ཕྲག་དོག་ནི་ང་ཚོའི་གཉུག་གཤིས་ཡིན་ནམ།
གཉུག་གཤིས་ཞེས་པ་ནི་མི་དང་རི་དྭགས་གཅན་གཟན་སོགས་སྐྱེ་དངོས་ཡོད་དོ་ཅོག་ལ་ཡོད་པའི་ཁྱད་གཤིས་ཤིག་ཏུ་གོ་ཞིང་། སྐྱེས་མ་ཐག་ནས་རང་ཆས་སུ་ཡོད་པས་ལྷན་སྐྱེས་ཀྱི་གཤིས་ཀ་ཞེས་ཀྱང་ཟེར། དཔེར་ན་ཕོ་བ་ལྟོགས་དུས་གཟན་ཆས་འཚོལ་བ་དང་རང་ཉིད་ཀྱི་ཤ་ལས་ཆད་པའི་ཕྲུ་གུ་ལ་བླ་ལྷག་གིས་གཅེས་ཤེས་པ་ལྟ་བུའོ།།
འདིའི་ཕྱོགས་ལ་ནུབ་ཕྱོགས་པ་རྣམས་ཀྱིས་ནི་མི་ནི་སྐྱེས་མ་ཐག་ནས་སླད་མེད་དྭངས་གཙང་གི་བདག་ཉིད་ཅན་དུ་གྲུབ་ལ། རྗེས་སོར་འདོད་ཧམ་གྱི་དབང་གིས་དྭངས་གཙང་གི་རང་གཤིས་དེ་ལ་དྲི་མས་སྦགས་ནས་མཐར་ཉེས་ཅན་དུ་གྱུར་སོང་བར་བཤད། དེ་ལའང་འདི་འདྲའི་གཏམ་རྒྱུད་ཅིག་ཡོད་དེ། 《 དམ་པའི་གསུང་རབ》ལས། དཀོན་མཆོག་གིས་ཡ་ཏང་ཞེས་པའི་མི་དེ་བཟོས་རྗེས་དག་ཞིང(伊甸园)དུ་སིལ་ཏོག་སྲུང་དུ་བཅུག་པ་ལ། དཀོན་མཆོག་གིས་ཁོ་རང་ཁེར་རྐྱང་ཡིན་པས་སུན་སྣང་མི་ཡོང་བའི་ཆེད་དུ་ཁོའི་རྩིབ་རུས་གཅིག་བླངས་ནས་སླར་ཡང་བུ་མོ་ཞིག་ཀྱང་བཟོས་ཏེ་དེའི་མིང་ལ་ཞ་བ་ཞེས་བཏགས། ཡང་སིལ་ཏོག་གི་ར་བ་དེ་རུ་སྦྲུལ་ཅིག་ཡོད་པ་དེས། ཁྱོད་གཉིས་ཀྱིས་ཀྱང་བྱང་ཆུབ་ཤིང་གི་རྩེ་མོའི་སིལ་ཏོག་དེ་བཟས་ན། ཁྱོད་གཉིས་ཀྱང་དཀོན་མཆོག་ནང་བཞིན་རིག་པ་ལྡན་པར་འགྱུར་རོ་ཞེས་ཞ་བ་ལ་ངན་སྐུལ་བྱས་ནས་ཁོ་གཉིས་ཀྱིས་ཀྱང་བྱང་ཆུབ་ཤིང་གི་རྩེ་མོའི་ཤིང་འབྲས་ཟས་པས། རང་ངོ་རང་གིས་ཟིན་ཅིང་ཕན་ཚུན་གཅེར་རྗེན་ཡིན་པ་མཐོང་ནས་ངོ་ཚ་སྟེ་སྨད་གཡོགས་ལ་ཤིང་ལོ་གྱོན། རྗེས་སུ་གནས་ཚུལ་དེ་དཀོན་མཆོག་གིས་མཐོང་སྟེ། ཁོའི་སིལ་རའི་སིལ་ཏོག་ཡ་ཏང་དང་ཞ་བ་གཉིས་ཀྱིས་བརྐུས་ནས་བཟོས་པ་ཤེས་པས། ཁོ་གཉིས་དེ་མ་ཐག་ཏུ་སིལ་ར་དེ་ནས་སྤྱུགས། རྐྱེན་དེ་ལ་བརྟེན་ནས་ནུབ་ཕྱོགས་པ་རྣམས་ཀྱིས་མི་ནི་གདོད་མ་ནས་ཉེས་ཅན་ཡིན་ནོ་ཞེས་ཁོ་ཚོའི་རྒྱུད་ལ་ཉེས་པའི་འདུ་ཤེས(罪孽意识)ཀྱིས་ཀུན་ནས་བཅིངས་པར་གྱུར་སོང་བར་སྐད།
འདི་ལའང་མཁས་པ་སོ་སོས་རང་རང་གི་འདོད་ཚུལ་གླེང་བ་མང་དུ་ཡོད་དེ། རྒྱའི་གནའ་རབས་ཀྱི་གསུང་རབ་གྲགས་ཅན《ཡིག་གསུམ་མདོ》(三字经)རུ་མིའི་གཉུག་གཤིས་ནི་བཟང་བོ་ཡིན་པར་བསྟན་ཡོད་དེ། མི་ནི་དང་པོར་རང་གཤིས་བཟང་ངོ་།།( 人之初 性本善)ཞེས་དང་། ཡང་རྒྱའི་མཁས་པ་གྲགས་ཅན་ཞུན་ཙི་ཡིས་མི་ཡི་རང་གཤིས་ངན་པར་ཡོད་དེ།། བཟང་བོར་ཡོད་པ་བཅོས་མ་ཉིད་དོ།།(人之性恶,其善者伪也)ཞེས་གསུངས་ཡོད་ལ། གནའ་བོའི་རྒྱ་གར་གྱི་བསམ་བློ་བ་གྲགས་ཅན་ནམ་རང་རེས་ནི་བདག་ཅག་གི་སྟོན་པར་འབོད་ཀྱིན་པའི་སྐྱེས་ཆེན་དམ་པ་ཤཀྱ་མུ་ནེ་ཡིས།སེམས་ཅན་རྣམས་ནི་སངས་རྒྱས་ཉིད།། འོན་ཀྱང་གློ་བུར་དྲི་མས་སྒྲིབ།། དྲི་མ་དེ་བསལ་སངས་རྒྱས་དངོས།། ཞེས་གསུངས་ཡོད་པར་གཞིགས་ན། ཡང་ཁོང་གིས་གསུངས་པ་ནང་བཞིན་བདེ་གཤེགས་སྙིང་བོས་སེམས་ཅན་ཡོངས་ལ་ཁྱབ་ཅེས་པའི་ལྟ་བ་ཤུགས་ནས་མཚོན་པར་བྱས་པ་མིན་ན། གོང་གི་ལྟ་བ་དེ་དག་དང་ཕལ་ཆེར་གཅིག་མཚུངས་སུ་སྣང་ངོ་།། མར་ཁི་སི་ཡིས་དངོས་གཙོ་རིང་ལུགས་ཀྱི་ལྟ་བས་མི་ནི་སྤྱི་ཚོགས་ཀྱི་བསྐྱེད་འབྲས་ཡིན་ཞེས་གསུངས། འདིར་ང་ཚོས་དྲི་བ་ཞིག་རྙེད་པ་ནི་མིས་རིག་གནས་བསྐྲུན་པ་ཡིན་ནམ། རིག་གནས་ཀྱིས་མི་བསྐྲུན་པ་ཡིན་ཞེས་པ་དེའོ།།
མི་རིགས་སོ་སོར་རང་ཉིད་འཚོ་སྡོད་བྱེད་སའི་རང་བྱུང་ཁོར་ཡུག་དང་ཁོར་ཡུག་དེ་ནས་གསར་སྐྲུན་དང་འཕེལ་རྒྱས་སུ་བཏང་བའི་རིག་གནས་བག་ཆགས་ཀྱི་དབང་གིས་མི་རིགས་དེའང་རང་ཤུགས་ཀྱིས་རིག་གནས་དེ་དང་ཁོར་ཡུག་དེ་ལ་འཚམས་པའི་མི་རིགས་ཀྱི་གཤིས་ཀ་ཡན་གར་བ་རེ་ཆགས་སྲིད་པ་རེད། དཔེར་ན་ཡ་ཤུ་ད་པའི་མི་རིགས་ནི་ཉེས་པའི་འདུ་ཤེས་ཀྱིས་བླ་ལྷག་གིས་མནན་པའི་མི་རིགས་ཤིག་ཡིན་པར་བཤད་དེ། ཁོ་ཚོར་དེ་ལྟ་བུའི་འདུ་ཤེས་ཤིག་ཆགས་དོན་ནི་ལོ་རྒྱུས་སྟེང་དུ་དུས་ཡུན་རིང་པོར་མི་རིགས་གཞན་གྱི་བཙན་འཛུལ་དང་གཉའ་གནོན་གྱི་འོག་ནས་ནར་སོན་པ་ཡིན་པས། ཁོ་ཚོའི་སེམས་སུ་ང་ཚོས་དཀོན་མཆོག་ལ་བློ་མ་དཀར་བས་དཀོན་མཆོག་གིས་ང་ཚོ་སྐྱབས་འོག་ནས་དོར་སོང་བ་ཡིན་ལ། དཀོན་མཆོག་གིས་མ་སྐྱབས་ན་ང་ཚོ་མི་རིགས་གཞན་གྱི་འཆང་རྒྱ་ལས་ཐར་མི་ཐུབ་པ་ཡིན་པར་འདོད་ཡོད་ཅིང་། དཀོན་མཆོག་ལ་བློ་མ་དཀར་ཟེར་བ་དེ་ནི་ཁོ་ཚོའི་ཉེས་པའི་འདུ་ཤེས་ཆགས་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པ་ལྟ་བུའོ།།
དེས་ན་རང་རེ་ལའང་ཁོར་ཡུག་གང་དང་རིག་གནས་གང་ཞིག་གིས་ཀྱང་བསྐྲུན་སོང་བ་ཡིན་པ་མི་ཤེས་པའི་སེམས་ཀྱི་གཤིས་ཀ་ཡ་མཚན་པ་ཞིག་ཡོད་འདུག་པར་མཐོང་འོང་། འདས་སོང་གི་ལོ་རྒྱུས་དག་ལ་ཧྲིལ་གྱིས་བལྟས་ན། རྐྱེན་ཕྲག་དོག་ལ་བརྟེན་ནས་བཟོས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་ཡ་ང་བ་བགྲང་གིས་མི་ལངས་པ་ཞིག་ཡོད་དེ།གཤམ་ནས་དེ་དག་ལས་རེ་གཉིས་ཤིག་དཔེ་རུ་འདྲེན་པར་བྱའོ།།
དེ་སྔོན་བཙན་པོ་གནམ་རི་སྲོང་བཙན་གྱི་རིང་ལ། བློན་པོ་ཁྱུང་བོ་སྤོང་སད་ཟུ་ཙེ་དང་སང་གོ་མྱི་ཆེན་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་དཔའ་ཁས་མ་བླངས་པར་ང་རྒྱལ་དང་ཁྱད་གསོད་ཀྱི་གླུ་ཇི་ལྟར་བླངས་ཡོད་པར་བལྟས་པས་ཀྱང་ཅུང་ཙམ་ཤེས་རྒྱུ་ཞིག་ཡོད་པར་འདོད། རྒྱལ་བློན་རྣམས་གཞོགས་གཅིག་ཏུ་འཛོམས་ནས་དྭགས་པོ་ཇི་ལྟར་དབང་དུ་སྡུད་པའི་སྐོར་གྱི་གྲོས་མགོ་འདི་ལྟར་བཏོན་བྱུང་སྟེ། 《གནམ་རི་སྲོང་བཙན་གྱི་རྣམ་ཐར》ལས་རྒྱལ་པོས་དྭགས་པོ་ལྷ་དེ་དགུག་པའི་བཀའ་གྲོས་མཛད་ནས།དམག་དཔོན་སུས་བྱ་ཞེས་བློད་པ་ན། སང་གོ་མྱི་ཆེན་གྱིས་ཁོ་བོས་རྔོ་ཐོགས་ཞེས་ཁས་བླངས་སོ།། དེའི་མུར་ཁྱུང་བོ་སྤུང་སད་ཟུ་ཙེ་ན་རེ། ཁྱོད་འདའས་དམག་དཔོན་འོང་ངམ། མྱི་འཛངས་པ་གོ། ཀྱེའུ་ནང་དུ་མྱུང་བུ་བཅུག་པ་དང་མཚུངས་ཤེས་བྱ་ན། ཁྱོད་འདའ་བཙན་པོའི་སྣམ་ཕྱི་བར་བཀའ་བསྩལ་ནས་ལོ་དུ་མ་ཞིག་ལོན་ན། འཛངས་རྔོ་ཐོག་གོ མྱི་གཅིག་གིས་བསྟོད་པ་ཁོ་བོས་མ་ཐོས་ན། ཁྱོད་འདའས་མྱི་འོང་བ་ལ་བསྒྲེ་བསྒྲེ་སྟེ། འབངས་ཆབ་འཚལ་བ་འཆིའོ།། དེ་ནས་སང་གོ་མྱི་ཆེན་གྱིས་ཀྱང་ཕྱིར་ཁྱུང་བོ་སྤུང་སད་ཟུ་ཙེ་ལ་ཁྱོད་ངན་ང་བཟང་གི་ལན་སྤྲད་པ་སོགས་མང་དུ་ཡོད་ནའང་། འདིར་མང་དུ་སྤྲས་པར་མི་བྱའོ།། སྐབས་དེར་བློན་པོ་ཕན་ཚུན་བར་དུ་ཕྲག་དོག་བྱས་ནས་འགལ་བ་ཤིན་ཏུ་ཛ་དྲག་ཡིན་ཞིང་། རྗེས་སུ་འགལ་བ་ཛ་དྲག་གི་ཡང་རྩེར་སོན་ནས་མཐར་བཙན་པོ་གནམ་རི་སྲོང་བཙན་ཁོང་ཉིད་ཀྱང་བློན་པོ་མང་པོའི་ཕྲག་དོག་གི་འགལ་བའི་ཁྲོད་དུག་ཆང་དྲངས་ནས་སྐུ་ཡི་འཕེན་པ་རྫོགས་པར་བྱས་སོ།།
མགར་གྱི་གདུང་རྒྱུད་ནི་དཔའ་མཛངས་རྟུལ་ཕོད་ཀྱི་དཔའ་བོ་མང་དུ་འཁྲུངས་པའི་གདུང་རྒྱུད་ཅིག་ཡིན་ཞིང་། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་མགར་སྟོང་བཙན་ཡུལ་བཟུང་བྱ་བས་རང་ཉིད་ཀྱི་བློ་རིག་དང་དཔའ་མཛངས་ལ་བརྟེན་ནས་བོད་ཕྱི་རབས་པར་ངོམས་སུ་རུང་བའི་བྱས་རྗེས་མང་དུ་བསྐྲུན་མྱོང་ཡོད་པ་འུ་ཅག་ཀུན་ལ་ཤིན་ཏུ་གསལ། རྗེས་སུ་བློན་འབངས་དག་ཁོང་ཉིད་ཀྱི་བློ་རིག་གི་དོ་ཡར་མ་ཡོང་བར་བཙན་གྱིས་གསེར་གྱི་འོད་ལ་བརྟེན་ནས་མིག་ཟུང་གི་ནུས་པ་ཉམས་སུ་བཅུག་ཅིང་རྒྱལ་བོའི་གམ་ནས་མདོ་སྨད་དུ་རྒྱང་འཕུད་ལ་བཏང་བ་འུ་ཚོའི་ངག་རྒྱུན་དུ་ཡོད་པ་དེ་བཞིན་ཡིན་ལ།འདས་སྲོང་མང་བོ་རྗེ་ཡི་སྐབས་སུ། མགར་ལ་བུ་བཞི་ཡོད་པ་ལས་བུ་ཆེ་བ་བཙན་སྙ་དང་བུ་གཉིས་པ་ཁྲི་འབྲིང་། བུ་གསུམ་པ་བཙན་བྲོད་བཅས་ཀྱིས་རང་རང་གི་དཔའ་སྙིང་ལ་བརྟེན་ནས་བོད་ཀྱི་སྲིད་དང་མཐའ་མཚམས་སྲུང་ནས་ཡོད་པའི་སྐབས་སུ། རྒྱལ་བློན་ཕན་ཚུན་བར་ལ་ཕྲག་དོག་གི་མེ་ལྕེ་གྱེན་དུ་འཕྱུར་ཏེ། མཐར་བུ་རེ་རེ་ནས་ལ་ལ་དམར་གསོད་བཏང་བ་དང་། ལ་ལས་རང་སྲོག་བཅད་ཅིང་། ལ་ལས་རྒྱ་ནག་གི་ཐང་ལ་མགོ་སྒུར་བ་བཅས་མཐར་དཔའ་བོའི་གདུང་རྒྱུད་ཀྱིས་བོད་ཀྱི་རྒྱལ་བོའི་ཉེ་གམ་ནས་མུ་མཐུད་དུ་བྱས་རྗེས་འཇོག་པའི་གོ་སྐབས་རྩ་བ་ནས་མེད་པར་བྱས་པ་རེད་དོ།།
རྒྱལ་དབང་སྐུ་ཕྲེང་བདུན་པའི་དུས་སུ།སྔར་ཅུང་གར་བར་དཔུང་འཐབ་ནས་བྱས་རྗེས་ཆེས་ཆེ་བའི་བློན་པོ། ཡང་ན་ཁང་ཆེན་པ་མངའ་རིས་སྒར་དཔོན་བསོད་ནམས་རྒྱལ་པོར་པའི་སིའི་ཆོ་ལོ་གནང་བ་དང་སྦྲགས་བཀའ་བློན་གྱི་གཙོ་འགན་འཁུར་དུ་བཅུག་ཅིང་། ཀོང་ཡུལ་གྱི་དཔོན་རིགས་རྡོ་རྗེ་རྒྱལ་པོར་ཡང་པའི་སིའི་ཆོ་ལོ་་བསྩལ་བ་དང་སྦྲགས་ལག་རོགས་པའི་འགན་འཁུར་དུ་བཅུགས། ལིམ་པ་བ་བཀྲ་ཤིས་རྒྱལ་པོར་ཡང་པའི་སིའི་ཆོ་ལོ་དང་བཀའ་བློན་གྱི་འགན་འཁུར་དུ་བཅུགས། དེའི་རྗེས་གཙང་བ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་དང་སྦྱར་ར་བ་བློ་གྲོས་རྒྱལ་བོ་གཉིས་ལའང་སོ་སོར་ཐའི་ཇིའི་ཆོ་ལོ་བྱིན་ཏེ་བཀའ་བློན་གསར་བར་བསྐོས་ཤིང་། བོད་ས་གནས་སྲིད་གཞུང་གི་གཙོ་སྐྱོང་ལས་ཁུངས་བཙུགས་ནས་དུས་ཡུན་རིང་ཙམ་མ་འགྱངས་པར། གོང་གི་བཀའ་བློན་དེ་དག་གིས་བཀའ་བློན་ནང་ཁུལ་དུ་ཕན་ཚུན་ལ་ཕྲག་དོག་བྱས་ཏེ་སྲིད་དབང་འཕྲོག་རྩོད་ཀྱི་ཟིང་འཁྲུག་ལངས་ནས་བོད་ཀྱི་ལོ་རྒྱུས་སུ་མིང་དུ་གྲགས་པའི་དབུས་གཙང་སྡེ་གཟར་ཆེན་པོ་ཞེས་པ་ལངས་པ་རེད། དོན་རྐྱེན་འདིས་འུ་ཅག་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནམ་ཡང་གསུབ་ཏུ་མེད་པའི་སྤུན་ཟླ་ནང་དམེ་ཡི་དོན་རྐྱེན་ཡ་ང་བ་དེ་བཟོས། སྐབས་དེར་མན་ཇི་དང་སོག་པོ། རྒྱ་རྣམས་ཀྱིས་ནི་འུ་ཅག་གི་སྐྱུག་བྲོ་བའི་ཟློསགར་ལ་བལྟས་ནས། ཅི་འདྲའི་ཧབ་དགོད་ཅིག་བྱས་ཡོད་པ་གསལ་བོར་མ་བཤད་ཀྱང་ད་ལྟ་འུ་ཚོས་ཚོད་དཔག་ཅིག་བྱས་ཀྱང་རྟོགས་མི་འོང་ངམ།
བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་པད་མ་ཚེ་བརྟན་གྱི་སྒྲུང་གཏམ《སེམས་ནད》ཅེས་པར་རྣ་ལུང་སྡེ་བའི་ཨ་ཁུ་ཉི་མ་ནི་ལྷ་སར་འགྲོ་མཁན་གྱི་མི་དང་པོ་ཡིན། ཁོ་ལ་མཚོན་ན་དོན་འདི་ནི་མི་ཚེ་འདིའི་ཆེས་བརྗོད་རིན་ཡོད་པ་ཞིག་ཡིན་ལ། རྒྱུན་དུ་དོན་འདི་ཡིས་གཞན་ལ་ལབ་རྒྱགས་པ་དང་རང་ཉིད་ཀྱི་ངོ་སོ་ཡར་ལ་བསྟོད་པ་སོགས་བྱེད་ཀྱིན་ཡོད། ཡིན་ནའང་རྗེས་སུ་ཁོ་ཚོའི་སྡེ་བའི་བུ་སྤུན་གསུམ་དང་ཨ་ཁུ་རྒྱ་མཚོ་སོགས་ཀྱང་རིམ་བཞིན་ལྷ་སར་འགྲོ་ཐུབ་པ་བྱུང་བས། ཨ་ཁུ་ཉི་མའི་སེམས་སུ་ཕྲག་དོག་གི་དྲི་ངན་ཇེ་འཐུལ་ནས་ཇེ་འཐུལ་དུ་གྱུར་ཞིང་། བུ་སྤུན་གསུམ་ལ་ན་ཚའི་དབང་གིས་ལྷ་སའི་ཇོ་ཁང་མ་གཏོགས་དགོན་པ་གཞན་པར་མཇལ་མ་ཐུབ་པ་གོ་ནས་ཁོའི་སེམས་ལ་དགའ་རྒྱུ་ཞིག་ཡོང་ནའང་། དེའི་རྗེས་སུ་སྔོན་ཆད་སྤྲང་བོ་ཡིན་པའི་དར་རྒྱས་ཀྱིས་ཀྱང་རླངས་འཁོར་ཅིག་གླས་ནས་གཟའ་མི་གང་བོ་ལྷ་སར་འགྲོ་རྒྱུ་ཡིན་པ་གོ་ནས་ཁོ་དེ་མ་ཐག་དྲན་མེད་དུ་བརྒྱལ་སོང་བ་རེད། འདི་ལས་འུ་ཚོའི་སྤྱི་ཚོགས་སུ་སྡེ་མི་ཕན་ཚུན་དང་ཁྱིམ་ཚང་ཕན་ཚུན་བར་ལ་ཕྲག་དོག་ཇི་ལྟར་བྱེད་ཀྱིན་པའི་སྣང་ཚུལ་བྱེ་བྲག་པ་ཞིག་གསལ་རྗེན་དུ་བཀྲམ་པ་ཡིན་ལ།ཡང་གཅིག་བཤད་ན་རྩོམ་པ་པོ་ཁོང་གིས་ཀྱང་འུ་ཚོའི་ཕྲག་དོག་གི་ནད་རྙིང་དེ་ལ་སུན་འབྱིན་དང་དེ་ཡི་གདོང་འབག་དམར་གཤུ་བྱས་ཡོད་པ་མ་ཡིན་ནམ།
མཁས་དབང་འདུན་ཆོས་འཕེལ་གྱི་ཕྱག་རྩོམ་ལ་བལྟ་མྱོང་ཞིང་དགེ་འདུན་ཆོས་འཕེལ་ལ་ཆ་རྒྱུས་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན། བེེདྱར་གྱི་བུམ་པ་ཁོང་ཡང་འུ་ཅག་གི་མཁས་རྒན་སྐོར་ཞིག་དང་བཀའ་ཤག་སྲིད་གཞུང་གི་ཕྲག་དོག་གི་དུག་ལག་བསྲིངས་ནས་རྡོ་ལ་བརྡབས་ཏེ་བཅགས་སོང་བ་ཡིན་པ་སུ་ཞིག་གིས་བསྙོན་ཐུབ།
དེང་རབས་བོད་ཀྱི་རྩོམ་རིག་གསར་བའི་དེད་དཔོན་ཆེན་མོ་དོན་གྲུབ་རྒྱལ་ཁོང་ཉིད་ཀྱང་ཕྲག་དོག་གི་རལ་གྲི་རྣོན་པོ་བཟུང་བའི་རང་རློམ་ཅན་སྐོར་ཞིག་གིས་འཆི་ལམ་དུ་བརྫངས་པ་མ་ཡིན་ནམ།
སྤྱིར་ན་ཕྲག་དོག་བྱེད་པ་འདི་ཡང་རང་ཉིད་ཡར་རྒྱས་སུ་འགྲོ་བའི་རྒྱུ་འབའ་ཞིག་ཡིན་ཀྱང་སྲིད་དེ། འདིའི་ནང་དུ་གཞན་ལ་འགྲན་སློང་བའི་བསམ་བློ་ཞིག་ཡོད་ལ། འགྲན་སློང་བའི་བསམ་པ་འདི་ཡིས་རང་ལ་ཉེ་བར་སྐུལ་ནས་རང་ཉིད་འཕེལ་རྒྱས་སུ་གཏོང་བ་ནི་དགའ་འོས་པའི་བྱ་བ་ཞིག་ཡིན། མི་རེ་རེ་ནས་འཕེལ་རྒྱས་སུ་སོང་ན་མི་རིགས་ཧྲིལ་བོ་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱས་པ་མ་ཡིན་ནམ། གཞན་གྱིས་བཤད་བཤད་པོ་བདེན་པར་འཛིན་པ་དང་། གཞན་གྱིས་ལས་ལས་པོ་ལེགས་པོར་རློམ་པའི་རྒྱུ་མཚན་ཡང་ཡེ་ནས་མེད་དེ། ཕྲག་དོག་བྱེད་པ་ནི་རང་ཉིད་ཀྱི་ནུས་པ་ལ་ཡར་རྒྱས་ཡོང་བའི་སྔ་སྟས་དང་རང་ཉིད་གཞན་དང་མི་བསྟུན་པའི་གོམ་པ་དང་པོ་དེ་ཡིན་ལ། གཞན་ཡང་ཕ་རོལ་པོ་དེའི་གྲུབ་འབྲས་ཀྱི་ཁྲོད་དུ་མ་འདང་ས་དང་འཐུས་སྒོ་མ་ཚང་ས། སྣོན་འཕྲི་བྱེད་དགོས་ས་མང་དུ་ཡོད་སྲིད་པས། ཕན་ཚུན་ལ་རོགས་རེས་དང་བསམ་བློ་བརྗེ་རེས་སོགས་མང་དུ་བྱས་ཏེ། གྲུབ་འབྲས་དེ་ཉིད་མུ་མཐུད་ནས་སྐྱོན་མེད་འཐུས་ཚང་ཅན་དུ་གཏོང་བ་ནི་ཆེས་མཛེས་པའི་གནས་སུ་མཐོང་ལ། ཡང་གཅིག་བཤད་ན་དེ་ནི་ཕྲག་དོག་གི་ལེགས་པའི་ཆ་སྟེ། དྲང་མོར་བཤད་ན་དེ་ནི་ཕྲག་དོག་ཅིག་རྩ་བ་ནས་མིན་ཀྱང་སྲིད། རང་རེས་ནི་ཕྲག་དོག་གི་སྦྱོར་བ་སྣ་ཚོགས་ལ་བརྟེན་ནས་གཞན་གྱིས་དཀའ་བ་སྟོང་ཕྲག་གི་དོད་དུ་བསྐྲུན་པའི་གྲུབ་འབྲས་ཤིག་བླངས་ཏེ་དགའ་ནས་ཡོད་སྐབས། མ་དགའ་བ་དང་མ་རངས་པ། མ་མགུ་བའི་དུག་སེམས་ཀྱིས་ཀུན་ནས་གཙེས་ཏེ། སྐྱེས་བུ་གང་དེའི་གྲུབ་འབྲས་ལ་དམའ་འབེབས་དང་སྐྱོན་བརྗོད། འཕྱ་སྨོད། མཚང་འདྲུ་སོགས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་མི་གྲལ་དུ་འགྲོ་ས་མི་འགྲོ་བ་ཞིག་ཏུ་གཏོང་སྲིད་ལ། གཞན་དེ་ཉིད་བསམ་ལོང་དྲན་ལོང་བཅའ་ལོང་བཅོ་ལོང་མེད་པར་མར་འཕངས་རྗེས་རང་ཉིད་ཅི་ཞིག་ཡིན་མདོག་གིས་འགྱིང་ནས་འདུག་པ་ལས། གཞན་གང་དེ་ཉིད་ལས་ལྷག་པ། འགོངས་པ། འདའ་བ། འཕགས་པ། ཕུལ་དུ་བྱུང་བའི་མཛད་པ་གང་ཡང་རྩོམ་པར་མི་བྱེད་པས། འཇིགས་དགོས་ས་ངོ་མ་ནི་གཞན་ལ་ལས་སུ་མི་འཇུག་ཅིང་། རང་གིས་ལས་པར་མི་ནུས་པ་དེའོ།།
མདོར་ན།
མཐོ་བ་བླ་མས་གྲུབ་མཐའི་བཟང་ངན་བརྩད་དེ་ཕྲག་དོག་བྱས།
བར་མ་གྲྭ་བས་བཤེས་ཀྱི་བཟང་ངན་བརྩད་ནས་ཕྲག་དོག་བྱས།
དམའ་བ་གདུལ་བྱས་ཆོས་ཀྱི་བྱིན་རླབས་བརྩད་ནས་ཕྲག་དོག་བྱས།
མཐོ་བ་བློན་པོས་དཔོན་གྱི་མཐོ་དམའ་བརྩད་ནས་ཕྲག་དོག་བྱས།
བར་མ་དམག་མིས་མཚོན་ཆའི་རྣོ་དབལ་བརྩད་ནས་ཕྲག་དོག་བྱས།
དམའ་བ་འབངས་མིས་རྩྭ་ཆུའི་མང་ཉུང་བརྩད་ནས་ཕྲག་དོག་བྱས།
མཐོ་བ་མཁས་པས་ལྟ་བའི་གསར་རྙིང་བརྩད་ནས་ཕྲག་དོག་བྱས།
བར་མ་རྩོམ་པོས་རྩོམ་གྱི་ལེགས་ཉེས་བརྩད་ནས་ཕྲག་དོག་བྱས།
དམའ་བ་སློབ་མས་རྒྱུགས་ཀྱི་སྐར་གྲངས་བརྩད་ནས་ཕྲག་དོག་བྱས།
དེས་ན་ཕྲག་དོག་གི་འབྱུང་རྩ་གང་ཡིན་ནམ། རང་རེའི་རིག་གནས་ཀྱིས་བསྐྱེད་པ་རེད་དམ་ཟེར་ན། མང་མང་ཞིག་གིས་གཏན་ནས་མ་རེད་ཟེར་ཏེ། རྒྱུ་མཚན་ནི་བོད་རྒྱུད་ནང་བསྟན་ལས། ཕྲག་དོག་ནི་གནའ་སྔ་མོ་ནས་ཉོན་མོངས་དུག་ལྔའི་ནང་ཚན་དུ་བགྲང་ཚར་ནས་འདུག་ཅིང་། ཉོན་མོངས་དུག་ལྔ་ནི་ཁ་ལ་མ་ནྀ་འདོན་འདོན་དང་སེམས་ལ་དམ་བཅའ་བཞིན་དུ་སྒོམ་ཡོད་ཚོད་ཡིན་ན། ཕྲག་དོག་ནི་བོད་ཀྱི་རིག་གནས་འདི་ཡིས་བསྐྱེད་སོང་ཟེར་བ་ནི་འཆལ་གཏམ་ལབ་པ་འབའ་ཞིག་ལས་གཏན་ཚིགས་ཅི་ཡང་མེད་དོ་ཟེར་བ་ཁོ་ཐག་ཡིན་པས།ད་ནི་རང་རེའི་མི་རིགས་འདི་ཡི་གཉུག་གཤིས་ཀྱི་གྲས་སུ་འཇོག་རྒྱུ་ལས་འོས་མེད་ལ།གཤིས་ཀ་འདི་ཡིས“རིག་གནས”འདི་འདྲ་ཞིག་བསྐྲུན་པ་རེད་ཅེས་བཤད་ན་འགྲིག་འདུག་པར་བསམ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com