སློབ་མ་སྐྱོང་བའི་མན་ངག་རིག་པའི་ཉིང་བཅུད་ཅེས་བྱ་བ།
འདི་ཕྱི་གཉིས་ཀྱི་ཕན་བདེའི་གཞི།།
སངས་རྒྱས་ལས་ལྷག་བཀའ་དྲིན་ཅན།།
བླ་མ་རྣམས་ལ་གུས་པས་འདུད།།
ཆོས་སྲིད་ལེགས་ཚོགས་འཕེལ་བའི་གཞི།།
ཆོས་དང་འཇིག་རྟེན་གཉིས་ཀྱི་ལམ།།
སྐྱེས་བུ་དམ་པ་རྣམས་ཀྱི་སྲོག།
ཐོས་པ་ཡིན་གྱི་གཞན་ན་གང་།།
རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱང་།།
སློབ་མ་སྐྱོང་ཕྱིར་བྱོན་པ་སྟེ།།
ཉན་ཐོས་རང་རྒྱལ་བྱང་སེམས་ཀྱང་།།
བླ་མར་བསྟེན་ལས་བྱུང་བ་ཡིན།།
བཤེས་ལ་བསྟེན་པ་བསྟེན་པའི་མཆོག།
སློབ་མ་སྐྱོང་བ་ལས་ཀྱི་མཆོག།
སློབ་གཉེར་བྱེད་པ་བྱ་བའི་མཆོག།
སེམས་ལ་ཕན་པ་ཆོས་ཀྱི་མཆོག།
སློབ་མ་སྐྱོང་བར་འདོད་པ་ལ།།
ཚུལ་དང་མཐུན་པའི་སྤྱོད་པ་གཙོ།།
དྲི་མ་མེད་པའི་རྣམ་དཔྱོད་གཙོ།།
སླད་དང་བྲལ་བའི་ལྷག་བསམ་གཙོ།།
ཕྱོགས་རིས་མེད་པར་ཀུན་ལ་བྱམས།།
ཉེ་རིང་མེད་པར་ཕན་སེམས་བསྐྱེད།།
ངལ་བ་མེད་པར་ཡང་ཡང་འཆད།།
དེ་ལ་སློབ་མ་དམ་པ་འབྱུང་།།
དང་པོར་སློབ་མའི་སྤོབས་པ་བསྐྱེད།།
བར་དུ་སློབ་མའི་བརྩོན་པ་བསྐྱེད།།
ཐ་མར་སློབ་མའི་ཀུན་སྤྱོད་བསྐྱེད།།
ཀུན་ཏུ་སློབ་མའི་བློ་གྲོས་བསྐྱེད།།
རྒྱུས་མེད་སློབ་མ་སྐྱོང་བ་དེ།།
སྨུག་པའི་ནང་དུ་གླུ་ལེན་འདྲ།།
སློབ་མ་བོར་ནས་སྐྱོང་བ་དེ།།
མུན་པའི་ནང་ནས་རྡོ་འཕེན་འདྲ།།
སློབ་མ་དམན་ཡང་བསྟོད་པ་དགོས།།
སློབ་མ་བཟང་ཡང་སྐུལ་བ་དགོས།།
མཆོག་དམན་ཀུན་ལ་སྙིང་རུས་དབལ།།
རྡོ་ལ་ཨི་ཁུང་འབིག་འདྲ་དགོས།།
བྱམས་པས་སྐྱོང་བའི་ཞི་བ་དགོས།།
བག་མེད་གཅུན་པའི་དྲག་པོ་དགོས།།
ཞི་དྲག་ཐབས་ལམ་གང་ལ་འང་།།
སློབ་མར་ཕན་འདོད་བསམ་པ་དགོས།།
སློབ་མར་ལོག་པའི་ལམ་སྟོན་པ།།
མཛོ་སྦྲེལ་གཡང་ཁར་འགྲིམ་པ་འདྲ།།
སློབ་མར་དགེ་བའི་འཁྲིད་པ་གང་།།
ཐར་པའི་རྒྱལ་མཚན་འཛུགས་པ་འདྲ།།
ལ་ལར་བསྟོད་པས་བག་མེད་འབྱུང་།།
ལ་ལར་སྨད་པས་ཡིད་སེམས་ཕམ།།
སློབ་མའི་ཁམས་དང་སེམས་པ་བཞིན།།
གང་ལ་གང་འདུལ་ཐབས་དེ་གཅེས།།
འཆད་བྱའི་གཞུང་ལ་བརྩོན་པ་བསྟེན།།
བརྩོན་པ་ཅན་གྱིས་ལས་ཀུན་འགྲུབ།།
སློབ་མ་རྣམས་ལ་ལྷག་བསམ་བསྐྱེད།།
ལྷག་བསམ་ཅན་གྱིས་གཞན་དོན་འགྲུབ།།
མི་ཤེས་འོལ་ཚོས་ཀྱིས་འཆད་པ།།
སྨྱོན་པས་རལ་གྲི་གཡུགས་པ་འདྲ།།
དཀའ་གནད་ཐེ་ཚོམ་ཀྱིས་འཆད་པ།།
བྱིས་པ་ཐང་སྟོང་འཁྱམ་པ་འདྲ།།
དཀའ་ས་བསྐྱུར་ནས་འཆད་པ་གང།།
སོ་མེད་རྒས་པོའི་ཟོས་པ་འདྲ།།
སླ་ས་དགོས་མེད་སྤྲོས་པ་ནི།།
རྒས་མོ་ཁོམ་པའི་ཁ་བརྡ་འདྲ།།
གནད་ལ་མི་འབྱོར་འབྲེལ་མེད་པ།།
ཟང་ཟིང་བྱ་རོག་ཚང་དང་འདྲ།།
ཉན་པའི་རྒྱུད་ཚོད་མི་བསྟུན་པ།།
གླེན་མས་བུ་ཆུང་གསོ་བ་འདྲ།།
གང་ཤེས་སྤྲོས་ཏེ་འཆད་པ་ནི།།
དགོས་མེད་འབྲུག་སྟོང་སྒྲོག་པ་འདྲ།།
ཤེས་ཀྱང་གསལ་བོ་མི་འཆད་པ།།
གཡོ་སྒྱུ་ཅན་གྱི་ཚོང་པ་འདྲ།།
གནའ་བོའི་གཏམ་གྱིས་སྤྲོ་བ་སངས།།
སྤྲོ་བས་སློབ་མའི་རིག་པ་སངས།།
ཉམས་མཚར་གཏམ་གྱིས་དགའ་བ་བསྐྱེད།།
དགའ་བས་སློབ་མའི་སྤྲོ་བ་བསྐྱེད།།
ཚིག་དོན་མདུད་པ་བཀྲོལ་བས་གསལ།།
བརྗོད་བྱ་ཐེངས་འགའ་བཤད་ན་གསལ།།
གནད་དག་དཔེ་ཡིས་སྤྲོས་ན་གསལ།།
དཀའ་བ་ཡང་ཡང་འདྲིས་ན་གསལ།།
མུ་བཞིས་གསལ་བའི་རིག་པ་བསྐྱེད།།
དཔྱོད་པས་མྱུར་བའི་རིག་པ་བསྐྱེད།།
ཁྱབ་མཐས་གསལ་བའི་རིག་པ་བསྐྱེད།།
སྣ་ཚོགས་ཐབས་ཀྱིས་རིག་བསྐྱེད།།
ཚི་འཁྲི་བྱང་བས་རིག་པ་མྱུར།།
རྩ་འགྲེལ་སྦྱར་བས་གོ་བ་བསྐྱེད།།
བློ་ལ་བཟུང་བས་འདྲེས་ཆ་འོང་།།
ཡང་ཡང་བརྩད་པས་བྱང་ཆར་འགྲོ།།
དྲི་བས་སློབ་མའི་རྒྱུད་ཚོད་ཤེས།།
སློབ་མས་དྲིས་བས་དཀའ་གནད་རྙེད།།
དགེ་སློབ་དྲི་བ་དྲིས་ལན་གྱིས།།
བསླབ་བྱའི་ཕྱི་ནང་མཐའ་དག་ཤེས།།
སྒྲ་རིག་གཞུང་དོན་གོ་སླད་འཁྲིད།།
ཚད་མ་རིག་པ་བསྐྱེད་ཕྱིར་འཁྲིད།།
ནང་བསྟན་སེམས་ལ་ཕན་ཕྱིར་འཁྲིད།།
བཟོ་གསོ་གཞན་རྗེས་འཛིན་ཕྱིར་འཁྲིད།།
མཚད་ཉིད་དགག་སྒྲུབ་སྤྲོས་ཏེ་འཆད།།
གཞུང་ཆེན་རྩ་འགྲེལ་སྦྱར་ནས་འཆད།།
ལམ་རིམ་ཉམས་ལེན་སྦྱར་ཏེ་འཆད།།
བློ་སྦྱོང་ནང་ལ་བསྐོར་ནས་འཆད།།
མདོ་སྡེ་ཕུན་ཚོགས་ལྔ་ཡིས་འཆད།།
རྒྱུད་སྡེ་མཐའ་དྲུག་ཚུལ་བཞིས་འཆད།།
མདོར་ན་དམ་ཆོས་གང་འཆད་ཀྱང་།།
ཆེ་བ་གསུམ་དང་ལྡན་པས་འཆད།།
དང་པོ་དམ་པའི་ཆོས་ལ་བསྐུལ།།
བར་དུ་སྙིང་རུས་ལྕག་གིས་བསྐུལ།།
ཐ་མར་མཐའ་རུ་འབྱིན་པ་ནི།།
བཀའ་གདམས་དགེ་བཤེས་དིལ་བའི་སྲོལ།།
འཆད་པ་བདེ་ཕྱིར་དཔེ་ཡིས་སྟོན།།
དབང་རྣོན་ཆེད་དུ་གཏན་ཚིགས་འགོད།།
ཡིད་ཆེས་བསྐྱེད་ཕྱིར་ལུང་འདྲེན་བཅས།།
འཆད་པ་མཁས་གྲུབ་དག་གི་སྲོལ།།
དཀའ་བ་སླ་བོར་འཆད་ན་མཛངས།།
སླ་བ་དཀའ་བར་འཆད་ལ་གོལ།།
གང་གང་གསལ་བར་སྟོན་ནུས་པ།།
དེ་ནི་འཆད་ལ་མཁས་པ་ཡིན།།
དོན་དང་ལྡན་པའི་སྐད་ཆ་དཀོན།།
སེམས་ལ་ཕན་པའི་བསླབ་བྱ་དཀོན།།
བསླབ་བྱ་བསླབ་བྱར་འཛིན་པ་དཀོན།།
འཛིན་ཡང་སེམས་ལ་ཕན་པ་དཀོན།།
མི་ཚེར་རིག་པའི་གནས་ལ་སྦྱངས།།
ཚེ་ཕྱེད་སློབ་མ་སྐྱོང་ལ་བྲེལ།།
སྐྱོང་བའི་ཉམས་མྱོང་མི་ཤེས་ཀྱང་།།
བསམ་ཚུལ་ཙམ་ཞིག་ལྷུག་པོར་བརྗོད།།
འདི་ཡི་དགེ་བས་འགྲོ་བ་ཀུན།།
མཚན་ལྡན་བླ་མར་མཇལ་བ་དང་།།
ཐོས་བསམ་སྒོམ་གསུམ་ཚུལ་བཞིན་དུ།།
བྱས་ནས་དམ་ཆོས་འཛིན་པར་ཤོག།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com