ཐུབ་པའི་སྐྱེས་རབས་གཏམ་རྒྱུད་ཀྱི་མི་དམངས་རང་བཞིན་གླེང་བ།
ཐུབ་པའི་བཀའ་ནི་ནང་བ་སངས་རྒྱས་པའི་ལུགས་ཀྱི་རྩ་བ་ཡིན་ལ། གསོ་བ་རིག་པ་དང་བཟོ་བ་རིག་པ། སྐར་རྩིས་རིག་པ། ཚད་མ་རིག་པ་ལ་སོགས་པའི་བང་མཛོད་ཡིན་པར་མ་ཟད། རྒྱ་གར་གནའ་རབས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་འཚོ་བ་མཚོན་པའི་གཏམ་རྒྱུད་སྣ་ཚོགས་ཀྱི་རྒྱ་མཚོ་ཞིག་ཀྱང་རེད། དེའི་ནང་དུ་སྟོན་པ་ཤཱཀྱ་ཐུབ་པས་ཆོས་གསུང་སྐབས་སྔོན་བྱུང་གི་གཏམ་ལ་དྲངས་ཏེ་གསུངས་པའི་རྟོགས་བརྗོད་དང་། བཅོམ་ལྡན་འདས་ཀྱིས་སྔོན་བསྐལ་བ་གྲངས་མེད་གསུམ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་གྲགས་པའི་སྐྱེས་རབས་གཏམ་རྒྱུད། སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར། སྐབས་དེའི་རྒྱལ་ཕྲན་སོ་སོའི་རྒྱལ་བོ་དང་གཙོ་འཁོར་རྣམས་ཀྱི་རྟོགས་པ་བརྗོད་པ་བཅས་གཏམ་རྒྱུད་རིགས་མི་འདྲ་བ་བཞི་ཡོད་པ་ལས། ཐུབ་པའི་སྐྱེས་རབས་གཏམ་རྒྱུད་ནི《སྙིང་རྗེ་པདྨ་དཀར་པོའི་མདོ》ལས། “ཀུན་དགའ་བོ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་འདི་རྣམ་པར་འཕེལ་བ་དང་། ཡོངས་སུ་མི་ཉམས་པ་དང་། ཀུན་ཏུ་སྲུང་ཞིང་སྦ་བ་དང་། ཆུད་མི་ཟོས་པར་བྱ་བའི་ཕྱིར། ཁྱོད་ལ་དཔེ་བསྟན་པར་བྱ་སྟེ་འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་དཔེས་སྨྲས་པའི་དོན་ཤེས་པར་འགྱུར་རོ”ཞེས་པ་བཞིན་སྟོན་པ་ཤཱཀྱ་ཐུབ་པས་ཆོས་ཉན་མཁན་ནམ་ཞུ་མཁན་རྣམས་ཀྱིས་ཆོས་ཀྱི་དོན་གོ་ཞིང་རྟོགས་སླ་བ་དང་རྟོགས་ནས་ཀྱང་ཀུན་ལ་སྤེལ་བའི་ཕྱིར། ངོ་མཚར་ཞིང་ཡིད་འགུག་པའི་གཏམ་རྒྱུད་ལ་སྦྱར་ནས་གསུངས་པ་ཡིན་པས། རྒྱལ་བོའི་བཀའ་འགྱུར་ཞིང་འཕེལ་བའི་ས་ཆ་དང་རྒྱལ་ཁབ་ལ་ཐུབ་པའི་སྐྱེས་རབས་གཏམ་རྒྱུད་ཀྱང་ཆུ་བཞུར་སར་ཉ་སླེབས་པ་བཞིན་རང་ཤུགས་སུ་ཁྱབ་པ་སྟེ། དཔེར་ན། ཡ་གླིང་ཤར་ལྷོའི་རྒྱལ་ཁབ་སིང་གཱ་ལ་དང་། འབར་མ། ལའོ་བོ། ཇན་ཕུའུ་ཀྲེ། ཐའེ་གོ ཧིན་རྡུ་ཉི་ཞི་ཡ། བལ་བོ། འབྲུག་ཡུལ། འབྲས་ལྗོངས། འཐར་པན། ཁྲའོ་ཞན། ཕྱི་སོག རང་རྒྱལ་གྱི་རྒྱལ་དང་བོད། སོག་པོ། ཏའེ་རིགས་སོགས་ལ་ཐུབ་པའི་སྐྱེས་རབས་བརྒྱ་ཕྲག་མང་པོ་ཁྱབ་པར་མ་ཟད། ཐུབ་བསྟན་པ་དང་རྩོམ་པ་པོ་རྣམས་ཀྱིས་རང་གི་སྟོན་པའི་ཆེ་བ་བརྗོད་ནས་དེར་དད་མོས་མེད་པ་རྣམས་ཀྱི་ཡིད་ལ་དད་མོས་བསྐྱེད་པ་དང་། དད་མོས་ལྡན་པ་རྣམས་ཀྱི་ཡིད་ལ་དགའ་བ་བསྐྱེད་ནས་བྱང་ཆུབ་དམ་པའི་ལམ་ལ་བསྐུལ་ཞིང་། རང་གི་རྩོམ་ལ་ལྟ་བར་སྤྲོ་བ་འདྲེན་པ་དང་དེ་རྒྱ་ཆེར་སྤེལ་བའི་དོན་དུ། ཐུབ་པའི་སྐྱེས་རབས་ལ་སྦྱར་ནས་སྒྲུང་གཏམ་དང་སྙན་ངག རྣམ་ཐར། ལེགས་བཤད། རྟོགས་བརྗོད་སོགས་སྒྱུ་རྩལ་རྩོམ་རིག་སྣ་ཚོགས་རྩོམ་པ་དང་རི་མོར་འབྲི་བ། འབག་སྐུར་བཞེངས་བ་བཅས་བྱེད་ཅིང་། ཐུབ་པའི་སྐྱེས་རབས་གཏམ་རྒྱུད་དེ་དག་གཞན་ལ་སློབ་གསོ་གཏོང་བའི་མ་དཔེ་དང་རང་གི་བྱ་སྤྱོད་ལ་ཁྲིད་སྟོན་བྱེད་པའི་ཕྱོགས་སྟོན་འཁོར་ལོར་བྱེད་པ་རེད། དེ་མིན་རྒྱ་ཆེའི་དམངས་ཁྲོད་དུའང་ཐུབ་པའི་སྐྱེས་རབས་དེ་དག་མི་རྣམས་ཀྱིས་སྐྱོ་བ་བསང་བའི་གླུ་དང་ངལ་བ་གསོ་བའི་སྨོན་དུ་འཆད་པ་རེད།
ཐུབ་པའི་སྐྱེས་རབས་གཏམ་རྒྱུད་དེ་རྒྱལ་ཁབ་དང་མི་རིགས་དེ་འདྲ་མང་པོ་ཞིག་ཏུ་ཁྱབ་ཅིང་ནུབ་པ་དེ་འདྲ་ཆེན་པོ་ཞིག་ཐོན་པའི་རྒྱུ་མཚན་ནི། དེར་ཕུན་སུམ་ཚོགས་པའི་ནང་དོན་དང་ཡིད་སེམས་འགུག་བའི་བྱུང་རིམ། གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་ཉམས་སྣང་བཅས་ལྡན་པ་ལས་གཞན། ད་དུང་མི་དམངས་ཀྱི་རང་བཞིན་ཚད་མཐོན་པོ་ཞིག་ལྡན་པ་དེ་རེད། དེར་བརྟེན་ཁོ་བོས་འདིར་གླེང་པར་བྱ་བའི་གཞི་ཡང་གཏམ་རྒྱུད་དེ་དག་གི་མི་དམངས་རང་བཞིན་ལགས།
དེ་ཡང་སྟོན་པ་ཤཱཀྱ་ཐུབ་པ་དེ་འཁོར་ལོས་བསྒྱུར་བའི་རྒྱལ་བོའི་རིགས་སུ་འཁྲུངས་ཤིང་། དགུང་ལོ་ཉེར་དགུའི་བར་དུ་རྒྱལ་བོའི་ཕོ་བྲང་གི་འཚོ་བ་དང་རིག་གནས་སློབ་གསོ་མྱངས་པར་མ་ཟད། སྐུ་ཚེ་སྨད་ལའང་རྒྱ་གར་གྱི་སྟོབས་འབྱོར་མངའ་ཐང་ལྡན་པའི་རྒྱལ་བོ་གཟུགས་ཅན་སྙིང་བོ་དང་མ་སྐྱེས་དགྲ། གསལ་རྒྱལ། འཆར་བྱེད་ལ་སོགས་པའི་དབུ་བླར་བཞུགས་ཤིང་། དེ་དག་གིས་དཔལ་འབྱོར་གྱི་མཐུན་རྐྱེན་བསྒྲུབས་པ་ལ་བརྟེན་ནས་འཚོ་གཞེས་གནང་བ་དང་ཆོས་ལུགས་སྤེལ་པ་རེད། ལར་ཡིན་ན་ཁོང་གི་སྐུ་ཚེ་ཧྲིལ་བོའི་འཚོ་བ་དེ་དབང་བསྒྱུར་གྲལ་རིམ་དང་འབྲེལ་མེད་དུ་གནས་པས། ཁོང་གི་སྒྱུ་རྩོམ་དུའང་དབང་བསྒྱུར་གྲལ་རིམ་གྱི་ཁེ་ཕན་མཚོན་པར་བྱས་ན་རིགས་ཀྱང་། ཐུབ་པའི་སྐྱེས་རབས་མང་ཆེ་བར་དེ་ལས་ལོག་པར་མི་དམངས་རང་བཞིན་མཚོན་ཡོད་པ་སྟེ། རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་ཡ་ང་བའི་དམག་འཁྲུག་གི་འཇིགས་པ་དང་། དབང་བསྒྱུར་གྲལ་རིམ་གྱི་གཉའ་གནོན་དང་བཤུ་གཞོག་མྱོང་ཞིང་། མུ་གེ་དང་ནད་ཡམས་སོགས་རང་བྱུང་གནོད་འཚེའི་སྡུག་བསྔལ་མྱངས་པ་མཚོན་པ། མི་དམངས་སྡུག་བསྔལ་དེ་དག་ལས་བསྒྲལ་བའི་དོན་དུ་ཕངས་པའི་ཆོས་བཅུ(1)ཡོངས་སུ་བཏང་བའི་བདག་པས་གཞན་གཅེས་ཀྱི་སྐྱེས་བུ་དམ་པ་རྣམས་ལ་བསྟོད་བསྔགས་བརྗོད་པ་དང་། བྲམ་ཟེའི་རིགས་ཀྱིས་མི་དང་དུད་འགྲོ་མཆོད་སྦྱིན་བྱེད་པའི་དམུ་རྒོད་ཀྱི་ལུགས་སྲོལ་དང་རང་མཆོག་གཞན་དམན་གྱི་རིགས་འབྱེད་ལམ་ལུགས་དང་། གསོད་གཏུབ་འཕྲོག་བཅོམ་སོགས་ཚུལ་མིན་དང་དམུ་རྒོད་ཀྱི་སྤྱོད་པར་ངོ་རྒོལ་བྱེད་ཅིང་། དབང་བསྒྱུར་གྲལ་རིམ་གྱི་བག་མེད་ལོངས་སྤྱོད་ཀྱི་འཚོ་བའི་སྤྱོད་སྟངས་མཚང་འབྱིན་བྱེད་པ། རྒྱ་ཆེ་བའི་ང་རྩོལ་མི་དམངས་ཀྱི་བླ་ན་མེད་པའི་གཤིས་སྤྱོད་དང་ཞུམ་པ་མེད་པའི་བརྩོན་སེམས། འགྲན་ཟླ་བྲལ་བའི་ནུས་པ་དང་སྟོབས་ཤུགས་བཅས་ལ་བསྔགས་པ་བརྗོད་པར་མ་ཟད། ཁོ་ཚོའི་མ་འོངས་བའི་རེ་འདུན་ཡང་མངོན་པར་མཚོན་ཡོད་པ་རེད། དེ་ཡང་ཕངས་པའི་ཆོས་བཅུ་གང་རུང་ཞིག་སྦྱིན་པར་གཏོང་བ་དང་དེའི་ཕན་ཡོན་བརྗོད་པའི་གཏམ་རྒྱུད་མང་ཆེ་བ་ལས་ངལ་རྩོལ་མི་དམངས་ཀྱིས་ལྟོགས་སྐོམ་དང་ནད་ཡམས་ཀྱི་སྡུག་བསྔལ་མྱངས་ཚུལ་མཚོན་ཞིང་། 《དེད་དཔོན་ཤིན་ཏུ་དགའི་སྐྱེས་རབས》(2)དང《སྦྱིན་པ་ཆེན་པོ་རྒྱ་མཚོར་ཞུགས་པའི་སྐྱེས་རབས》(3)《རྟའི་རྒྱལ་བོ་སྤྲིན་གྱི་ཤུགས་ཅན་གྱི་སྐྱེས་རབས》(4)《དེད་དཔོན་སིང་གཱ་ལའི་སྐྱེས་རབས》(5)《དེད་དཔོན་གྱི་སྐྱེས་རབས》(6)སོགས་སུ་རྒྱ་མཚོ་ཆེན་པོར་ཞུགས་ནས་རིན་པོ་ཆེ་སྣ་ཚོགས་བླངས་ཤིང་དེ་དག་ལས་ཟས་གོས་ལོངས་སྤྱོད་མཐའ་དག་ཡིད་བཞིན་དུ་ཐོབ་པར་བརྗོད་པ་དེས་ཚོང་བ་རྣམས་ཀྱི་འཚོ་བ་དང་འགུལ་སྤྱོད་བསྟན་པར་མ་ཟད། དེ་དག་གི་ཞུམ་པ་མེད་པའི་བརྩོན་འགྲུས་དང་འཇིགས་པ་མེད་པའི་སྙིང་སྟོབས། གཞན་ཕན་གྱི་བསམ་བློ་ཁྱད་པར་ཅན་བཅས་ལ་བསྔགས་པ་བརྗོད་ཅིང་། ངལ་རྩོལ་མི་དམངས་ལྟོགས་སྐོམ་གྱི་སྡུག་བསྔལ་ལས་གྲོལ་ཏེ་ཟས་གོས་རང་འགྲུབ་ཀྱི་འཚོ་བ་ཞིག་རོལ་བའི་འདུན་མོས་ཀྱང་མཚོན་པ་རེད།
ཡང་། 《རྒྱལ་བུ་ལེགས་པར་སྐྱེས་རྟོགས་བརྗོད》(7)དུ་རྒྱལ་བོ་ལྷའི་བློན་པོ་སྒྲ་གཅན་ཞེས་པ་དེས་རྒྱལ་བོ་དང་རྒྱལ་སྲས་མང་པོ་བསད་དེ་རྒྱལ་ས་བཟུང་བ་དང་། 《སྨན་ཆེན་པོའི་སྐྱེས་རབས》(8)སུ་ལུས་འཕགས་ཀྱི་རྒྱལ་བོ་སྐྱེད་པས་ཉི་འོག་གི་རྒྱལ་པོའི་བུ་མོ་ཆུན་མར་སློང་ཚེ། ཉི་འོག་གི་རྒྱལ་པོས་གལ་ཏེ་ངའི་ཚ་བོ་བྱུང་ན་དེ་རྒྱལ་ཚབ་ཏུ་འཇོག་དགོས་པར་ཟེར་ཞིང་། ཕྱིས་སུ་ཆུན་མ་དེས་སྲས་བཙས་པ་ལ་ཕོ་ཉ་བཏང་སྟེ་བདག་གི་ཚ་བོ་རྒྱལ་ཚབ་ཏུ་མ་བཅུག་ན་དཔུང་གི་ཚོགས་བཤམས་ནས་ཁྱེད་ཀྱི་ཡུལ་དུ་འོངས་སོ་ཞེས་ཟེར་བས། བློན་པོ་རྣམས་ཀྱིས་སྲས་ཆུང་བ་ལ་རྒྱལ་སྲིད་སྤྲོད་པའི་ཆེད་དུ་བཙུན་མོ་ཆེན་མའི་སྲས་འགུམས་པར་བསམ་ཞིང་། མཐའ་གཞུག་དོན་མེད་དུ་ཕྱིར་བསྒྲད་པ་ལྟ་བུར་མཚོན་ན་དབང་བསྒྱུར་གྲལ་རིམ་ནང་ཁུལ་དུ་སྲིད་དབང་འཕྲོག་རྩོད་བྱས་པའི་ཚུལ་མངོན་པར་བསྟན་ཞིང་། 《རྒྱལ་བོ་ཟླའོད་ཀྱི་སྐྱེས་རབས》(9)དང《རྒྱལ་པོ་མིག་འབྱེད་ཀྱི་སྐྱེས་རབས》(10)《རྒྱལ་བུ་དོན་འགྲུབ་ཀྱི་སྐྱེས་རབས》(11)《རྒྱལ་བུ་ཐམས་ཅད་སྒྲོལ་གྱི་སྐྱེས་རབས》(12)སོགས་སུ་ཕྲག་དོག་དང་ཧམ་སེམས་ཆེ་བའི་རྒྱལ་པོ་ལ་ལས་ཕ་རོལ་རྒྱལ་ཁབ་བསྣུབ་ཅིང་དབང་བསྒྱུར་བྱེད་ཆེད། རྒྱལ་ཁབ་དེ་དག་གི་རྒྱལ་བོས་གང་འདོད་སྦྱིན་པ་གཏོང་བའི་གོ་སྐབས་དང་བསྟུན་ནས་དེ་དག་གི་འགོའམ་མིག ཡང་ན་ཕ་རོལ་དགྲ་དཔུང་ཟིལ་གྱིས་གནོན་པའི་གླང་བོའི་མཆོག་སོགས་བྲམ་ཟེ་དང་དྲང་སྲོང་ཉམ་ཐག་རྣམས་ལ་སློང་དུ་བཅུག་པ་དེས་རྒྱལ་བོ་ངན་པ་དེ་དག་གིས་རང་རང་གི་མངའ་ཐང་རྒྱ་བསྐྱེད་པའི་དོན་དུ་ཇུས་ངན་སྣ་ཚོགས་སྤྱད་ནས་ཕ་རོལ་པོ་ལ་གནོད་འཚེ་གཏོང་བ་དང་དམག་འཁྲུག་བྱེད་པའི་ཚུལ་མིན་གྱི་བྱ་སྤྱོད་མཚང་འབྱིན་མཛད་ཡོད་པ་རེད། 《མི་གདུང་བ་སོར་ཕྲེང་ཅན་གྱི་ལེའུ》(13)ལས་རྒྱལ་པོ་རྐང་བཀྲས་ཟས་སུ་འབངས་རྣམས་ཀྱི་བྱིས་པའི་ཤ་ཟ་བ་དང་། 《རྨ་བྱའི་རྒྱལ་པོའི་སྐྱེས་རབས》(14)སུ་རྒྱལ་པོའི་བཙུན་མོས་སྐྱེས་པ་གཞན་དང་ཆགས་པ་སྤྱད་རྗེས་རྨ་བྱའི་རྒྱལ་པོས་བཤད་པར་དོགས་ནས་དུག་དྲངས་པ་དེས་དབང་བསྒྱུར་གྲལ་རིམ་གྱི་ངན་རུལ་དང་བགས་མེད་ཀྱི་འཚོ་བའམ་ཡ་ང་བའི་བསམ་སྦྱོར་འཚང་འབྱིན་བྱས་པ་རེད།
ཡང་། 《རྒྱལ་པོ་མཆོད་སྦྱིན་བྱེད་པའི་སྐྱེས་རབས》(15)སུ་ཐན་པའི་གནོད་པ་བྱུང་བའི་ཚེ་ན། བྲམ་ཟེ་དང་བློན་པོ་རྨས་ཀྱིས་སྲོག་ཆགས་དུ་མ་བསད་པའི་མཆོད་སྦྱིན་བྱས་ན་ལེགས་པར་འབད་པར་འགྱུར། མཆོད་སྦྱིན་གྱི་ཆོ་ག་མཐོ་རིས་ཀྱི་ཐེམ་སྐས་ཡིན་ཞེས་སོགས་བཤད་ཀྱང་། རྒྱལ་པོས་དེ་སྡིག་པར་མཐོང་ནས་དེའི་དོན་དུ་ནོར་རྫས་མང་པོ་བསྡུས་ཏེ་དབུལ་ཕོངས་རྣམས་ལ་ཅི་འདོད་པའི་ནོར་གྱིས་མགུ་བར་བྱས་པས། ཆར་ཆུ་དུས་སུ་བབས་ཤིང་འབྲུ་སྣ་ཚོགས་སྐྱེ་བ་སོགས་རྫོགས་ལྡན་གྱི་དུས་བཞིན་དུ་གྱུར་པར་བཀོད་པ་ལས་སྟོན་པ་ཤཱཀྱ་ཐུབ་པ་དེ་སྲོག་ཆགས་མཆོད་སྦྱིན་བྱེད་པའི་སྲོལ་ལ་ཐུགས་མི་མཉེས་པ་མཚོན་ལ། 《སྟག་སྣའི་རྟོགས་བརྗོད》(16)དུ། “ཤ་ཟ་བར་འདོད་པས་དྲམ་ཟེ་རྣམས་ཀྱི་ཆོ་ག་སྦྱར་བ་སྔགས་བཟླས་ནས་ར་ལུག་བསད་ན་མཐོ་རིས་སུ་འགྲོ་བར་སྨྲའོ།། གང་དེ་ལྟ་བུ་མཐོ་རིས་ཀྱི་ལམ་ཡིན་ན་ཅིའི་ཕྱིར་བྲམ་ཟེ་བདག་ཉིད་དང་། གཞན་ཡང་ཉེ་དུ་དང་། ཕ་དང་མ། སྤུན་ཟླ། སྲིང་མོ་དང་། དེ་བཞིན་དུ་བུ་དང་། བུ་མོ། ཆུང་མ་རྣམས་སྔགས་བཟླས་ནས་བསད་པར་མི་སྟོན། མཛའ་བོ་དང་། གཉེན་དང་། བདག་ཉིད་ཀྱང་ཡུལ་ཡུལ་ན་གནས་པ་སྔགས་ཏེ་བཟླས་ནས་ཡང་མཐོ་རིས་སུ་འགྲོ་བ་དྲུག་པོ་རྣམས་ཅིའི་ཕྱིར་མི་གཏོང་། ཐམས་ཅད་ཆོམ་པས་དུས་གཅིག་ཏུ་དག་ཅིང་བདེ་འགྲོ་མཆོག་ཏུ་འགྲོ་བར་འགྱུར་ན། ཅིའི་ཕྱིར་ཕྱུགས་རྣམས་ཀྱིས་མཆོད་སྦྱིན་བྱེད་ཀྱི་བདག་ཉིད་ཀྱིས་ཅིའི་ཕྱིར་མི་བྱེད། བདེ་འགྲོ་མཐོ་རིས་སུ་ར་ལུག་སོགས་བསྟན་པར་མི་བྱ་སྟེ། མཐོ་རིས་སཀྱི་ལམ་དེ་དག་པ་མ་ཡིན་ཏེ། བརྫུན་བསྟན་པ་ཡིན་ནོ།། བྲམ་ཟེ་རྣམས་སྡང་བའི་སེམས་ཀྱིས་ཤ་བཟའ་བར་འདོད་པས་རྣམ་གྲངས་དུ་མས་ཐབས་བསམས་ཏེ། ཕྱུགས་རྣམས་བསད་པའི་ཆོ་ག་བསྟན་པ་ཡིན་ནོ”ཞེས་བྲམ་ཟེ་རྣམས་ཀྱིས་ཕྱུགས་རིགས་མཆོད་སྦྱིན་བྱས་ན་མཐོ་རིས་སུ་འགྲོ་བར་སྨྲས་པའི་འཆལ་གཏམ་ལ་རིགས་པ་ཡང་དག་གིས་སུན་འབྱིན་མཛད་ཡོད་པ་རེད།
ཡང་། 《སྟག་སྣའི་རྟོགས་བརྗོད》དུ་གདོལ་བའི་རྒྱལ་པོས་རང་གི་བུ་སྟག་སྣའི་ཆུང་མར་བྲམ་ཟེ་པད་མའི་སྙིང་བོ་ཞེས་པའི་བུ་མོ་སློང་ཚེ། བྲམ་ཟེ་པད་མའི་སྙིང་བོ་ཁྲོས་འཁྲུགས་པའི་ངང་ནས་བྲམ་ཟེ་རིགས་ནི་འཇིག་རྟེན་བྱེད་པའི་ལལུས་ཀྱི་སྟོད་ནས་སྐྱེས་པ་དང་དམངས་རིགས་ནི་རྐང་བ་ནས་སྐྱེས་པ། བྲམ་ཟེ་རྣམས་ཀྱིས་བྲམ་ཟེ་མོ་དང་། རྒྱལ་རིགས་མོ། རྗེའུ་རིགས། དམངས་རིགས་མོ་བཅས་བག་མར་བླངས་ཆོག་ཀྱང་། དམངས་རིགས་ཀྱིས་རང་རིགས་མོ་མ་གཏོགས་ལེན་མི་ཆོག་པ་ལ་སོགས་པའི་རིགས་རུས་མཆོག་དམན་གྱི་ཁྱད་པར་བརྗོད་ནས་བྲམ་ཟེ་རིགས་ཀྱི་གཉེན་ཟླར་དམངས་རིགས་མི་འོས་པར་བཤད་པ་དང་། གདོལ་བོའི་རྒྱལ་པོས་བྲམ་ཟེ་རིགས་དང་རྒྱལ་རིགས། རྗེའུ་རིགས། དམངས་རིགས་ཞེས་པ་ནི་བྱེད་ལས་ཀྱི་སྒོ་ནས་བཏགས་པའི་ཐ་སྙད་ཙམ་ཡིན་པ་ལས་ངོ་བོའི་བྱེ་བྲག་མེད་པར་གཅིག་ཏུ་གྲུབ་པ་དཔེ་དུ་མ་དྲངས་ནས་བརྗོད་པ་དེས་རིགས་རུས་མཆོག་དམན་གྱི་ལྟ་བ་ལོག་པའི་འཚང་ཕྱུང་ནས་རིགས་རུས་འདྲ་མཉམ་གྱི་ལྟ་བ་ཡང་དག་པ་བསྒྲགས་ནས། འཇིག་རྟེན་པ་རྣམས་ལ་ཚུལ་དང་མི་མཐུན་པའི་སྲོལ་ངན་དགག་པའི་དྲན་བསླངས་པ་རེད།
ཐུབ་པའི་སྐྱེས་རབས་གཏམ་རྒྱུད་ཀྱི་བརྗོད་བྱའི་ནང་དོན་ཆ་ནས་མི་དམངས་རང་བཞིན་མཚོན་ཡོད་པར་མ་ཟད། སྒྱུ་རྩལ་གྱི་ཆ་ནས་ཀྱང་མི་དམངས་རང་བཞིན་མཚོན་ཡོད་པ་རེད། དེ་མི་སུས་ཀྱང་གོ་སླ་ཞིང་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལ་སྦྱར་ནས་བརྗོད་ཅིང་སྒྲུབ་བཞེངས་བྱས་པའི་སྣང་བརྙན་དང་ཞིབ་བྲིས་བྱས་པའི་དོན་དངོས་དང་ཡུལ་ལྗོངས་སོགས་ཀྱང་ངལ་རྩོལ་མི་དམངས་ལ་རྒྱུས་ཡོད་པའི་དོན་དངོས་དང་སྣང་ཚུལ་ལ་འབྲེལ་བ་དམ་པོ་ཡོད་པས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་དང་ལེན་དང་ཉན་འདོད་པ་ཞིག་རེད། མདོར་ན་ཐུབ་པའི་སྐྱེས་རབས་ཀྱི་བརྗོད་བྱའི་ནང་དོན་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ་མི་དམངས་རང་བཞིན་འབུར་དུ་ཐོན་ཡོད་པས། རྒྱལ་ཁབ་མང་པོར་གྲགས་པར་གྱུར་ཏོ།།
ཡིན་ནའང་། ཁ་ཅིག་གིས་ཐུབ་པའི་སྐྱེས་རབས་ཀྱི་བསྒྲག་བྱའི་ནང་དོན་ནི་མི་དམངས་ཀྱི་མགོ་སྐོར་བའི་དུ་ནག་དང་། དབང་བསྒྱུར་གྲལ་རིམ་གྱི་ཁེ་ཕན་སྲུང་བའི་ལག་ཆ་རེད་ཟེར། ཁོ་བོས་བསམས་ནས་སྟོན་པ་ཤཱཀྱ་ཐུབ་པས་དགོས་པ་གང་གི་ཆེད་དུ་ཆོས་སྤེལ་བར་ཁ་ཚོན་གཅོད་ན་ཐོག་མར་སྐབས་དེའི་རྒྱ་གར་སྤྱི་ཚོགས་ཀྱི་ངོ་བོ་དང་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་རིག་གནས་ཆུ་ཚད། སྟོན་པ་ཤཱཀྱ་ཐུབ་པའི་གནས་བབ། ཁོང་གི་མཛད་པ་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་བྱེད་དགོས་པ་ལས། ཕྱིས་ཀྱི་ཚུལ་དང་མི་མཐུན་པའི་དབང་སྒྱུར་པ་དག་གིས་མི་རྣམས་ཐུབ་པའི་རིང་ལུགས་ལ་ཡིད་ཆེས་ཆེན་པོ་ཡོད་པའི་གོ་སྐབས་དང་བསྟུན་ནས། ཐུབ་པའི་རིང་ལུགས་དེ་རང་རང་གི་དབང་བསྒྱུར་གོ་གནས་སྲུང་སྐྱོབ་བྱེད་པའི་ལག་ཆ་བྱས་པར་བརྟེན་ནས་ཁ་ཚོན་གཅོད་མི་ནུས་ལ། ཐུབ་པའི་སྐྱེས་རབས་སུ་བཟོད་པ་བསྒོམ་དགོས་ཚུལ་བརྗོད་པ་དང་། གཏམ་རྒྱུད་མང་ཆེ་བར་མི་སྣ་གཙོ་བོ་རྒྱལ་བོ་དང་སྲས་སྲས་མོ་རྣམས་ལ་བསྔགས་པ་བརྗོད་པ་དེ་ལ་བརྟེན་ནས་ཚིག་ཐག་བཅད་ནའང་མི་རིགས། རྒྱུ་མཚན་ནི། དེ་དབང་སྒྱུར་གྲལ་རིམ་གྱི་ཕྱོགས་སུ་ལངས་ནས་ལེགས་ཉེས་བླང་དོར་མེད་པར་རྒྱལ་པོ་ཡིན་ནོ་ཅོག་ལ་བསྔགས་པ་མ་རེད། དེ་མི་དམངས་ཀྱི་ཕྱོགས་སུ་ལངས་ནས་མངའ་འབངས་ལ་བྱམས་སྙིང་རྗེ་ཆེ་བའི་བསྟོད་པ་སྟེ། དཀར་ཕྱོགས་ཀྱི་དཔེ་བླངས་ནས་ནག་ཕྱོགས་ཀྱི་མཚང་ཕྱུང་བ་དང་། རྒྱལ་པོ་བཟང་བོ་དག་ལ་བསྟོད་པའི་ཟུར་དུ་རྒྱལ་པོ་ངན་པ་རྣམས་ལ་དམའ་ཕབ་ནས་མི་དམངས་ལ་ཕན་འདོགས་ཐབས་བྱས་པ་རེད། དེ་ལྟ་མ་ཡིན་པར་མཐའ་གཅིག་ཏུ་སྟོན་པ་ཤཱཀྱ་ཐུབ་པས་དབང་སྒྱུར་གྲལ་རིམ་གྱི་ཁེ་ཕན་སྲུང་བའི་དོན་དུ་སྐྱེས་རབས་གཏམ་རྒྱུད་གསུངས་པ་རེད་ཟེར་ན། ཁོང་རང་ཉིད་ཕ་མེས་ཡང་མེས་རིང་ནས་བརྒྱུད་ཡོང་བའི་སེར་སྐྱ་རྒྱལ་ཁབ་ཀྱི་རྒྱལ་པོའི་རྒྱལ་སར་བཞུགས་ཤིང་དེ་རྒྱུན་འཛིན་བྱས་ན་རིགས་ཀྱང་། དེ་ལྟར་མ་བྱེད་པ་དང་ཡབ་ཡུམ་འཁོར་འབངས་དང་བཅས་པས་ཞུ་བ་ཞུས་ཤིང་། ཐབས་སྣ་ཚོགས་སྤྱད་ནས་བཀག་ཀྱང་རྒྱལ་ས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་ངན་ངོན་ལ་བརྟེན་དོན་ཅི་ཡོད། ཡང་། དེ་ལས་ལྷག་པའི་དབང་སྒྱུར་གོ་གནས་ཤིག་ལ་དགོངས་པ་ཨ་ཡིན་བསམ་ན་ཡང་མ་རེད། སྟོན་པ་ཤཱཀྱ་ཐུབ་པ་རབ་ཏུ་བྱུང་རྗེས་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་བོས་དྲུང་ལ་བསོད་སྙོམས་སུ་ཕེབས་ནས་གཏམ་གླེང་སྣ་ཚོགས་མཛད་སྐབས་རྒྱལ་པོས“ཁྱོད་ལ་རྒྱལ་སྲིད་ཀུན་གྱི་ཕྱེད་སྦྱིན་གྱིས། འདོད་པའི་ཡོན་ཏན་འདི་སྤྱོད་ལ་འཕྱན་སྨྲ......” “བདག་ཁྱོད་མཐོང་བས་མཆོག་ཏུ་དགའ།། བདག་གི་རྒྱལ་སྲིད་ཀུན་གྱི་གྲོགས་མཛོད་ཅིག ། བདག་ནི་ཁྱོད་ལ་མངའ་འབུལ་འདོད་པ་སྤྱོད།། ནགས་ཚལ་སྟོང་པ་དག་ཏུ་མ་བཞུགས་ཤིག ། སླན་ཆད་ས་གནས་རྩྭ་སྟེང་མ་བཞུགས་ཤིག ། ཁྱོད་ཀྱི་སྐུ་ནི་མཆོག་ཏུ་རབ་ཏུ་གཞོན།། བདག་གི་རྒྱལ་སྲིད་འདིར་བཞུགས་འདོད་པ་སྤྱོད”(17)ཅེས་རྒྱལ་སྲིད་ཀྱི་ཕྱེད་ཀ་ཕུལ་རུང་། སྟོན་པ་ཤཱཀྱ་ཐུབ་པ“ས་ཡི་བདག་པོ་ཡུན་རིངས་ཚེ་སྲུངས་ཤིག ། ཁོ་བོས་རྒྱལ་སྲིད་སྡུག་པ་བོར་ནས་སུ།། རེ་བ་མེད་པར་ཞི་ཕྱིར་རབ་ཏུ་བྱུང་།། གཞོན་ནུ་ཐོར་བུ་དར་ལ་བབ་དང་ལྡན།། ལུས་ཀྱི་ཁ་དོག་མཛེས་ཤིང་ཤུགས་ལྡན་ན།། ནོར་མང་དག་དང་བུད་མེད་ཚོགས་བཞེས་ཏེ།། བདག་གི་རྒྱལ་སྲིད་འདིར་བཞུགས་འདོད་པ་སྤྱོད”(18)ཅེས་འཇམ་པོའི་ཚིག་གསུངས་ནས་མ་བཞེས་པ་རེད། ཁོང་གིས་རང་གི་རིང་ལུགས་དྲིལ་བསྒྲགས་བྱས་ཚེ་དབང་སྒྱུར་གྱི་གོ་གནས་ཤིག་ལ་དགོངས་པའམ་དེ་སྲུང་སྐྱོབ་བྱེད་པའི་དོན་དུ་ཡིན་ན་མ་ག་དྷ་རྒྱལ་ཁབ་ནི་སྐབས་དེར་རྒྱ་གར་དུ་སྟོབས་འབྱོར་མངའ་ཐང་འགྲན་ཟླ་མེད་པ་ཞིག་ཡིན་ལ། དེའི་ཕྱེད་ཀ་བྱིན་ན་བཞེས་སྲིད་ངེས་རེད། ཡང་བུ་རབས་ཚ་རྒྱུད་པ་དགོངས་པ་རེད་དམ་ཟེར་ནའང་མ་རེད། གལ་ཏེ་ཡིན་ན་ཁོ་རང་སྐུ་ཚེ་སྨད་དུ་རྒྱ་གར་ན་མངའ་ཐང་ཆེས་ཆེ་ཞིང་སྟོབས་འབྱོར་ལྡན་པའི་མ་ག་དྷ་རྒྱལ་ཁབ་ཀྱི་རྒྱལ་པོ་མ་སྐྱེས་དགྲ་དང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ། བད་ས་ལའི་རྒྱལ་པོ་འཆར་བྱེད་སོགས་ཀྱི་བླ་མར་གྱུར་ནས་དེ་དག་ཆོས་ལ་བཀོད་ཅིང་། དེ་དག་གིས་གཙུག་གི་ཏོག་ལྟར་བཀུར་བའི་ཚེ་ན་བསྐལ་བའི་བར་དུ་སྤྱད་ཆོག་ཀྱང་། དེ་ལྟར་མི་མཛད་པར་མ་ཟད། ད་དུང་སྲས་གཅིག་པུ་དེ་ཡང་རྒྱལ་སྲིད་དོར་ནས་མངོན་པར་རབ་ཏུ་བྱུང་བར་བཅུག་པ་རེད།
སྟོན་པ་ཁོང་གི་མཛད་པ་སྣ་ཚོགས་ལ་བལྟས་ན་ཁོང་གིས་སྐྱེས་རབས་གཏམ་རྒྱུད་དེ་གསུང་བའི་དགོས་པ་ནི། མི་དམངས་ཀྱི་མགོ་སྐོར་བ་དང་དབང་སྒྱུར་གྲལ་རིམ་གྱི་ཁེ་ཕན་སྲུང་བའི་དོན་མ་ཡིན་ཏེ། མི་དམངས་རང་བཞིན་ཚད་མཐོན་པོ་ལྡན་པའི་སྐྱེས་རབས་གཏམ་རྒྱུད་དེ་དག་ལ་བརྟེན་ནས་ཕར་ཕྱིན་དྲུག་གཙོར་གྱུར་བའི་གཞུང་དོན་ཟབ་མོ་རྣམས་བསྟན་ནས། འདོད་ཆགས་དང་ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སོགས་ཀྱི་དབང་དུ་གྱུར་པའི་མི་རྣམས་དང་ཁྱད་པར་དུ་རྒྱལ་པོ་དག་གི་སེམས་རྒྱུད་འདུལ་ཞིང་ཚུལ་མིན་གྱི་སྤྱོད་པ་བསྒྱུར་ནས། མི་རྣམས་ལ་ཞི་འཇགས་ཀྱི་སྤྱི་ཚོགས་དང་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྲུན་རྒྱུ་དེ་རེད། ཇི་སྐད་དུ། “མདོ་མཛངས་བླུན་ལས་བརྒྱ་རྟོགས་བརྒྱ་བ།། དུས་རྒྱུན་དུ་བཏོན་ན་སེམས་ལ་ཕན”ཟེར་བའི་དོན་གྱི་གནད་དམ་པའང་དེ་རེད།
དེས་ན་མི་ཁ་ཤས་ཤྱིས་རྟག་ཏུ་སངས་རྒྱས་ཆོས་ལུགས་དེ་མི་དམངས་ཀྱི་མགོ་སྐོར་བའི་དུ་ནག་རེད། དབང་སྒྱུར་གྲལ་རིམ་གྱི་དབང་སྒྱུར་གོ་གནས་སྲུང་བའི་ལག་ཆ་རེད་སོགས་ཟེར་བའི་རྒྱུ་རྐྱེན་ནི་ཕྱིས་འབྱུང་གི་དབང་སྒྱུར་པ་འགའ་ཤས་ཀྱིས་རང་གི་ཆབ་སྲིད་བརྟན་པ་དང་དཔལ་འབྱོར་གྱི་ཡོང་འབབ་རྒྱས་པའི་དོན་དུ་འབངས་རྣམས་ལ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཁྲིམས་སྲུང་དགོས་ཚུལ་ཆེར་སྒྲོག་བྱེད་པ་དང་རང་གིས་གང་དྲན་ཅི་འདོད་བྱས་པ་དེ་རེད། གལ་ཏེ་དབང་སྒྱུར་གྲལ་རིམ་གྱིས་འབངས་ཡོངས་ལ་སངས་རྒྱས་ཆོས་ལུགས་སྒྲོག་སྤེལ་བྱེད་པ་དང་དེ་ལྟར་བྱ་དགོས་པའི་བླང་བྱ་འདོན་པ་དང་ཆབས་ཅིག་རང་ཉིད་ཀྱིས་ཀྱང་ཐུབ་པའི་སྐྱེས་རབས་གཏམ་རྒྱུད་ཁྲོད་ཀྱི་རྒྱལ་པོས་འབངས་རྣམས་སྡུག་བསྔལ་སྣ་ཚོགས་ལས་སྒྲོལ་བའི་དོན་དུ་རང་གི་ཟས་ལོངས་སྤྱོད་དང་རིན་ཆེན་ནོར་བུ། རྒྱལ་སྲིད། ཁྱིམ་ཆུང་མ། བུ་བུ་མོ། རང་གི་ཡན་ལག་དང་ཉིང་ལག་ཐ་ན་རང་གི་སྲོག་ཀྱང་སྟེར་ནུས་པ་དེ་དག་ལྟ་བུའི་གཞན་ཕན་གྱི་སྤྱོད་པ་ཞིག་སྤྱད་ཡོད་ཚེ། མི་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ལ་ཡིད་མི་ཆེས་པའི་སྐད་ཆ་དེ་དག་བཤད་སའི་འབེན་མེད་པས་འབྱུང་མི་སྲིད་ལ། སངས་རྒྱས་ཆོས་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཤེས་རིག་ཅན་དུ་བསྒྱུར་བར་ཐོན་པའི་ནུས་པ་ལྷག་པར་ཆེ་ངེས་རེད། དེས་ན་སངས་རྒྱས་ཆོས་ལུགས་ཀྱི་ངོ་བོ་སྒྱུར་མཁན་དང་མི་རྣམས་ཀྱི་དད་པ་ལྷོད་དུ་འཇུག་མཁན་ནི་ལོ་རྒྱུས་སྟེང་གི་ཚུལ་དང་མི་གནས་པའི་དབང་སྒྱུར་པ་ཉུང་ཤོས་ཤིག་རེད།
ཞར་བཀོད།
དཔྱད་གཏམ་འདི་ནི་སྒྱུ་རྩལ་རྩོམ་རིག་གི་མི་དམངས་རང་བཞིན་ལ་དབྱེ་ཞིབ་བྱེད་པའི་རྩ་དོན་དང་ཚད་གཞི་ལྟར་བྱས་པ་ཡིན་པས། དེའི་ཕྱོགས་ལ་མཁྱེན་རབ་ཀྱི་གོམ་ཁ་དོག་པའི་ཐུབ་བསྟན་པས་གཟིགས་ན་ཐུགས་ངོར་མི་བདེ་བ་དང་ཡང་ན་སྐྱོན་ཡང་འབྱུང་སྲིད་ངེས་རེད། དེ་འདྲ་ཡིན་ན་དགེ་བའི་སེམས་ཀྱིས་ཕན་པའི་བཀའ་བཀྱོན་གནོངས་དང་། དད་པའི་སྙིམ་པ་བྲང་ལ་སྦྱར་ནས་མཐོལ་ལོར་བཤགས་ངེས་ལགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com