གནའ་བོའི་བོད་ཀྱི་རིག་གནས་དང་འཇིག་རྟེན་བདེ་ཐང་བར་གྱི་འབྲེལ་བ།

རྩོམ་པ་པོ།:ཐུབ་བསྟན་ཕུན་ཚོགས། ཡོང་ཁུངས།:དྲ་རྒྱ་ལས་བཏུས། དུས་ཚོད།:2011-10-02 12:20:00 ཀློག་གྲངས།:

 གཅིག འཇིག་རྟེན་བདེ་ཐང་ཞེས་པའི་གོ་དོན།     

        འཇིག་རྟེན་ཁམས་ཀྱི་བདེ་ཐང་ ཟེར་བ་དེ་ངས་གཙོ་བོར་སེམས་ཅན་དང༌།  ཁྱད་པར་དུ་འགྲོ་བ་མིའི་ལུས་ཁམས་བདེ་ཐང་ལ་གོ་བ་ལེན་ཞིང་ཡོད། སའི་གོ་ལའི་དཀྱིལ་འཁོར་འདི་ལ་གནའ་དུས་དང་དེང་དུས་གང་ཡིན་ཀྱང༌། ཤར་ནུབ་དང༌།  ལྷོ་བྱང་གང་དུ་སོང་ཀྱང་འགྲོ་བ་མིའི་ཚེ་སྲོག་ནི་རིན་ཐང་ཆེ་ཤོས་བརྩི་སྲོལ་ཆག་ཡོད་པ་རེད།
        འཇིག་རྟེན་འདིར་མི་རྣམས་ཀྱི་བྱ་སྤྱོད་བཟང་ངན་གང་བརྩམས་ནའང་དམིགས་ཡུལ་གཙོ་བོ་དེ་རང་གི་ལུས་ཁམས་ལ་བདེ་བ་ཞིག་ཡོང་ཐབས་ལས་སྡུག་བསྔལ་ཡོང་ཐབས་བསྒྲུབ་མཁན་སུ་གང་ཡོད་བ་མ་རེད།  དེས་ན་མཐར་གཏུགས་ནས་བཤད་ན་མི་སོ་སོའི་རང་གི་ལུས་ལ་ནད་མེད་ཅིང༌། སེམས་པ་སྐྱིད་པོའི་ངང་དུ་ཚེ་རིང་པོ་ཞིག་གནས་ཐུབ་པ་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་དམིགས་ཡུལ་དང་རེ་བ་ཡིན་པ་མ་ཟད།  སེམས་ཅན་ཕལ་ཆེར་བའི་རེ་འདུན་ཡང་དེ་ལྟར་ཡིན་རྒྱུ་རེད་སྙམ།  བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དུ་ལུས་ཁམས་བདེ་ཐང་གི་རྩ་བའི་རྒྱུ་ནི་འབྱུང་བ་བཞིའམ་ལྔའི་ ཁམས་ཆ་སྙོམས་པོར་ཞིག་དགོས་པ་ངོས་འཛིན་བྱེད་ཅིང་ཡོད་པ་རེད།
1 འབྱུང་བ་ཞེས་པའི་མཚན་གཞི་གང་ལ་ངོས་འཛིན་པ།   འབྱུང་བ་ཞེས་པ་ནི་དངོས་པོ་ཐམས་ཅད་གྲུབ་བྱེད་ཀྱི་རྩ་བའི་རྒྱུ་རྡུལ་ཕྲན་ཆུང་ཤོས་ཞིག་ལ་ངོས་འཛིན་ཅིང་ཡོད་པ་རེད།   རྡུལ་ཕྲན་དེ་ལ་ནང་གསེས་ཀྱི་ནུས་པ་མི་འདྲ་བའི་རྫས་རིགས་བཞི་ཡོད་པ་སྟེ།  ས་རྡུལ་དང༌། ཆུ་རྡུལ།  མེ་རྡུལ།  རླུང་རྡུལ་བཅས་བཞི་དང༌།  དེ་དག་གི་གནས་གཞི་སྟོང་པའི་ཆ་ལ་ནམ་མཁའི་ཁམས་ཞེས་ནམ་མཁའ་སྟོང་པ་ཡང་འབྱུང་བའི་གྲས་སུ་འཇོག་ཡོད་པ་རེད། སྟོང་པ་རྡུལ་རྫས་མིན་པས་འབྱུང་བའི་གྲས་སུ་འཇོག་དགོས་པའི་རྒྱུ་མཚན་གང་ཞེ་ན།  སྟོང་ཆ་མེད་ན་དངོས་པོ་རྣམས་སྐྱེ་འཇིག་གི་ཡུལ་ལམ་གོ་སྐབས་མེད་པས་ན་སྟོང་པའི་ཁམས་དེ་དངོས་པོ་སྐྱེ་འཇིག་གི་ཆ་རྐྱེན་གཙོ་བོར་ཞིག་གྱུར་པའི་ཆ་ནས་འབྱུང་བ་ཞེས་དངོས་པོ་སྐྱེ་འཇིག་གི་ཆ་རྐྱེན་གྱི་གྲས་སུ་འཇོག་པ་ཞིག་རེད། 
        ས་རྡུལ་ཞེས་པ་དངོས་པོ་ཐམས་ཅད་འགྲུབ་བྱེད་ཀྱི་རྒྱུ་ཆ་གཙོ་བོའི་རྡུལ་ཕྲན་དེ་ལ་ཟེར།  ཆུ་རྡུལ་ཞེས་པ་ས་རྡུལ་རྣམས་ལྷན་ཅིག་ཏུ་སྡུད་པར་བྱེད་པའི་ནུས་པ་ཅན་གྱི་རྡུལ་རིགས་ཞིག་ལ་ཟེར།  མེ་རྡུལ་ཞེས་པ་ཆུ་རྡུལ་གྱིས་གཅིག་ཏུ་སྡུད་པའི་གོང་བུ་དེ་རིམ་བཞིན་སྨིན་ནས་རྣམ་པ་གཞན་དང་གཞན་དུ་འགྱུར་བར་བྱེད་པའི་ནུས་པ་ཅན་གྱི་རྡུལ་རིགས་དེ་ལ་ཟེར།  རླུང་རྡུལ་ཞེས་པ་མེ་རྡུལ་གྱི་ལས་དང་ལྷན་ཏུ་འཕེལ་བ་དང་འགྲིབ་སོགས་རྣམ་པ་གཡོ་བ་དང་འགྱུར་བའི་ལས་བྱེད་པའི་ནུས་པ་ཅན་གྱི་རྡུལ་རིགས་དེ་ལ་ཟེར།   དེ་ལྟར་རྡུལ་རིགས་བཞི་པོ་དེས་ཕྱི་སྣོད་ཀྱི་འཇིག་རྟེན་སའི་གོ་ལ་དང༌།  ཉི་ཟླ། གཟའ་སྐར་སོགས་ཀྱི་དངོས་འདི་རྣམས་གྲུབ་པར་བྱས་ཡོད་ལ། ནང་སེམས་ཅན་གྱི་ལུས་ཁམས་སྣ་ཚོགས་འདི་དག་ཀྱང་འབྱུང་བ་བཞི་ལས་གྲུབ་པ་ཤ་སྟག་ཡིན་ཅིང༌། དེ་ལྟར་ཕྱི་ནང་གཉིས་ཀྱི་དངོས་པོ་དེ་དག་གི་ཁམས་ལ་འབྱུང་བ་བཞིའི་རྡུལ་རྫས་རྣམས་ཀྱིས་བྱ་བ་བྱས་དང་བྱེད་བཞིན་པ་གནས་ཡོད་པ་རེད། 
2 འབྱུང་བཞིས་དངོས་པོ་སྐྱེ་འཇིག་གི་ལས་བྱེད་ཚུལ།  སྤྱིར་བཏང་བྱས་ན་དངོས་པོ་རིལ་པོ་ཞིག་གི་ཁམས་ལ་ས་ཆུ་མེ་རླུང་གི་རྡུལ་རིགས་བཞི་པོས་དུས་གཅིག་ལ་བྱ་བ་བྱེད་ཅིང་ཡོད་པ་བཤད་ན།  ཡོང་ཐབས་མེད་པའི་འགལ་བ་ཞིག་གོ་སྲིད།  ཡིན་ནའང་འཇིག་འདི་ནི་འགལ་བའི་ནང་དུ་གཞི་མཐུན་གྱི་འབྲེལ་བ་གནས་ཡོད་པ་ཞིག་རེད། དཔེར་ན།  མིའི་ལུས་ཁམས་ལྟ་བུ་ལ་མཚོན་ཤ་དང༌། རུས་པ་སོགས་ཀྱི་རྒྱུ་ཆ་གཙོ་བོ་ས་རྡུལ་དང༌།  དེ་དག་ལྷན་ཅིག་ཏུ་སྡུད་པའི་རྫས་དེ་ཆུལ་རྡུལ་དང༌།  དེ་རིམ་བཞིན་སྨིན་པར་བྱེད་ཅིང༌།  ལུས་ཟུངས་ རྣམས་གསར་རྙིང་བརྗེ་པོར་བྱེད་པའི་ནུས་པ་ ནི་མེ་རྡུལ་དང་རླུང་རྡུལ་གྱི་ནུས་པ་རེད། དེ་དག་གང་ཞིག་མ་ཚང་ན་ལུས་ཁམས་བདེ་ཐང་དུ་གནས་མི་ཐུབ་པ་མ་ཟད། ལུས་རོ་རུ་འགྱུར་ཚར་པ་རེད།
        དངོས་པོ་ཐམས་ཅད་མི་རྟགས་པ་ཡིན་སྟབས།  འབྱུང་བའི་བྱེད་ལས་ལ་དུས་ཚོད་ཀྱི་འཁོར་ལོ་ ཞིག་ཡོད་པ་དེ་ལ་ཡོངས་གྲགས་སུ་ཚེ་ཞེས་ཟེར། འབྱུང་བའི་བྱེད་ལས་ཀྱི་ཚེ་གཅིག་ལ་འཕེལ་འགྲིབ་གཉིས་ ཡོད་པ་རེད།  དཔེར་ན།  ལུས་ལྟ་བུ་ ཞིག་ལ་མཚོན་ན་འབྱུང་བ་ས་ཆུའི་ཁམས་གཙོ་བོ་འཕེལ་ཞིང་མེ་རླུང་གི་ལས་ཕལ་པར་གནས་སྐབས་དེར་འབྱུང་ཁམས་འཕེལ་བའི་དུས་ཡིན། དུས་ལ་བྱིས་པ། གཞོན་ནུ། དར་མ་སོགས་ཀྱི་མིང་རིམ་བཞིན་འགྱུར་འགྲོ་ཞིང་ཡོད་པ་རེད། སྐབས་དེར་འབྱུང་བ་ཕེལ་བའི་གནས་སྐབས་ཡིན་སྟབས།  ལུས་སྟོབས་རྒྱས་ཤིང་ནད་རིགས་སོགས་ཀྱིས་གནོད་སྐྱོན་ཐེབས་དཀའ་བ་དང༌། གལ་སྲིད་གནོད་སྐྱོན་ཐེབས་ནའང་མགྱོགས་པར་བསྐྱར་གསོ་བྱེད་ཐུབ་ཅིང་ཡོད་པ་རེད།  ནམ་ཞིག་འབྱུང་བ་འཕེལ་བའི་མཐའ་ཐུག་པ་དང༌།  དེ་ནས་རིམ་བཞིན་མར་འགྲིབ་པའི་སྐབས་སུ་འབྱུང་བ་མེ་རླུང་གཙོ་བོར་དང༌།  ས་ཆུའི་བྱེད་ལས་ཕལ་པར་འགྱུར་འགྲོ་ཞིང་ཡོད་པ་རེད།  སྐབས་དེར་ན་ཚོད་ཡོལ་བ་དང༌། རྒན་པོ་སོགས་ཀྱི་མིང་འདོགས་ཤིང༌།  རིམ་བཞིན་ལུས་སྟོབས་ཉམས་ནས་ནད་རིགས་སྣ་ཚོགས་ཀྱིས་གནོད་སྐྱོན་ཐེབས་སླ་ཞིང༌།  འགྲིབ་པའི་མཐའ་ཐུག་དེར་འཆི་བ་ཡིན། དེ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ལ་མཚོན་ནའང་བསྐལ་པ་ཡར་ཆགས་པའི་གནས་སྐབས་སུ་འབྱུང་ཁམས་མཐུན་སྦྱོར་ ཡིན་སྟབས།  ས་འོག་གི་གཏེར་དང༌། ས་སྟེང་གི་རྩྭ་ཤིང་རྣམས་ཉིན་ལྟར་གསར་སྐྱེས་འཕེལ་རྒྱས་ཡོང་གི་ཡོད་པ་རེད། 
        ནམ་ཞིག་བསྐལ་པ་མར་འགྲིབ་པའི་གནས་སྐབས་ན་འབྱུང་ཁམས་འགལ་འཕྲད་དུ་སོང་བའི་དབང་གིས་ས་འོག་གི་གཏེར་དང༌། ས་སྟེང་གི་རྩྭ་ཤིང་དེ་དག་ལོ་རེ་ལས་ལོ་རེ་ཇེ་ཉུང་དང་ཇེ་ཟད་དུ་གྱུར་ཏེ་མཐར་ཐལ་བའི་ཕུང་པོར་བར་སྣང་སྟོང་པའི་དབྱིངས་སུ་འཐོར་འགྲོ་བ་ངོས་འཛིན་བྱེད་ཅིང་ཡོད་པ་རེད།  དཔེར་བརྗོད་གོ་བདེ་ཤོས་ཞིག་ནི་དུས་ཚོད་དང་འབྱུང་བའི་ཁམས་སྦྱར་ནས་བཤད་ན།  ལོ་ཧྲིལ་པོ་གཅིག་ལ་དུས་ཚིགས་བཞི་ཡོད་པ་རེད།  དུས་ཚིགས་བཞི་ལས་གྲང་ཤོས་ནི་དགུན་ཁ་སྟེ་འབྱུང་བ་ཆུ་ཁམས་མཚོན་བྱེད་དང༌། ཚ་ཤོས་དབྱར་སྟེ་འབྱུང་བ་མེ་ཁམས་མཚོན་བྱེད་ཅིག་རེད།  དེ་ནི་ཚ་གྲང་གཉིས་ཀྱི་མཐའ་གཉིས་པོ་མེ་ཆུ་གཉིས་ཏེ་ལྷན་ཅིག་ཏུ་གནས་ཐབས་མེད་པ་ཞིག་ཆགས་ཡོད་པ་རེད།  ཡིན་ནའང་ལོ་གཅིག་གི་ནང་དུ་དེ་གཉིས་མཉམ་པོ་གནས་ཡོད་པ་མ་ཟད་ཕན་ཚུན་འབྲེལ་ནས་ལོ་གཅིག་གྲུབ་ཅིང་ཡོད་པ་རེད།  དེ་ནི་མེ་ཆུ་གཉིས་ཀྱི་བར་ལ་འབྲེལ་བྱེད་ས་རླུང་གཉིས་ཏེ་དཔྱིད་ཀ་དང༌།  སྟོན་ཀའི་དུས་གཉིས་ཀྱིས་འབྲེལ་ཡོད་པ་རེད།  དཔེར་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་ནང་དུ་འབྱུང་བ་བཞི་ཕན་ཚུན་འབྲེལ་ནས་ལས་ཀ་བྱེད་ཅིང་ཡོད་པ་རེད།  

གཉིས།   ལུས་ཁམས་བདེ་ཐང་ལ་གནོད་རྐྱེན།     

        སྤྱི་བཏང་རྒྱུ་འབྱུང་བ་བཞི་ལས་སྐྱེས་པའི་དངོས་པོ་གང་ཡིན་ཡང་སྐྱེས་པའི་ཐ་མ་དེ་འཇིག་པའི་ཆོས་ཅན་ཡིན་པ་ནི་སུས་ཀྱང་བཟློག་ཏུ་མེད་པ་ཞིག་རེད།  དེས་ན་མི་ཐམས་ཅད་སྐྱེས་པའི་རྗེས་སུ་འཆི་བ་ལས་གཡོལ་ཐབས་མེད་ཀྱང༌།  འགའ་ཞིག་ཚེ་མ་ཟད་པའི་སྔོན་ལ་ལུས་ཁམས་བདེ་ཐང་གི་གནོད་སྐྱོན་གྱིས་འཆི་འགྲོ་ཞིང་ཡོད་པ་དེ་དག་ནི་ དུས་མིན་འཆི་བ་ཞེས་ཟེར།  དུས་མིན་འཆི་བའི་རྐྱེན་མང་ཡང་མདོར་བསྡུས་ན་དུས་ དང༌། གདོན། ཟས ། སྤྱོད་ལམ་ བཅས་རིགས་བཞིའི་ནང་དུ་འདུས་ཡོད་པ་རེད།      
        དེ་ཡང་གོ་བདེ་བ་ཞིག་གིས་བཤད་ན།  མི་ཡི་ལུས་ཁམས་ལ་འབྱུང་བ་བཞི་པོ་དེ་ཆ་སྙོམ་པོའམ་རང་རང་གི་རན་ཚད་དང་མཐུན་པར་གནས་ན་ལུས་ཁམས་བདེ་ཐང་ཡིན་ལ།  འབྱུང་བ་བཞི་པོ་དེ་དག་ལས་གང་རུང་ཞིག་འཕེལ་ ནས་མང་དུ་ཕྱིན་པའམ། ཡང་ན་ཟད་ དེ་ཚད་ལས་མི་ལྡང་པར་གྱུར་པ་དང༌།  ཡང་ན་འབྱུང་བཞི་པོ་དེ་དག་ལུས་ཀྱི་ནང་དུ་རང་རང་གི་གནས་དང༌། ལམ་ལས་ལོག་སྟེ་གཞན་གྱི་གནས་དངལམ་དུ་ཕྱིན་ན་འབྱུང་བ་འཁྲུགས་ པ་སྟེ་དེ་ཐམས་ཅད་ནད་ཀྱི་རྒྱུ་ཆགས་འགྲོ་ཞིང་ཡོད་པ་རེད།  དེ་ལྟར་འབྱུང་བ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པའི་ནད་རིགས་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་ཚ་བའི་ནད་དང༌། གྲང་བའི་ནད་རིགས་གཉིས་ཀྱིས་ནང་དུ་འདུས་ཡོད་པ་རེད། 
1  དུས་ཀྱིས་རྐྱེན་པའི་ནད། དུས་ཞེས་པ་ཕྱི་སྣོད་འཇིག་རྟེན་གྱི་འབྱུང་བའི་དྲོད་ཚད་མི་འདྲ་བའི་དུས་ཚིགས་བཞི་སྟེ། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིག་མི་འདྲ་བ་བཞི་དང༌།  དྲོ་གྲང་མི་འདྲ་བའི་གནས་ཀྱི་དུས་བཅས་ལ་ཟེར།   དུས་ཚིགས་བཞིའི་འབྱུང་ཁམས་རྒྱུན་ལྡན་ལྟར་ན་ལུས་ཁམས་བདེ་ཐང་གི་རྒྱུ་ཡིན་ལ།  དུས་བཞིའི་འབྱུང་ཁམས་དམན་ལྷག་ལོག་པའི་སྐྱོན་བྱུང་ན་དེས་འགྲོ་བ་མིའི་ལུས་ཁམས་ཀྱི་འབྱུང་བ་བཞི་ལ་འཕེལ་ཟད་འཁྲུག་པའི་རྐྱེན་བྱེད་ཅིང་ནད་སློང་གི་ཡོད་པ་རེད།   དཔེར་ན།  དབྱར་དུས་ཚ་བའི་དྲོད་ཚད་མ་ལྡང་པ་དང༌།  དགུན་དུས་གྲང་ཚད་མ་ལྡང་པ་ཡིན་ན་དེ་ལ་དུས་ཀྱི་འབྱུང་ཁམས་དམན་པ་ཟེར། དེས་མིའི་ལུས་ཁམས་ཀྱི་འབྱུང་བ་ཆ་མ་སྙོམ་པའི་རྐྱེན་བྱེད་ཅིང་ཡོད་པ་དང༌།  ཡང་དབྱར་དུས་དྲོད་ཚད་ཅུང་ཟད་བརྒལ་བ་དང༌།  དགུན་དུས་གྲང་ཚད་ལས་ཅུང་བརྒལ་བ་ཡིན་ན་དེ་ལ་དུས་འབྱུང་ཁམས་ལྷག་པའི་སྐྱོན་ཟེར།  དེས་མིའི་ལུས་ཁམས་ལ་འབྱུང་བ་ཆ་མི་སྙོམ་པའི་སྐྱོན་བྱེད་ཅིང་ཡོད།  དབྱར་དུས་གྲང་བར་གྱུར་པ་དང༌།དགུན་དུས་དྲོ་བར་གྱུར་ན་དུས་ཀྱི་འབྱུང་ཁམས་ལོག་པ་ཡིན་པས་དེས་ལུས་ཀྱི་འབྱུང་ཁམས་འཁྲུག་པའི་ནད་སྐྱེད་ཅིང་ཡོད་ལ། དུས་དམན་ལྷག་ལོག་པས་ནད་ཀྱི་རྒྱུ་རྐྱེན་བྱེད་ཅིང་ཡོད་པར་ངོས་འཛིན་ཞིང་ཡོད། 
2  གདོན་གྱིས་རྐྱེན་པའི་ནད། གདོན་ཞེས་པ་ནི་གློ་བུར་བའི་རྐྱེན་གང་ཞིག་གིས་མིའི་ལུས་ཁམས་ཀྱི་རླུང་ཁྲག་གི་རྒྱུ་ལམ་བཀག་ནས་ཚེ་སྲོག་ལ་བར་ཆད་བྱེད་པའི་ནད་རིགས་ཞིག་ལ་ཟེར།  དེ་ལ་རིང་བའི་རྒྱུ་དང༌།  ཉེ་བའི་རྒྱུ་ གཉིས་ཡོད་པར་འདོད།  ཉེ་བའི་རྒྱུ་ནི་གློ་བུར་དུ་མིའི་ལུས་ཁམས་བདེ་ཐང་ལ་བར་ཆད་བྱེད་པའི་རྐྱེན་ཏེ། དཔེར་ན། མི་གཙང་བའི་དངོས་རྫས་ཀྱི་གོས་པའི་བཟའ་བཏུང་ལ་སོགས་པའི་དངོས་པོ་མི་གཙང་བའི་རིགས་དང༌། ཁོར་ཡུག་མི་གཙང་བ་ལས་བྱུང་བའི་འབག་བཙོག་དང༌། ནད་འབུ་ཕྲ་མོ་དེ་དག་མིའི་ཁ་སྣ་བརྒྱུད་དེ་ལུས་ཀྱི་ནང་གི་རྩ་ལམ་དང༌། རླུང་ཁྲག་གི་རྒྱུ་བ་བཀག་འགོག་བྱས་པས་ན་ཟུག་ལངས་པ།  དྲན་མེད་བརྒྱལ་བ།  རིག་པ་འཁྲུལ་བ་ལ་སོགས་ཀྱི་ནད་དང༌། གཞན་ཡང་ལུས་ཀྱི་ཕྱི་རོལ་དུ་ཐེབས་པའི་གློ་བུར་དུ་བྱུང་བའི་རྐྱེན་གྲི་མཚོན་དང༌། རྡོ་དབྱུག་སོགས་ཀྱིས་བརྡབ་པའི་རྐྱེན་གྱིས་ལུས་ཁམས་ཀྱི་རླུང་ཁྲག་གི་རྒྱུ་བ་འགག་པའི་ནད་རིགས་དེ་དག་ནི་ཉེ་རྒྱུའི་གདོན་ལས་བྱུང་བའི་ནད་རིགས་ཟེར། གདོན་ནད་ཀྱི་རིང་བའི་རྒྱུ་ནི།  ལྷ་སྲིན་སྡེ་བརྒྱད་གང་རུང་གི་གདོན་འདྲེ་ཞིག་གིས་གནོད་པ་བྱེད་ཅིང་ཡོད་པར་ངོས་འཛིན་ཡོད་པ་སྟེ།  གསོ་རིག་རྒྱུད་བཞི་ལས།“རིམས་ཞེས་བྱ་བའི་ནད་འབྱུང་རྒྱུ་རྐྱེན་ནི། །ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན། །མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད། །སྔགས་པ་རྣམས་ནི་རྡོ་རྗེའི་ནང་དམེ་དར། །དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུག་བྱེད། །མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན། །སྐྱེ་བོ་རྣམས་ནི་མནའ་འཐབ་ཤན་དམར་བྱེད། །དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ། །ནད་ཀྱི་ཁ་རླངས་སྲིན་དུ་ཆགས་པ་ལས། །བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་འབྱུང༌།”ཞེས་གློ་བུར་བའི་རིམས་རྣམས་ཀྱི་རིང་རྒྱུ་བསྟན་པ་རེད།
        གནའ་བོའི་དུས་སུ་བོད་ལ་ཉེན་ཁ་དང་ཞེད་སྣང་ཆེ་ཤོས་ཀྱི་ནད་རིགས་ནི་མཛེ་ནད་ཅེས་པ་དེ་རེད།  མཛེ་ནད་ཀྱིས་ཟིན་ན་རང་གི་ཁྱིམ་མི་དང་མི་གཞན་ལ་མི་འགོས་པའི་ཆེད་དུ་མ་ཤི་བའི་སྔོན་ནས་དུར་ཁྲོད་དང་ཉེ་བའི་ས་ཞིག་ན་ཁང་བཟོ་ནས་དེར་བསྡད།  དེ་ནི་གདོན་ནད་གཙོ་བོ་ཞིག་ལ་ངོས་འཛིན་ཅིང་ཡོད་ལ།  གདོན་དེ་བཏང་མཁན་ནི་ཀླུ་ཡིན་པ་དང༌།  བཏང་དགོས་པའི་རྒྱུ་མཚན་ནི་མི་རྣམས་ཀྱིས་ས་གཉན་སློག་པ་དང༌། ཆུ་གཉན་དྲངས་པ། ཤིང་གཉན་བཅད་པ།  རྡོ་གཉན་གཟུ་བ་ལ་སོགས་ཁོར་ཡུག་ལ་གཏོར་བཤིག་བྱས་པའི་རྐྱེན་གྱིས་ཀླུ་རྣམས་ཁྲོས་ཏེ་མཛེ་ནད་ཅེས་ནད་འབུ་བཏང་ཞིང་མི་རྣམས་ལ་གནོད་པ་བྱེད་ཅིང་ཡོད་པ་དང༌།  ནད་འབུ་དེ་ནི་ཉེ་བའི་གདོན་དང༌།  ཀླུ་ནི་རིང་བའི་གདོན་ཡིན་པར་བཤད།  དེ་ཡང་བོན་གྱི་གསོ་རིག་ནད་འབུམ་ནག་པོ་ལས།  “ནམ་ཞིག་ལྔ་བརྒྱའི་དུས་ལ་བབ་ཙ་ན། །བསྐལ་པའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བས། །མི་རྣམས་བསོད་ནམས་མར་འགྲིབ་དབུལ་པོར་འགྱུར། །ས་གཉན་རྨོས་ལ་སྤང་གཉན་རོལ་དུ་བཤས། །ཆུ་གཉན་ཡུར་དྲང་ཤིང་གཉན་སྟ་རེས་གཏུབ། །རྡོ་གཉན་གཟུས་བཟློག་རི་གཉན་རྩི་ཤིང་བྲག  །མི་གཙང་ཤན་དམར་ཐབ་གཞོབ་འཇོལ་ཉོག་སྤྱོད། །བན་བོན་ནུས་པས་འཇིག་རྟེན་ལྷ་ལ་རེ། །གཉན་ས་ཨར་གཏད་དཀྲུགས་པས་དགྲ་ཐུལ་ཏེ། །དེ་བས་ཀླུ་གཉན་ས་བདག་ཐམས་ཅད་འཁྲུགས། །རེག་མཐོང་ཁ་རླངས་བསམ་པའི་དུག་འཕྲོས་པས། །ཙི་ཙི་ཛ་ལ་འབར་བའི་སྐལ་པ་དར།”ཞེས་མཛེ་ནད་ཀྱི་རིང་རྒྱུ་གསལ་པོ་བསྟན་ཡོད་པ་རེད། 
3  ཟས་ཀྱིས་རྐྱེན་པའི་ནད ཟས་དམན་ལྷག་ལོག་གསུམ་པོ་ནི་ལུས་ཁམས་བདེ་ཐང་ལ་གནོད་པར་བྱེད་པའི་རྐྱེན་གཙོ་ བོ་ཞིག་ཆགས་ཡོད་པ་རེད།  དེ་ཡང་ཟས་དམན་པ་ཞེས་པ་ནི། ཟས་བཅུད་མི་ལྡང་བ་དང༌།  ལུས་ཁམས་ལ་དགོས་པའི་འབྱུང་བའི་རྫས་རིགས་མ་ལྡང་པ་ལ་ཟེར། ལྷག་པ་ནི།  ཟས་བཅུད་དང་།  འབྱུང་བའི་རྫས་མང་དྲག་པ། ལོག་པ་ནི།  ཟས་དུག་ཅན་དང་།  རུལ་སུན་ཅན།  དུས་ལས་ཡོལ་བའི་ཟས་རིགས་རྣམས་ལ་ཟེར།  
4  སྤྱོད་ལམ་གྱིས་རྐྱེན་པའི་ནད། སྤྱོད་ལམ་དམན་ལྷག་ལོག་གསུམ་ནི་ནད་རིགས་སྣ་ཚོགས་བསྐྱེད་པའི་རྐྱེན་གཙོ་བོ་ཞིག་ཆགས་ཡོད་པ་རེད།   དེ་ཡང་སྤྱོད་ལམ་དམན་པ་ཞེས་པ་ལུས་ངག་ཡིད་གསུམ་འགུལ་བསྐྱོད་མ་ལྡང་བའི་རྐྱེན་གྱིས་སྐྱེད་པའི་ནད་རིགས་རྣམས་སོ།  སྤྱོད་ལམ་ལྷག་པ་ཞེས་པ་རང་ལུས་ཀྱི་ནུས་ཚད་ལས་བརྒལ་བའི་ལས་ཀ་དང༌།  སྐད་ཆ་མང་དྲག་པ།  བསམ་བློ་བཏང་དྲག་སོགས་ཀྱིས་བསྐྱེད་པའི་ནད་རིགས་རྣམས་ལ་ཟེར།
        སྤྱོད་ལམ་ལོག་པ་ཞེས་པ་ལུས་ཀྱི་ནུས་ཚད་ལས་བརྒལ་བའི་ལས་ཏེ།  དཔེར་ན།  ལུས་ཀྱི་རང་བཞིན་གྱི་གནས་ཚད་ལས་བརྒལ་བའི་བཟོད་བསྲན་བྱེད་པ། དཔེར་ན། གཅིན་སྐྱག་བསྲན་དྲག་པ་ལྟ་བུ།  ལུས་ཀྱི་ནུས་ཚད་ལས་བརྒལ་བའི་ལས་བྱེད་པ་དཔེར་ན།  ཚད་ལས་བརྒལ་བའི་ཁུར་ཁྱེར་བ་ལྟ་བུ།   སྤྱི་ཚོགས་ཀྱི་འབྲེལ་བ་ལོག་པ་དཔེར་ན།  དགྲ་ཡ་མང་པོ་བཙལ་བ་ལྟ་བུ་རྣམས་སོ།   སྤྱོད་ལམ་དེ་རྣམས་ནི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་ལ་གནོད་པའི་ལས་ཤ་སྟག་ཡིན།   དེ་ལྟར་རྐྱེན་བཞི་པོ་དེ་དག་ལས།  སྔ་མ་དུས་དང་གདོན་གཉིས་ནི་ཕྱི་རོལ་ཡུལ་ལས་བྱུང་བའི་རྐྱེན་ཡིན་སྟབས།  རྐྱེན་དེ་མི་ཡོང་བ་བྱེད་པ་ལ་ང་ཚོ་སྤྱི་ཚོགས་ཐུན་མོང་གི་ལས་འགན་ཡིན་པ་ལས། མི་སྒེར་ཁ་ཤས་སྒྲུབ་ཐུབ་ཐབས་མེད་པ་ཞིག་རེད།  དཔེར་ན།  དབྱར་དགུན་སྟོན་དཔྱིད་ཀྱི་དུས་དྲོ་གྲང་མི་སྙོམ་པ་ནི་ཁོར་ཡུག་གི་རྐྱེན་ལས་བྱུང་བ་ཡིན་པ་དང༌།  གདོན་ནད་དེ་དག་ནི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་གཏོར་བཤིགས་དང༌། མི་གཙང་བ་བྱས་པ་ལས་བྱུང་བའི་འབག་བཙོག་དང༌། དུག་རིགས་ལས་བྱུང་བ་ཞིག་པས་ཡུལ་ལྷ་དང༌། གཞི་བདག་ལ་ཕོག་ཐུག་དང༌། འགྲམ་འཁྲུགས་མི་ཡོང་བའི་བྱ་ནི་སྤྱི་ཚོགས་ཐུན་མོང་གི་བསྒྲུབ་དགོས་པ་ཞིག་རེད།  དེ་ལྟར་སྤྱི་ཚོགས་ཐུན་མོང་གིས་ལས་ལས་བྱུང་བའི་ནད་རིགས་དེ་ཀྱང༌།  ཕལ་ཆེར་ཡམས་ནདcontagious དང༌། རིམས་ནདepidemic ཡིན་སྟབས་སྤྱི་ཚོགས་ཐུན་མོང་གི་མི་རྣམས་ལ་འགོས་ནས་ཁྱབ་འགྲོ་ཞིང་ཡོད་པ་རེད།  དཔེར་ན། ནད་འབུ་ཕྲ་མོ་ལས་བྱུང་བའི་ཆམ་རིམས་དང༌། འབྲུམ་འབུ་ལྟ་བུའི་ནད་ཡམས་རེད།  ང་ཚོས་ཕྱི་རོལ་ཡུལ་གྱི་འབྱུང་བ་དང༌། ནང་ལུས་ཁམས་ཀྱི་འབྱུང་བ་གཉིས་ཕན་ཚུན་མཐུན་པོར་ཡོང་བ་དེ་ཕྱོགས་གང་ཐད་ལ་གལ་ཆེན་པོ་བརྩི་ཞིང་ཡོད་པ་རེད། ཡུལ་དང་ལུས་ཀྱི་འབྱུང་བ་གཉིས་མཐུན་པོར་བྱུང་ན་ལུས་ཁམས་བདེ་ཐང་ཡོང་བ་མ་ཟད།  ལས་དང་བྱ་བ་གང་བྱས་ཀྱང་ལམ་འགྲོ་ཡོད་པ་དང༌།  ཡུལ་དང་ལུས་ཀྱི་འབྱུང་བ་གཉིས་མ་མཐུན་པ་ཡིན་ན་བྱ་བ་གང་བྱས་ལམ་འགྲོ་མེད་པར་ཡོང་བར་འདོད་ཅིང་ཡོད་སྟབས།   ང་ཚོས་སྡོད་གནས་ཀྱི་ཁང་པ་བཟོ་ས་དང༌།  མི་ཤིའི་དུར་སྦ་ས་སོགས་ལ་དོ་སྣང་ཆེན་པོར་བྱ་ནས་ས་དཔྱད་བརྟག་པར་ གལ་ཆེན་པོ་ཞིག་བརྩི་ཞིང་ཡོད་པ་རེད། དཔེར་ན།  སྡོད་གནས་ཀྱི་ཁང་པའི་གནས་ཀྱི་འབྱུང་ཁམས་དང༌། ཁྱིམ་བདག་ དེའི་འབྱུང་ཁམས་མི་མཐུན་པར་འཕྲད་པ་ཡིན་ན།  རང་གི་ལུས་ཁམས་ལ་གནོད་སྐྱོན་ཡོད་པ་མ་ཟད་ཁྱིམ་མི་སྤྱི་དང༌། སྒོ་ཕྱུགས་སོགས་ལ་གནོད་པ་ཡོང་བ་མ་ཟད།  ཚོང་གི་སོ་ནམ་གྱི་ལས་ལ་ཡང་གོད་ཆག་ཡོང་བར་འདོད་ཀྱི་ཡོད་པ་རེད།  གང་ཟག་སོ་སོའི་ལུས་ཁམས་ཀྱི་འབྱུང་བའི་ཁམས་མི་འདྲ་བའི་དབང་གིས།  མི་གཅིག་ལ་མི་འཕྲད་པའི་གནས་དེ་མི་གཞན་ལ་འཕྲད་ཅིང་ལམ་འགྲོ་ཡོད་པ་ཡང་འོང་སྲིད་པ་ཞིག་རེད། 
        ཡུལ་དང་ལུས་ཁམས་མི་འཕྲད་པའི་ནད་དེ་ཡང༌།  གང་ཟག་སོ་སོ་དང་འབྲེལ་བ་ཡོད་སྟབས།  གང་ཟག་མི་འདྲ་བ་གཉིས་གནས་གཅིག་ཏུ་བསྡད་པ་ན།  གཅིག་ལ་འཕྲད་ཅིང་ལུས་བདེ་བ་དང༌། གཅིག་ཤོས་ལ་མི་འཕྲད་པས་རྟག་པ་ན་ཚ་ཡོང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། 
        བོད་ཀྱི་རིག་གནས་ལྟར་ན་དེང་དུས་ནད་རིགས་གསར་པ་སྤྱི་ལོ1981ལོར་གསར་རྙེད་བྱུང་བའི་ཨེ་ཙིའི་ནད་ཡམས་དང༌།  སྤྱི་ལོ2002ལོར་གསར་རྙེད་བྱུང་བའི་རྒྱ་ནད་སར་སི་རྣམས་ཀྱང་གདོན་ནད་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན་ལ།   སྤྱི་ཚོགས་ཐུན་མོང་གི་ལས་ལས་བྱུང་བའི་ནད་རིགས་དེ་དག་སྔོན་འགོག་བྱེད་པ་ལ་ཐུན་མོང་གི་མཉམ་ལས་བྱེད་དགོས་པ་ཞིག་ཡིན་པ་ལས། གང་ཟག་རེ་གཉིས་ཀྱིས་བྱེད་ཐུབ་ཡས་ཞིག་མ་རེད།  དེ་ལྟ་བུའི་གདོན་ནད་ཞིག་བྱུང་ཚར་ན་ལས་སླ་པོས་བཅོས་ཐབས་རྙེད་དཀའ།  དཔེར་ན།  མཛེ་ནད་བྱུང་ནས་ལོ་སྟོང་ཕྲག་ལྷག་ཙམ་བར་བཅོས་ཐབས་མ་རྙེད་པ་རེད། བོད་ཀྱི་ལོ་རྒྱུས་ཡིག་ཆ་ལྟར་ན་སྤྱི་ལོའི་དུས་དྲུག་པའི་དུས་དཀྱིལ་ཙམ་དེར་བོད་རྒྱལ་སུམ་བཅུ་པ་འབྲོང་གཉན་ལྡེའུ་མཛེ་ནད་ཀྱིས་ཟིན་པའི་ལོ་རྒྱུས་ཡོད་པ་རེད། དེ་ནས་སྤྱི་ལོ1970པའི་ནང་བར་དུ་བཅོས་ཐབས་ཀྱི་སྨན་མ་རྙེད་པ་རེད། 
        དེང་དུས་ཚན་རིག་ལག་རྩལ་ཧང་དར་རྒྱས་ཆེན་པོར་བྱུང་ཡོད་ནའང་ཨེ་ཙིའི་ནད་ལ་འཛམ་བུའི་གླིང་གི་རྒྱལ་ཁབ་ཚོས་ཕལ་ཆེར་ཨ་སྒོར་ས་ཡ་མང་པོའི་འགྲོ་སོང་བཏང་ནས་མཁས་པ་ཚོས་ད་བར་དུ་ལོ་ངོ་༢༨་ཀྱི་རིང་ལ་ཞིབ་འཇུག་བྱས་ཡོད་ཀྱང་བཅོས་ཐབས་རྙེད་མེད་པ་རེད།  བྱས་ཙང་དེ་ལྟ་བུའི་གདོན་ནད་གསར་དུ་མི་འབྱུང་བའི་ཆེད་དུ་ང་ཚོ་སྤྱི་ཚོགས་ཐོག་གི་མི་ཚང་མས་ཐུན་མོང་གིས་ཕྱི་རོལ་གྱི་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད།  དེང་དུས་འཛམ་བུ་གླིང་གི་རྒྱལ་ཁབ་ཚང་མས་དོ་སྣང་ཆེ་ཤོས་གཅིག་ནི་གོ་ལའི་དྲོད་ཚད་མཐོ་རུ་འགྲོ་རྒྱུ་དེ་རེད། དེ་ནི་བོད་ཀྱི་གསོ་རིག་ལྟར་ན་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་རེད།  དེ་ནི་མི་རྣམས་ཀྱིས་ཁོར་ཡུག་ལ་གནོད་པར་བྱས་པའི་རྐྱེན་གྱིས་ཕྱི་རོལ་ཡུལ་གྱི་འབྱུང་ཁམས་མ་སྙོམ་པར་གྱུར་པའི་འབྲས་བུ་ཞིག་ཡིན་སྟབས། དུས་དམན་ལྷག་ལོག་པའི་རྐྱེན་དུ་འགྱུར་འགྲོ་ཞིང་ཡོད་པ་རེད།  རྐྱེན་དེས་ནི་ཨེ་ཙིའི་ནད་ཡམས་དང་འདྲ་བའི་བཅོས་ཐབས་དཀའ་བའི་འགོས་ནད་གསར་པ་སྣ་ཚོགས་བཟོ་སྲིད་པ་ཞིག་རེད།  གནའ་བོའི་བོད་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་དངོས་པོ་ཐམས་ཅད་ལ་རང་རང་གི་ལྷ་རེ་ཡོད་པས་དེ་དག་ལ་གང་བྱུང་གིས་གཏོར་བཤིགས་བྱས་ན་ལྷ་འདྲེ་ཁྲོས་པའི་ནད་ཡམས་ཡོང་ལ་འཇིགས་ནས་ཁོར་ཡུག་སྲུང་སྐྱོབ་ཡག་པོར་བྱས་ཡོད་པ་དང༌།  གལ་སྲིད་ས་ཞིང་གསར་པ་རྨོ་བ་དང༌། ཁང་པ་གསར་པ་བཟོ་བ། དུར་ས་བཅོས་པ་སོགས་ཀྱི་ལས་བྱ་དགོས་ན་ངེས་པར་དུ་ཐོག་མར་རང་བྱུང་ཁམས་ཀྱི་ལྷ་རྣམས་ལས་དེ་དག་སློང་མོ་བྱ་བའི་ཆོ་ག་སོགས་མ་བྱས་པ་གང་བྱུང་གིས་ས་བརྐོ་བ་དང༌།  ཤིང་བཅད་པ་སོགས་བྱེད་སྲོལ་མེད་པར་ཆགས་ཡོད་པ་རེད།  
        དེ་བཞིན་དུ་རི་དྭགས་དང་དང༌།  གཅན་གཟན་རྣམས་ནི་ཡུལ་ལྷ་གཞི་བདག་རྣམས་ལ་དབང་བའི་སྒོ་ཕྱུགས་ཡིན་སྟབས་གང་བྱུང་གིས་བསད་ན་དེ་དག་གིས་འཁོན་ལན་ཡོང་བར་དོགས་ནས་བསད་མཁན་ཧ་ཅང་དཀོན་པོ་ཡིན་སྟབས།  སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་ཀ་ཡང་ཧ་ཅང་ཡག་པོ་བྱུང་ཡོད་པ་རེད།  དེ་ལྟར་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་ཁོར་ཡུག་དང༌། སྲོག་ཆག་ལ་སྲུང་སྐྱོབ་ཚད་མེད་པ་ཞིག་བཟོས་ཡོད་པ་རེད། རྐྱེན་ཕྱི་མ་ཟས་དང༌། སྤྱོད་ལམ་གཉིས་ནི་གང་ཟག་སོ་སོའི་དོག་གཟབ་བྱ་རྒྱུ་ཡིན་ཞིང༌།  དེ་གཉིས་ལས་བྱུང་བའི་ནད་རིགས་རྣམས་ཀྱང་ཕལ་ཆེར་མི་སྒེར་ལ་འབྱུང་བ་ཙམ་ལས་མི་གཞན་ལ་འགོས་ནས་ཁྱབ་པའི་ནད་རིགས་ཞིག་མིན།  དེས་ན་ཟས་དང་སྤྱོད་ལམ་གཉིས་ལས་འབྱུང་བའི་ནད་རིགས་རྣམས་སྔོན་འགོག་བྱ་དགོས་ན་གང་ཟག་སོ་སོའི་འཚོ་བ་དང༌།  སྤྱོད་ལམ་ལ་དོ་སྣང་བྱ་དགོས་པ་ཞིག་རེད། 
        ལུས་ཀྱི་འབྱུང་བ་ཆ་མ་སྙོམ་པ་སྙོམ་པ་བྱེད་པ་ལ།  ཕྱི་རོལ་དངོས་པོའི་རྫས་ཀྱིས་འབྱུང་ཁམས་ཀྱིས་ཆ་སྙོམ་པར་བྱ་བ་དང༌།  ལུས་ནང་གི་འབྱུང་བའི་རྫས་ཕྲ་བ་རྩ་རླུང་གི་སྦྱོང་ནས་ཆ་སྙོམ་པོར་བྱེད་གཉིས་གཙོ་བོར་བསྟན་དགོས། ནང་གི་རྩ་རླུང་གིས་ནུས་པས་ཀླད་པའི་ནད་དང༌།  རྩ་དཀར་གྱི་ནད་དང༌།  རླུང་ཁྲག་འཁོར་བསྐྱོད་ཀྱྀ་ནད་སོགས་ལ་ཕན་ནུས་དམིགས་བསལ་ཡོད་པ་ཞིག་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།