སྙན་ངག་གི་སྐད་ཆ།
ཚོར་སྣང་དང་ལྟ་བ། གོ་རྟོགས་གསུམ་ནི་སྙན་ངག་གི་བླ་སྲོག་དང་སྙན་ངག་པའི་ནང་སེམས་ཀྱི་དེ་ཉིད་ལགས་པས། ཚོར་སྣང་ངོ་མ་དང་ལྟ་བ་ཡང་དག གོ་རྟོགས་རྣལ་མ་ལས་བྱུང་བའི་སྙན་ངག་ལ་ངོ་བོའི་སྟེང་ནས་གསར་རྙིང་དང་ཡག་བཙོག བདེན་རྫུན་གྱི་དབྱེ་བ་འབྱེད་མི་རུང་ཡང་། དེ་མཚོན་བྱེད་ཀྱི་སྐད་ཆ་ལ་གསར་རྙིང་དང་ཡག་བཙོག བདེན་རྫུན་གྱི་དབྱེ་བའི་ཁྱད་པར་ཆེན་པོ་ཡོད། རྩོམ་རིག་ནི་མ་གཞི་ནས་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས། དེའི་བྱེ་བྲག་གི་བརྩམས་ཆོས་ནི་སྐད་ཆ་ཞིག་དང་། བརྩམས་ཆོས་ལེགས་མིན་ཡང་སྐད་ཆ་བཤད་ཤེས་མིན་ལ་ཐུག་ཡོད་ཕྱིར། རྩོམ་ལེགས་པོ་ཞིག་འབྲི་འདོད་ན། ཐོག་མར་སྐད་ཆ་མཁས་པར་སློབ་དགོས། དེ་བས་དམ་པ་གོང་མ་ཚོས་ཀྱང་རྩོམ་ཡག་པོ་འབྲི་མཁན་ལ་སྨྲ་བའི་ཁྱུ་མཆོག་དང་ངག་གི་དབང་ཕྱུག་སོགས་ཀྱི་གོ་ས་མཐོན་པོ་གནང་ནས་གོང་བཀུར་ཆེན་པོ་མཛད་འདུག
ཐ་སྙད་ཀྱི་མང་ཉུང་དང་མིང་ཚིག་གི་སྡེབ་སྟངས། སྐད་གདངས་ཀྱི་འདེགས་འཇོག ད་དུང་སྐད་ཆ་བཤད་སྟངས་སོགས་ནི་སྐད་ཆ་བཤད་ཤེས་མིན་དང་སྐད་ཆ་ཡག་མིན་གྱི་གནད་འགག་ཡིན་སྙམ། གསར་རྩོམ་གྱི་ལག་ལེན་ཁྲོད་དུ། མཚམས་ལ་ལར་ང་ཚོར་རང་གི་བསམ་ཚུལ་ཡོད་ཚད་བརྗོད་མ་ཚར་བའམ་བརྗོད་མ་ཐུབ་པ། ཡང་ན་བརྗོད་ཀྱང་ཆ་མི་ཚང་བའི་སྣང་བ་ཞིག་སྟེར་བཞིན་ཡོད་ཅིང་། དོན་དངོས་ཐོག་བདག་གིས་དེ་ནི་རང་ཉིད་ཀྱིས་ཐ་སྙད་འདེམ་ནོར་ཐེབས་པའམ། ཚིག་གི་སྡེབ་སྦྱོར་མ་འགྲིག་པ། སྐད་གདངས་ཀྱི་འདེགས་འཇོག་མ་འཚམ་པ། བཤད་སྟངས་མ་འགྲིག་པ་གང་རུང་གི་སྐྱོན་ནམ། གསལ་བོར་བཤད་ན་སྐད་ཆ་འཆད་མི་མཁས་པའི་སྐྱོན་དུ་ངོས་འཛིན་བཞིན་ཡོད། ང་ཚོ་རང་ཉིད་ལ་ཡོད་ཀྱི་ཁ་སྐད་དང་ཡིག་སྐད་ལ་བྱང་བར་གྱུར་ཚེ་མ་མཐའ་ཡང་གང་མཁོའི་ཐ་སྙད་ལ་ལག་ཐོགས་མི་དགོས་པ་དང་། དམངས་གླུ་དང་གཏམ་དཔེ་ལྟ་བུའི་ཚིག་གི་སྡེབ་སྲོལ་དང་སྐད་ཆའི་བཤད་ཕྱོགས་དག་ལའང་ཆ་རྒྱུས་ཡོད་ན། སྤྱིར་བཏང་གི་སྙན་ངག་འབྲི་བ་ལ་སྐད་ཆའི་ཐད་ནས་དཀའ་ལས་ཆེན་པོ་མེད་སྙམ། ཡང་མཚམས་ལ་ལར། ང་ཚོ་ཐ་སྙད་འཁོལ་སྟངས་དང་རྒྱན་སྦྱོར་ཚུལ། ཚིག་གི་སྡེབ་སྟངས་སོགས་ལ་མགོ་འཁོར་ཏེ་ཕྱིའི་རྣམ་པ་ལ་གཡེང་ཆེ་བས། དོན་སྟེང་ལ་མ་བབ་པའམ་གནད་ལ་མ་འཁེལ་པ། བརྗོད་བྱའི་སྲོག་ལ་རེག་ཐུབ་མི་འདུག་གོ་སྙམ་པའི་སྣང་བ་ཞིག་སྦྱིན་འོང་། དེ་ཡང་དོན་ངོ་མར་ཚིག་ལ་རྒྱན་ཁུར་ཆེ་དྲགས་ནས་དོན་གབ་པར་གྱུར་ཏེ་བརྗོད་བྱ་དང་རྗོད་བྱེད་ལ་བར་ཐག་འཆོར་བ་དང་། དམངས་སྐད་ལ་མཐོང་ཆུང་གིས་བསྟན་བཅོས་ཀྱི་སྐད་བཀོལ་སྤྱོད་མང་བ་ནི་འཚོ་བ་དང་སྐད་ཆ་ཁ་ཁར་བཏང་བའི་སྐྱོན་ཆ་རེད་སྙམ། མིའི་ཆུ་ཚད་ཀྱི་དབང་གིས། ང་ཚོར་ད་ལྟར་ཡོད་པའི་ཐ་སྙད་ནི་འདི་ཙམ་མ་རེད་ལ། དེ་ལས་ཀྱང་སེམས་ཀྱི་འགྱུར་བ་ཐད་ནི་འདི་ཙམ་མ་རེད་ལ། དེ་ལས་ཀྱང་སེམས་ཀྱི་འགྱུར་བ་ཐད་ཀར་མཚོན་ཐུབ་པའི་མིང་བརྡ་ཧ་ཅང་ཉུང་བས། ང་ཚོས་གནས་སྐབས་སུ་དཔེ་འཇོག་དང་ཟུར་སྟོན། བསྡུས་བརྗོད་སོགས་ཀྱི་བྱ་ཐབས་སྤྱོད་པའམ། ཡང་ན་བསྟན་བཅོས་ཀྱི་སྐད་མི་འཁོལ་ཀ་མེད་རེད། ཡིན་ནའང་ངས་སྔར་བཞིན་འཚོ་བ་དང་ཐག་ཉེ་ཞིང་སྤྱི་ཚོགས་ལས་འོངས་པའི་གསོན་ཤུགས་མངའ་བའི་སྐད་ཆ་ལ་སེམས་པ་གློན་བཞིན་ཡོད།
སྐད་ཆ་ལ་རྣམ་ཤེས་ཡོད་ཅེ་ན་སུ་ཞིག་གི་རྣ་བར་འགྲོ སྙན་ངག་པ་ཁ་ཤས་ཀྱིས་སྙན་ངག་ནི་ངའི་ཚེ་སྲོག་གིས་བྲིས་ཞེས་དང་། སྙན་ངག་རེ་རེ་ནི་ཚེ་སྲོག་གི་ཁྲག་ཐིགས་རེ་རེ་ཡིན་ཞེས་འཆད་ཀྱིན་འདུག་མོད། དང་ཐོག་ང་ཡང་ཡིད་མ་ཆེས། རྗེས་སོར་གསར་རྩོམ་གྱི་ལག་ལེན་དངོས་ཀྱི་ཁྲོད་དུ་སེམས་ཀྱི་གཏིང་སར་འཁྱམས་མྱུལ་ཡང་ཡང་བྱེད་སྐབས། ཚོར་སྣང་དང་ལྟ་བ། གོ་རྟོགས་ཡོད་ཚད་སྐད་ཆའམ་སྐད་ཆ་མཚོན་བྱེད་ཀྱི་ཡི་གེ་དང་མཉམ་དུ་རང་སྙིང་ཀའུ་ཁ་སྦྱོར་གྱི་ནང་དུ་བཅུག་སྟེ་ཞུན་བརྡར་གང་མང་བརྒྱུད་ཅིང་། མཇུག་མཐར་སེམས་དང་སྐད་ཆ་གཉིས་ང་ཁྱོད་དབྱེར་མེད་དུ་འཐིམས་ནས་བླའི་ཁམས་སུ་གྲུབ་རྗེས། ཡི་གེ་རེ་རེ་བཞིན་རང་རང་བབ་མཐུན་གྱི་གྲལ་ལ་རང་འགུལ་གྱིས་འགྲིག་སྟེ། ཀ་ཁ་ག་ངས་ངོ་འཛུམ་ཤིག་ཤིག་དང་ཅ་ཆ་ཇ་ཉས་ཁྲེལ་དགོད་ལྷང་ལྷང་། ཏ་ཐ་ད་ནས་ཤུགས་རིང་ནར་ནར་འཐེན་ཏེ་ངའི་སེམས་གཏིང་གི་གསང་བ་ཡོད་ཚད་ཕྱི་སྒྲོག་ནང་སྒྲོག་བྱེད་པའི་ཚད་ལ་བསླེབས་ན། ད་གཟོད་ངའི་སྙན་ངག་ངོ་མ་དེ་བྱུང་བ་ཡིན་ལ། དེ་དུས་ཀྱི་ངའི་སྐད་ཆ་ནི་སྙན་ངག་དང་། དེ་དུང་ཀྱི་ངའི་སྙན་ངག་གི་བླ་སྲོག་གི་མངོན་སྟངས་ཤིག་དང་ངའི་མི་གཤིས་ཀྱི་སྣང་བརྙན་ཡང་ཡིན་པས། སྐད་ཆ་ལ་རྣམ་ཤེས་ཡོད་ཅེས་པ་འུད་བརྗོད་ཙམ་ཞིག་མ་ཡིན་སྙམ། དེ་བས། སྐད་ཆ་ནི་སྙན་ངག་གི་ཕྱིའི་རྣམ་པ་ཡོད་ཚད་དང་། རང་ངོས་ནས་བལྟས་ན་སྐད་ཆ་ནི་སྙན་ངག་གི་ཡོད་ཚད་ཡིན་འདུག
ངའི་སྙན་ངག་ཡོད་ཚད་དང་《མ་བུའི་བརྩེ་དུངས》ཀྱི་སྐད་ཆའི་ཚད་ལ་གོང་དུ་བཤད་པའི་ཁྱད་ཆོས་ཚང་མིན་མ་ངེས་ཀྱང་། ངས་དེའི་ཕྱོགས་ལ་འབད་བརྩོན་བྱེད་བཞིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com