐོང་སོང་། སྨན་ཁང་གི་སྒོ་ཁར་བསླེབས་རྗེས་ཁོ་མོས་མིག་མཐའ་ཕྱིས་ཙམ་བྱས་སོང་། དེ་མུར་ཕར་འཁོར་ནས་བུད་སོང་། ནད་ཁང་སྔར་ལས་ལྷིང་འཇགས་སུ་གྱུར། གཡའ་མས་ཐུག་འཕྲད་ཁུལ་གྱི་གྱང་ངོས་སུ་བཀལ་བའི་ཆུ་ཚོད་འཁོར་ལོའི་མདའ་ཁབ་ཀྱི་ཐག་ཐག་གི་སྒྲ་ཐོས་པ་གཏན་ཁེལ་རེད། ཁོས་ཤེལ་གྱི་དྲ་མའི་ཕར་ཕྱོགས་ནས་ང་ལ་བལྟས་བྱུང་། ངའི་སྣ་ཁུང་དུ་དབྱངས་དབུགས་ཀྱི་སྦུ་གུ་བཙུགས་ཤིང་། ཁ་ནང་དུ་དབུགས་འབྱིན་རྔུབ་འཕྲུལ་ཆས་ཀྱི་སྦུ་གུ་བཙུགས་འདུག ཁོས་གློ་བུར་དུ་སྣ་ལམ་སྐྱུར་བྲེང་བྲེང་བྱེད་པ་ཚོར་ལ། དེ་མ་ཐག་མཆི་མ་རྡོག་འགའ་མིག་ཀོང་ནས་བཞུར་བྱུང་། “རྒན་ལགས། ཁྱོད་ཀྱིས་ང་བསྐྱུར་ནས་འགྲོ་མི་རུང་ཡ།" དུས་དེར། ཆུ་ཚོད་འཁོར་ལོས་ཀྱང་གཡའ་མའི་སྐད་ཆར་ཉན་འདུག “ཁྱོད་བཞུད་རྗེས། བྲོ་རྒན་མ་འཁྲབ་མ་ཐག་ཏུ་ངས་ཁྱོད་རང་དྲན་སྲིད། ཁྱོད་ཀྱིས་ང་རང་མི་ཚེ་ཧྲིལ་བོར་སྡུག་ཏུ་འཇུག་མི་རུང་ཡ།" བཤད་ཚར་རྗེས། གཡའ་མས་ཡང་བསྐྱར་ངུ་ཤུབ་བྱས་བྱུང་། གསར་བུ་དགའ་བོ། མ་ངུ་དང་། ད་མ་ངུ་། ཁྱོད་ཀྱིས་ངུ་སྐད་དེས། མ་གཞིར་གསལ་ཐིང་ཐིང་ཡིན་པའི་ངའི་དྲན་ཤེས་དེ་འཁྲུལ་དུ་བཅུག་སོང་། གལ་ཏེ་ངའི་དྲན་ཤེས་འཁྲུལ་ཚེ། ཕུང་བོ་བྲལ་ཚར་བའི་ང་ནི་ཇི་ལྟ་བུ་ཞིག་ཏུ་འགྱུར་སྲིད། འདིས་ང་རང་དངངས་འཚབ་སྐྱེས་སུ་བཅུག ཡིན་ནའང་། གཡའ་མས་རྩ་བ་ནས་འདི་དག་ལ་ཁ་ཡ་མི་བྱེད། ཁོ་མུ་མཐུད་དུ་ངུ་བཞིན་འདུག མིག་ཆུ་དང་སྣ་ཆུ་འདྲེས་བཞིན། "རྒན་ལགས། ཁྱོད་ཀྱིས་ང་ལ་མཛུབ་སྟོན་བྱེད་དགོས། དགེ་སྤུན་དང་མི་འདྲ་བར། ཁོ་ད་ལྟ་གཤོག་རྩལ་རྒྱས་འདུག ནང་མ་ཁང་ཞིག་ཕྱེ་ནས་ང་ཚོའི་བྲོ་རྒན་མ་རྐང་འོག་ཏུ་བརྫིས་བྱུང་།"རེད་ཡ། འདི་དག་ཐམས་ཅད་ངས་ཤེས་ཡོད། གྲགས་པ། ལག་ཏུ་ཁ་བཏགས་བཟུང་བའི་མི་དེ། ཁོས་ཁ་བཏགས་དཀར་པོ་དེ་རྒྱུ་ནོར་བསྡུ་ལེན་གྱི་ལག་ཆ་རུ་བྱེད་ཐུབ་ན། བྲོ་རྒན་མ་ཅིའི་ཕྱིར་ཡུལ་སྐོར་བ་འགུག་པའི་ལག་ཆ་རུ་འགྱུར་དུ་འཇུག་མི་ཐུབ། ངས་མཐོང་བྱུང་། ཁོའི་ནང་མ་ཁང་དུ་གློག་འོད་ཆེམ་ཆེམ་འཕྲོ་ཞིང་། ག་ས་ཀུན་ནས་ཡོང་བའི་ཡུལ་སྐོར་བའི་སྐེ་རུ་ཁ་བཏགས་དཔྱངས་ནས། བྲོ་རྒན་མའི་བརྗིད་ཉམས་ལ་ཐེངས་གཅིག་བལྟ་འདོད་བྱེད། ལྟོས་དང་། གྲགས་པས་སྒྲིག་འཛུགས་བྱས་པའི་མི་དྲུག་གི་བྲོ་རྒན་མའི་ཞབས་བྲོ་རུ་ཁག་གར་སྟེགས་སུ་བུད་བྱུང་། འདྲ་ཆགས་པ་ཞིག་རེད་དེ། གླུ་གཞས་དང་འགྲོགས་ནས་ཆུ་ཚོད་ཀྱི་འཁོར་ཕྱོགས་ལྟར་འཁོར་མགོ་ཚུགས། གོམ་སྟབས་དལ་མོ་ཡིན་ཡང་། ཕར་འཁོར་བའི་སྟངས་སྟབས་ལ་དར་ཁྱབ་ཆེ་བའི་སྐོར་བྲོའི་གྲུབ་ཆ་བསྣན་འདུག གཡོ་བཅོས་བྱས་པ་འདིས། གནའ་བོའི་ཞབས་བྲོ་འདི་ཚར་གཅོད་གཏོང་སྲིད། གཞས་ཚིག་དེར་ཅིག་ཉོན་དང་། ར་མིན་ལུག་མིན། བློ་འགུག་གི་ཆེད་དུ་མཁས་ཉམས་སྟོན། ངས་དངོས་གནས་སྐད་ཆེན་པོས་ཁ་རྡུང་གཏོང་འདོད། གློ་བུར་དུ། གཡའ་མས་ཡང་བསྐྱར་ཆོ་ངེ་བཏབ་བྱུང་། "རྒན་ལགས། ཁྱོད་འགྲོ་མི་རུང་ཡ། "ངའི་བུ་མོ་ཡང་བསྐྱར་བསླེབས་བྱུང་། ཁོ་མོས་ཀྱང་སྐད་ཆེན་པོས་ངུས་བྱུང་། ངས་མིག་ཟུང་དམ་པོར་བཙུམས། མཚན་མོ་ནི། ནག་འཐིབ་བེར། རྫོང་མཁར་དེའི་འོག་ཏུ་བཅུག་ཀྱང་། ཁྱོད་ཀྱིས་དེ་ལ་ཚིག་ཐག་གཅོད་མི་ཕོད། བདེ་གཤེགས་ལྷ་མོས་ངུ་ཤུམ་བྱེད་ཞོར། ཉོག་བཤད་རྒྱག་སྟེ། "ཨ་ཕ། ཁྱོད་ཀྱིས་ང་བསྐྱུར་ནས་འགྲོ་མི་རུང་ཡ། ཁྱོད་ཀྱི་ཚ་མོ་གཉིས་ཀྱིས་ད་དུང་ཁྱིམ་ན་ཁྱོད་རང་སྒུག་ཡོད།"འོ། ངའི་ཚ་མོ་ཆུང་ཆུང་གཉིས་ཀ  མུན་སེལ་དང་ལྷ་སྒྲོན། ངས་མཐོང་བྱུང་། ཁྱོད་གཉིས་ཇི་འདྲའི་གཉིད་སྐྱིད་པོ་ཞིག་ཁུགས་འདུག་ཨང་། མུན་སེལ་གྱི་མཆུ་འདབས་སུ་ད་དུང་འབྲས་རྡོག་ལྟ་བུའི་འཛུམ་ཞིག་ཕྱུང་འདུག ཁོ་མོས་ཞབས་བྲོ་འཁྲབ་པ་རྨིས་བྱུང་། ངའི་ཚ་མོ་ཆུང་ཆུང་ཡ། ཁྱོད་ཀྱི་ཕྱུ་པ་ནག་པོ་གྱོན་ནས་ཕུ་རིང་དམར་པོ་དེ་ལྷོད་ཀྱིས་གཡུགས་ཏེ། བྲོ་རྒན་མའི་གར་སྟབས་དལ་བ་ནས་མགྱོགས་པོར་བསྒྱུར་དུས། ངོ་གདོང་གི་འཛུམ་མདངས་དེ་མཁའ་དབུགས་ཀྱི་ཁྲོད་ཁ་ཕྱེ་བྱུང་། འེ། ཨ་མྱེས་ངས་ད་ནས་བཟུང་ཁྱོད་ལ་སློབ་མི་ཐུབ། ད་དུང་ལྷ་སྒྲོན། ཁྱོད་ཀྱིས་མཚན་གང་ལ་རྨི་ལམ་རྨི་མི་སྲིད། སྔུར་བ་ཆུང་ཆུང་དེ་ནི་མཚམས་ཚིགས་ཡོད་པས་མཐོང་ཆུང་བྱེད་མི་རུང་། ཁང་པའི་ནང་ནག་ཐིང་ཐིང་བྱེད་དེ། ངས་བྱ་དགའི་ལག་ཁྱེར་དེ་དག་དང་བྲོ་རྒན་མའི་རྒྱུན་འཛིན་པའི་ལག་ཁྱེར་དེ་དག་དྲན་ནས་མི་བཟོད། ད་དུས་ག་འདྲ་ཞིག་ལ་བསླེབས་འདུག ད་བཞག་ན་འགྲིག་སོང་། 

     ནད་གཡོག་མས་ཡང་བསྐྱར་འཇིབ་ཆས་བཟུང་ནས་ངའི་ཁ་ནང་གི་ལུད་པ་འཇིབ་པ་དང་། ང་ལ་སྨན་ཁབ་བརྒྱབ།

     ལྟ་སྐྱོང་ཁང་དུ། ངའི་ལུས་སྟེང་གི་སྦུ་གུ་ནི་ཟང་ངེ་ཟིང་ངེར་སྣང་། 

     ངས་མིག་ཟུང་དམ་པོར་བཙུམས་ཏེ། ཨ་ཕ་དང་ཨ་མ་གཉིས་ཀྱིས་ལག་གདང་སྦྲེལ་ནས་གྲོང་ཚོའི་འཇམ་ཐིང་ངེར་ཡོད་པའི་ཞབས་བྲོ་སྦྱང་སའི་དོ་ར་དེ་རུ་ང་ལ་ལག་གཡུག་བྱེད་ཀྱིན་འདུག ནམ་མཁའི་སྐར་འོད་ཡོད་ཚད་ངེད་ཚང་གི་སྒོ་ར་གོག་ཏོ་དེ་རུ་ལྷུང་འདུག ང་ནི་ཇི་འདྲའི་སླ་མོ་ཞིག་མ་རེད་ཨང་། ལུས་སྟེང་དུ་ཞབས་བྲོའི་ཆ་ལུགས་ཅི་ཡང་སྤྲས་མེད། ངས་ལག་ཟུང་བརྐྱངས། ངས་རྐང་པ་བཀྱགས་ནས་འབྲོང་ཆུང་དར་མ་ཞིག་དང་འདྲ་བའི་གོམ་པ་རྒྱག་བཞིན། སེམས་ངོར་ཆེས་མཛེས་པའི་གླུ་ཚིག་དེ་དག་ཡང་བསྐྱར་མངོན་བྱུང་བས། ངས་ཡང་བསྐྱར་གནའ་བོའི་བྲོ་རྒན་མ་འཁྲབ།

     དུས་འདིར། སྙིང་གློག་ལྟ་སྐྱོང་འཕྲུལ་ཆས་ཀྱིས་ཏུའུ་ཏུའུ་ཏུའུ་ཡི་ཉེན་བརྡ་བཏང་བྱུང་། ལྟ་སྐྱོང་འཕྲུལ་ཆས་སྟེང་ངའི་སྙིང་གི་ལྡིང་ཚད་ཀླད་ཀོར་དུ་གྱུར། ནད་གཡོག་མས་གོ་རིམ་ལྡན་པའི་ངང་སྨན་པ་གཙོ་བོར་རམ་འདེགས་བྱས་ནས་གློག་རྡེབ་སྙིང་གི་འདར་སེལ་དཔྱད་ཆས་བཀོལ་སྤྱོད་བྱེད། ཡིན་ཡང་དུས་ཚོད་བསླེབས་ཟིན་པས། ཡོད་ཚད་ནི་དེ་འདྲའི་གསལ་གསལ་ཐིང་ཐིང་། དངོས་དངོས་རྗེན་རྗེན་རེད་ཨང་། སྐར་མ་བཅོ་ལྔའི་རྗེས་སུ་ང་རང་ཕྱི་མའི་ཡུལ་དུ་འགྲོ་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།