2012ལོ་དང་འབྲེལ་བའི་རྩོམ་རིག་གི་སྣང་ཚུལ་འགའ།
རྩོམ་པ་པོ།:རེ་རྐང་གླིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-02-12 10:06:00
ཀློག་གྲངས།:
གཉིས་པ། རྩོམ་པ་པོ་དང་བརྩམས་ཆོས།
རིག་གནས་ཀྱི་འདབ་ལག་རྒྱས་པའི་དུས་རབས་ཤིག་ལ་མཚོན་ནས་བཤད་ན། མཁས་པ་ཆེན་པོ་དང་ཤེས་ཡོན་པའི་སྡེ་ལ་དད་གུས་དང་ཡི་རང་གི་བསམ་བློ་མངའ་བ་དེ་བཞིན། རྩོམ་རིག་གི་གནས་གཤིས་ལེགས་པའི་དུས་སྐབས་ཤིག་ལ་མཚོན་ནས་བཤད་ནའང་རྩོམ་པ་པོ་དང་བརྩམས་ཆོས་ལ་རེ་སྒུག་དང་དགའ་མོས་བྱེད་པ་དེ་ཡང་རྒྱུན་ལྡན་གྱི་བྱུང་ཚུལ་ཞིག་ཏུ་བཤད་ཆོག་པ་ནི། རྩོམ་པ་པོ་དང་བརྩམས་ཆོས་དེ་དག་གིས་དུས་རབས་དེའི་རྩོམ་རིག་གསར་རྩོམ་གྱི་སྒྱུ་རྩལ་བླ་གནས་ཤིག་མཚོན་གྱིན་པ་མ་ཟད་རྒྱལ་ཁབ་དེ་དང་མི་རིགས་གང་ཞིག་གི་གཟི་དཔལ་འབར་བའི་རིག་གནས་ཀྱི་བར་བརྒལ་དེ་ཡང་མཚོན་ཡོད་པ་རེད། དེ་ལ་ཡོངས་གྲགས་སུ་སེ་ཝན་ཐའེ་སི་(塞万提斯)མེད་པ་ཡིན་ན་སི་ཕན་གྱི་རྩོམ་རིག་དེ་དུས་ད་ལྟའང་ད་དུང་སྐྱ་མི་དཔའ་རྒོད་ཀྱི་སྒྲུང་རབས་ཀྱིས་ཆུད་འཛའ་བར་ངེས་ཤིང་། ཀྲན་མུའུ་སི་ཆའོ་དབྱི་སི་(詹姆斯*乔伊斯)མེད་པ་ཡིན་ན་ཨེར་ལན་རྒྱལ་ཁབ་དེ་འཛམ་གླིང་གི་ཡངས་རྩེ་ན་གཟི་དཔལ་འབར་བའི་རྩོམ་རིག་གི་ཞིང་ཁམས་ཤིག་ཏུ་བརྗོད་ཐབས་མེད་པ། ཡང་ཀྲུང་གོའི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་ལུའུ་ཞུན་གྱི་མིང་ཡིག་དེ་བླངས་པ་ཡིན་དུས་ཀྲུང་གོའི་རྩོམ་རིག་གི་གནས་བབ་ལ་འགྱུར་ལྡོག་ག་འདྲ་ཞིག་འབྱུང་སྲིད་པ་དེ་དག་གིས། རྩོམ་པ་པོ་སྒེར་ངོས་ནས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རིག་གནས་ཀྱི་མཛད་འཕྲིན་ལ་གསུབ་དཀའ་བའི་ལེགས་རྗེས་སྐྲུན་ཡོད་པ་གསལ་བཤད་བྱས་ཡོད་པ་རེད།
དེ་བཞིན་བོད་རང་ལའང་གནའ་བོའི་དུས་ནས་བཟུང་སྟེ་སློབ་དཔོན་ཐོན་མི་གཙོར་མཛད་པའི་མཁས་པ་ནམ་མཁའི་སྐར་ཚོགས་ལ་འགྲན་པ་ཇི་སྙེད་ཅིག་བྱུང་མྱོང་ཞིང་། དེ་དག་གིས་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པ་གང་མང་ཞིག་བརྩམས་ནས་ཡོད་ལ། ལྷག་པར་དུ་འཇིག་རྟེན་གསར་བའི་སྐྱ་རེངས་ཀྱི་ཡོལ་རས་ཕྱེ་པ་ནས་བཟུང་སྟེ་དགེ་འདུན་ཆོས་འཕེལ་སོགས་བོད་ཀྱི་ཉེ་རབས་ཀྱི་མཁས་པ་རྣམས་དང་། དོན་གྲུབ་རྒྱལ་གཙོས་དེང་རབས་རྩོམ་རིག་གི་སྣེ་ཁྲིད་མཁན་དག་བྱུང་བ་ཡིས། རྗེས་རབས་པ་དག་གི་ཕྲག་སྟེང་ལ་ལྗིད་ཏིག་ཏིག་གི་འགན་མོས་རེ་དང་། མདུན་ཕྱོགས་སུ་གསེར་འོད་ལམ་ལམ་འཚེར་བའི་ཕུགས་བསམ་གྱི་ལམ་བུ་ཞིག་བཏོད་ནས་ཡོད།
ལམ་བུ་དེ་དང་ཕུགས་འདུན་དེ་དུས་རབས་ཀྱི་རླབས་རྒྱུན་ནམ་ཆ་འཕྲིན་འཇིག་རྟེན་གྱི་སྒོ་གླེགས་དེ་ནས་བཏོན་པ་ནས་བཟུང་སྟེ། འཇིག་རྟེན་གྱི་བྱ་དངོས་མཐའ་དག་སྐད་ཅིག་དེ་ཉིད་ལ་འགྱུར་བའི་གོམ་ཁ་བང་རྩལ་གྱིས་བརྒྱུགས་ཤིང་། མིག་རྡེབ་དབང་ཙམ་གྱི་ཡུན་ལ་གོ་ལ་ཧྲིལ་བོའི་འཕྲིན་གསར་དག་གསལ་བོར་གོ་ཐུབ་པ་འདི་དག་གིས་ལོ་རེ་རེ་བཞིན་རྩོམ་རིག་གསར་རྩོམ་གྱི་ཐབས་རྩལ་སོགས་ལ་འགྱུར་ལྡོག་འབྱུང་གིན་ཡོད་པ་དང་། རྩོམ་པ་པོ་མང་བོ་ཞིག་གི་འདུ་ཤེས་དང་བསམ་བློ། བརྗོད་བྱ། རྗོད་བྱེད་གང་ཡིན་ཐད་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད། དེ་ཡང་དོན་གྲུབ་རྒྱལ་གྱི་སྒྲུང་ཐུང《འབྲོང་སྟག་ཐང》ནས་དཔལ་འབྱོར་གྱི་སྒྲུང་རིང《གཙུག་གཡུ》 ལྗང་བུའི་སྒྲུང་ཐུང《སོག་རུས་ལས་མཆེད་པའི་རྣམ་ཤེས》ནས་བཀྲ་ཤིས་དཔལ་ལྡན་གྱི《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ《སྨུག་པ》ནས་ནག་པོ་སྐལ་བཟང་གི་སྒྲུང་རིང《ཀླུ་འབུམ་མི་རྒོད》གང་ཡིན་ཡང་། རྩོམ་པ་པོ་རང་རང་གི་དགའ་མོས་དང་དད་ཞེན། རྩོམ་རིག་གི་ལྟ་གྲུབ་སོགས་དུས་སྐབས་དེའི་རིང་གི་སེམས་ཀྱི་འཆར་སྒོ་ཞིག་ལས་བོད་མི་རིགས་ཀྱི་དུས་རབས་ཀྱི་མགྲིན་ཚབ་ལྟ་བུར་གྱུར་བའི་བརྩམས་ཆོས་ནི་ཁྭ་ཏ་མདའ་ཡི་དཔེ་བཞིན་བཤད་ཆོག ལྟ་བ་མཉམ་གནས་ཀྱི་རང་དབང་དེར་གཤོག་པ་ཐོགས་པའི་དགེ་མཚན་དེའི་ཕྱིར་ན། བོད་ཀྱི་རྩོམ་རིག་ལ་ཁ་ཕྱོགས་འཁྲིད་མཁན་མེད་པར་ཨ་ཕོ་ང་ཡིན་དང་སྐྱེས་པ་མདུང་ཡིན་གྱི་དཔེ་ལྟར། འདས་པའི་ལོ་ངོ་དེ་དག་གི་རིང་ལ་རང་ཤོང་སྤྱིལ་བུ་ནས་རང་གི་ཁེར་གླུ་དེ་བླངས་ནས་ཡོད་པ་རེད། ཡིན་ནའང་ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ཀྱི་རྩོམ་རིག་གི་སྣང་ཚུལ་དེ་ལ་འགྱུར་ལྡོག་གསར་བ་ཞིག་བྱུང་ནས་ཡོད་པ་ནི་བོད་རྩོམ་ཀྱི་དགེ་བར་དམིགས་པའི་མི་རིགས་ཅན་གྱི་སེམས་ཁ་དེས་ས་ས་དང་རྡོ་རྡོ་ཡི་རང་བཞིན་ལྷང་ལ་ཕུད་ནས་ཡོད་པ་རེད། ཚུལ་དེ་ཁ་གསལ་བོར་བཤད་ན། ༢༠༡༢ལོ་ཁོ་ནར་བལྟས་ཏེ་བཤད་ནའང་བོད་ཀྱི་རྩོམ་རིག་དེ་ཡང་ཁེར་གླུ་ལེན་མཁན་ཁོ་ན་ཞིག་ཏུ་མ་གྱུར་བའི་དོད་དུ། རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ《མི་ཚེའི་གླུ་དབྱངས》བྱས་པ་རྒྱ་ཡིག་ཏུ་བསྒྱུར་བར་མི་རིགས་རྩོམ་རིགས་ཀྱི་བྱ་དགའ་ཐོབ་པ་དང་། རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི《 D སྡེ་བའི་ཀླན་ཀ》ཞེས་པ་སོག་ཡིག་ཏུ་བསྒྱུར་བར་ནང་སོག་གི་རྩོམ་རིག་བྱ་དགའ་ཞིག་ཐོབ་པ། དེ་བཞིན་ལྗང་བུའི་སྙན་དེབ《གཟུགས་མེད་ཀྱི་གཏུབ་གྲི》ཞེས་པ་ཧྥ་རན་སེའི་ཡི་གེར་བསྒྱུར་ཏེ་པར་དུ་བཏབ་པ་དང་། སྙན་ངག་པ་འཇུ་སྐལ་བཟང་དང་གཅན་མེ་སྟག ཁྲི་སེམས་དཔའ་སོགས་ཀྱི་སྙན་དེབ་རྒྱ་འགྱུར་གྱི་དེབ་ཚོགས་དཔར་པ། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་རྒྱ་འགྱུར་དེབ《མི་ཚེའི་གླུ་དབྱངས》ཞེས་པ་པར་དུ་བསྐྲུན་པ་སོགས་སྔོན་མེད་གསར་ཕྱེ་ཡི་ལམ་བུ་དེ་དག་གིས་ད་གཟོད་བོད་ཀྱི་རྩོམ་རིག་ལ་ཆེད་ལས་རང་བཞིན་གྱི་ཞིབ་འཇུག་དང་གདེང་ཐོབ་གནང་ཡོད་ཅིང་། ཚུལ་དེ་ལས་འཕྲོས་ཏེ་སྒྲུང་གཏམ་རྩོམ་པ་པོ་སྟག་འབུམ་རྒྱལ་རང་༢༠༡༢ལོར་གྲུབ་འབྲས་གཡུར་དུ་ཟ་བའི་བོད་ཀྱི་རྩོམ་པ་པོ་ཞིག་ཏུ་བཤད་ཆོག་པ་ནི་སྔ་ཕྱིར་བྱ་དགའ་སྣ་མི་གཅིག་པ་གསུམ་བླངས་ནས་ཡོད་པར་མ་ཟད་སྒྲུང་དེབ་ཡིག་རིགས་གཉིས་ཀྱི་ལམ་ནས་པར་བའི་རྩོམ་པ་པོ་ཞིག་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མི་སྒེར་གྱི་སྒྲུང་གཏམ་སྐོར་ལ་ཞིབ་འཇུག་ཚོགས་འདུ་བསྡུས་པའི་མི་སྣ་ཐོག་མར་གྱུར་བ་སོགས་སྒེར་ངོས་ནས་འུད་སྒྲོག་བྱེད་པ་ཞིག་མ་ཡིན་པར་ཀུན་གྱིས་དོ་སྣང་བྱུང་བ་དེ་དག་གིས་ཀྱང་ཡོངས་སུ་མཚོན་བརྗོད་ཐུབ་ནས་ཡོད། དཔེ་དེ་བཞིན་ཉེ་བའི་ལོ་ངོ་འདི་དག་རིང་ལ་བོད་ཀྱི་རྩོམ་སྟེགས་སུ་སྒྲུང་གཏམ་དང་སྙན་ངག ལོ་ཙཱ་སོགས་སྣ་མི་གཅིག་པ་མང་པོ་ཞིག་གི་ལམ་ནས་གསར་རྩོམ་གནང་མཁན་གྱི་གཞོན་སྐྱེས་རྩོམ་པ་པོ་དང་། གླེང་རི་བའི་བརྩམས་ཆོས་མང་པོ་ཞིག་༢༠༡༢ལོའི་རྩོམ་སྟེགས་སུ་འོད་དུ་འཚེར་བཞིན་པ་འགའ་རེ་དཔེ་མཚོན་དུ་བཀོད་ན། རྩོམ་པ་པོ་ལ་ལྷ་བྱམས་རྒྱལ་དང་ཁྲི་སེམས་དཔའ། སྐྱབས་ཆེན་བདེ་གྲོལ་དང་ཅོ་ནེ་ཡུམ་ཚེ་རིང་། ན་རོ་དང་འབྲོང་ཕྲུག་ལྷ་ཆེན་རྒྱལ་སོགས་དང་། བརྩམས་ཆོས་ལའང《བོད་པའི་གཅེས་ཕྲུག》(སྒྲུང་རིང)《གྲོང་ཁྱེར་གྱི་འཚོ་བ》(སྒྲུང་ཐུང་དེབ) 《མི་རྟག་པ》(སྙན་དེབ) 《ཁ་བའི་རྒྱལ་ཁམས》(འགྱུར་དེབ)སོགས་མང་པོ་ཞིག་བྱུང་ནས་ཡོད་དོ།།
གསུམ་པ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་ཉེ་བར་འབྲེལ་བའི་དོན་བྱ་གསུམ།
གཅིག བུད་མེད་རྩོམ་པ་པོ།
བུད་མེད་གནམ་ཀྱི་ཕྱེད་ཀར་འཇོག་པ་ཇི་བཞིན་འཛམ་གླིང་ལོ་རྒྱུས་ཀྱི་བྱུང་བ་དེ་ཡང་མ་རྒྱུད་སྤྱི་ཚོགས་ནས་དར་མགོ་བརྩམས་ཡོད་ལ། ལོ་རྒྱུས་ཀྱི་དུས་སྐབས་རེ་རེའི་འགྱུར་ལྡོག་གི་ཁྲོད་དུ་བུད་མེད་ཀྱིས་བཏོན་པའི་བྱ་ནུས་དག་སྒྱུ་རྩལ་གྱི་བླ་གནས་སུ་གྱུར་ནས་ཡོད་པ་ནི། ཕྱི་རྒྱལ་བའི་སྙན་ངག་རིང་མོ《ཧོ་མའི་ལོ་རྒྱུས་སྙན་རྩོམ》མམ《ར་མ་ཎྰའི་རྟོགས་བརྗོད》ཡང་ན་བོད་རང་གི་སྙན་རྩོམ་རིང་མོ《གེ་སར་རྒྱལ་བོའི་སྒྲུང》གང་ཡིན་ཡང་། གཏམ་རྒྱུད་ཀྱི་བྱུང་རྐྱེན་དེ་བུད་མེད་ཀྱི་མཛངས་པའི་ཡོན་ཏན་ནམ་དཔལ་གྱིས་སྒེག་པའི་མཛེས་པ་དེ་ཆུ་མགོ་ལྟ་བུར་གྲུབ་ནས་ཡོད་པ་དེས་མཚོན་ཡོད་ཅིང་། མི་སྒེར་གྱི་འཇོན་ནུས་སྐོར་ནས་བཤད་ནའང་། ལྷ་ལྕམ་ཅི་ལིས་(居里夫人)ཀྱིས་མཚོན་པའི་ནའོ་པེར་དངོས་ལུགས་དང་རྫས་འགྱུར་གཉིས་ཀའི་བྱ་དགའ་ལེན་མཁན་ཚན་རིག་པ་རླབས་ཆེན་དང་། ལ་ཏེན་ཨ་མེ་རི་ཁའི་ནའོ་པེར་རྩོམ་རིག་བྱ་དགའི་ཟིན་ཐོ་སྐྲུན་མཁན་བུད་མེད་རྩོམ་པ་པོ་གྲགས་ཅན་མིས་སུ་ཐི་ལ་ཨར་(米斯特拉尔)དང་དབྱིན་ཇིའི་རྟོག་པ་རང་ཡན་པའི་རྩོམ་པོའི་ཁྱུ་མཆོག་གམ་རིག་རྩལ་དཔྱད་བརྗོད་པ་གྲགས་ཅན་ཝེ་ཅི་ཉི་ཡ་ཝེ་ཨར་ཧྥུ་(维吉尼亚*伍尔芙)སོགས་མང་པོ་ཞིག་བྱོན་མྱོང་ལ། བོད་ཀྱི་ལོ་རྒྱུས་རྣམས་སུའང་འབྲོང་བཟའ་ཁྲི་མ་ལོད་དང་མ་ཅིག་ལབ་སྒྲོན་ལྟ་བུའི་བུད་མེད་མཆོག་ཏུ་གྱུར་བ་རིགས་མང་པོ་ཞིག་བྱོན་མྱོང་ཡོད།
ཡང་དུས་སྐབས་གསར་བའི་དེང་རབས་རྩོམ་རིག་གི་ངོས་ནས་བཤད་ནའང་ཀྲུང་གོའི་རྩོམ་སྟེགས་སུ་པེན་ཞིན་དང་ཧྲུའུ་ཐེན་ལྟ་བུའི་བུད་མེད་རྩོམ་པ་པོ་གྲགས་ཅན་བྱུང་ཡོད་པ་དེ་བཞིན་རང་རེའི་བོད་ཀྱི་རྩོམ་སྟེགས་སུའང་ཚེ་རིང་གཡང་སྐྱིད་སོགས་སྒྲུང་གཏམ་རྩོམ་པ་པོ་དང་། འཆི་མེད་དང་བདེ་སྐྱིད་སྒྲོལ་མ། དཔལ་མོ་སོགས་བུད་མེད་སྙན་ངག་པ་མང་པོ་ཞིག་བྱུང་ཡོད་ལ། ལྷག་པར2012ལོར་མདོ་སྨད་ཁྲི་ཀ་ནས་བོད་ཀྱི་བུད་མེད་རྩོམ་པ་པོའི་ཟབ་སྦྱོང་འཛིན་གྲྭ་ཞིག་བཙུགས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་པ་ནས་ལོ་ཙཱ་བ་ལྷོ་བ་འགྱུར་མེད་རྡོ་རྗེ་ཡིས་བོད་ཀྱི་བུད་མེད་སྙན་ངག་པ་བཅོ་ལྔའི་བརྩམས་ཆོས་བདག་ཉིད་ཅན་གྱི་རྒྱ་འགྱུར་དེབ་ཅིག་འབྲོང་རྩོམ་རིག་དཔེ་ཚོགས་ཁྲོད་པར་དུ་བཏབ་པ་དེ་དག་གིས་བོད་ཀྱི་བུད་མེད་རྩོམ་པ་པོའི་ཐོལ་བརྒལ་གྱི་ཕུགས་འདུན་དེ་མཚོན་ནས་ཡོད་པར་མ་ཟད། བརྩམས་ཆོས་རྐྱང་བའི་ངོས་ནས་བཤད་ནའང་བུད་མེད་རྩོམ་པོའི་དཔེ་ཚོགས་དང་སྙན་དེབ། བརྩམས་སྒྲུང་དེབ་སོགས་མང་པོ་ཞིག་པར་སྐྲུན་བྱས་ཡོད་ཅིང་། བླ་ལྷག་ཏུ་ད་ལོར་གཏན་འཁེལ་གྱིས་ཕྱིས་སུ་པར་བསྐྲུན་བྱ་འགྱུར་གྱི་བོད་ཀྱི་རྩོམ་པ་པོའི་སྒྲུང་རིང་དཔེ་ཚོགས་ཀྱི་ཁྲོད་དུ་བུད་མེད་རྩོམ་པ་པོ་གཉིས་ཀྱི་སྒྲུང་རིང་བདམས་ཡོད་པ་འདི་དག་གིས་ཀྱང་བོད་ཀྱི་བུད་མེད་རྩོམ་པ་པོའི་མངོན་པར་མཐོ་བའི་མཛད་རྗེས་ཀྱི་འཕྲིན་ལས་དེ་མུ་ནས་མུར་བསྐྱངས་ཐུབ་ཡོད་དོ།།
གཉིས། རྩོམ་རིག་ལོ་ཙཱ།
མི་རིགས་གང་དང་གང་ཞིག་ཡིན་ཡང་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཆེ་བ་དེ་གཙོ་བོ་སེམས་ཁམས་འདུ་ཤེས་དང་སྐད་ཡིག་གི་དགེ་མཚན་དེའི་སྟེང་མངོན་ནས་ཡོད་པས། དེ་ཉིད་མི་རིགས་གཞན་དང་མིའི་རིགས་ཀྱི་རིག་གནས་ཤིག་ཏུ་འཕོ་མིན་གཙོ་བོ་ལོ་ཙཱ་བའི་བྱང་ཚད་དང་འཇོན་ནུས་ལ་རག་ལས་ཡོད་དེ། རང་རེའི་རི་བོ་གངས་ཅན་པའི་ལྗོངས་ཆེན་འདི་ལ་མཚོན་ནས་བཤད་ན། ཡི་གེ་ཡི་བྱུང་བ་དང་། རྒྱལ་བསྟན་དར་ཚུལ། ཐ་ན་སྙན་ངག་གི་འཕེལ་འགྲོས་དེ་ཡང་ལོ་ཙཱ་བའི་ལོ་རྒྱུས་དང་ཉེ་བར་འབྲེལ་ནས་ཡོད་པས། རང་ཅག་ལ་མཚོན་ན་ལོ་ཙཱ་བའི་གོ་ཐོབ་དེར་ཤིན་ཏུ་མཐོང་ཆེན་གྱི་རང་ལུགས་ཤིག་ཚུགས་ནས་ཡོད་པ་རེད། ཡིན་ནའང་དུས་སྐབས་གསར་བའི་བོད་ཀྱི་དེང་རབས་རྩོམ་རིག་གི་ངོས་ནས་བཤད་ན་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་ལོ་ཙཱ་བའི་འཇོན་ནུས་དེ་ལྟ་བུ་འདོན་སྤེལ་བྱ་ཐབས་མེད་ནའང་། འཛམ་གླིང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་དག་བོད་འགྱུར་བྱུང་བ་རྣམས་སུ《ཆུ་ངོགས་གཏམ་རྒྱུད》ལྟ་བུའི་དུས་རབས་སྔོན་མར་གྲགས་སྐད་ཀྱིས་ཆོད་པའི་སྒྲུང་གི་རིགས་དང་། སུའུ་པིན་ཧེར་སོགས་ནུབ་གླིང་གི་མཚན་ཉིད་རིག་པ་མཁས་ཅན་དག་གི་དཔེ་གཞུང་བོད་འགྱུར་བྱས་པའི《རིག་གཞུང་གསར་བའི་དཔེ་ཚོགས》། དེ་བཞིན་མགོ་ལོག་པ་རྣམ་རྒྱལ་གྱིས་བསྒྱུར་བའི《ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་དཔེ་ཚོགས》སོགས་མང་པོ་ཞིག་བྱུང་ཡོད་པར་མ་ཟད། དེབ་རྐྱང་བའི་ཀྱི་སྐོར་ལའང《ངར་ལྕགས་ལྟ་བུའི་མི་དེ་ཇི་ལྟར་བྱས་ནས་བྱུང་བ་ཡིན》 《钢铁是怎样炼成的》 (གཏེར་མ་ཚེ་རིང་ཆོས་འཕེལ་གྱིས་བསྒྱུར) 《ཇ་ལོ་མེ་ཏོག་མ》《茶花女》(ཨོ་རྒྱན་རྡོ་རྗེ་ཡིས་བསྒྱུར) 《གཞོན་ནུ་འོད་ཐར་གྱི་སེམས་གཅོང》 《少年维特之烦恼》(ཕུན་ནོར་གྱིས་བསྒྱུར) 《ཁ་བའི་རྒྱལ་ཁམས》《雪国》(ཀླུ་ཚང་བླ་མ་རྒྱལ་གྱིས་བསྒྱུར) 《བྱོལ་སོང་གླིང་ག》 《动物庄园》(རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར) 《གླུ་ཐལ་སྦྱར་མ》《吉檀迦利》(དངོས་གྲུབ་ཀ་ཤ་བས་བསྒྱུར) 《ནུབ་ཕྱོགས་དེང་རབས་སྨྲ་བའི་དྲི་གཞི་ལྔ་བརྒྱ》《西方现代派文学500题》(ཀུན་དགས་བསྒྱུར)《ཕའེ་གུན་ནས་མི་ཚེ་གླེང་བ》 《培根论人生》(བདུད་ལྷ་རྒྱལ་གྱིས་བསྒྱུར)སོགས་མང་པོ་ཞིག་པར་སྐྲུན་བྱས་ཡོད་པ་དེ་དག་གིས་རྗེས་རབས་པ་དག་གི་བསམ་བློའི་འཚོ་བཅུད་ལ་དགོས་ངེས་ཀྱི་བདུད་རྩིའི་ཆར་རྒྱུན་ཕབ་ནས་ཡོད་པ་འདི་དག་གིས་བོད་ཀྱི་རིག་གནས་གསར་བའི་མ་ལག་གི་གྲུབ་རྐྱེན་དེ་འཐུས་ཚང་དང་འཕེལ་རྒྱས་ཀྱི་ཕྱོགས་སུ་བཙུད་ནས་ཡོད་དོ།།
གསུམ། དྲ་བའི་རིག་གནས།
2012ལོར་རྩོམ་པ་པོ་རྡོ་རྗེ་ཚེ་རིང་གི་ཆེད་རྩོམ་དེབ《བོད་ཀྱི་དྲ་རྒྱའི་རྩོམ་རིག》ཅེས་པ་ཀན་སུའུ་མི་རིགས་དཔར་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་ཏེ་བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་ཁྱད་ཆོས་དང་སྐྱོན་ཡོན་སྐོར་དམིགས་སུ་བཏོན་ནས་འགྲེལ་བརྗོད་བྱས་པ་དང་། དམངས་ཁྲོད་དྲ་བ་ལས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་དང་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ་སོགས་མང་པོ་ཞིག་གིས་བོད་ཡིག་གི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་དྲ་ཚིགས་དེ་དག་རྨང་བྱས་ཏེ་སྦྲེལ་རེས་དྲ་རྒྱའི་སྟེང་དུ་རྩོམ་རིག་གི་སྒོ་འཕར་ཡངས་པོར་ཕྱེས་པའི་མཛད་རྗེས་སྐོར་ཞིག་གླེང་ནས་ཡོད་ལ། གཞན་ཡང་དྲ་རྒྱའི་རྩོམ་རིག་གིས་རྩོམ་པ་པོའི་འགན་ཁྲིའི་འདུ་ཤེས་ཉམས་ཞན་དུ་ལུས་པ་ནས་རང་དབང་གི་བྱ་སྤྱོད་ཚད་ལས་འདས་པ་སོགས་ཀྱི་སྐྱོན་མི་ཉུང་བ་ཞིག་ཀྱང་བཏོན་ཡོད་མོད།
2012ལོའི་དྲ་རྒྱའི་རྩོམ་རིག་གི་སྣང་ཚུལ་ལ་བལྟས་ནས་བཤད་ན། གཞུང་ཕྱོགས་དྲ་བ་མང་ཆེ་བ་ནི་ལས་ཁུངས་ཀྱི་སྒྲིག་འཛུགས་ལྟར་གསར་འགྱུར་དང་བརྙན་ཟློས། འཕྲིན་གསར་སོགས་ལས་ཀ་བསྐྱར་ཟློས་བྱེད་པའི་ཟུར་གཏོགས་སྒྲོམ་གཞི་ཞིག་ཏུ་གྱུར་ནས་ཡོད་ལ། བོད་ཀྱི་དྲ་ཟིན་མང་པོ་ཞིག་སྒེར་གྱི་གནད་དོན་ཁོ་ནས་ཁ་བརྒྱབ་པ་དག་གིས་ད་ལྟའི་བོད་ཀྱི་དམངས་ཁྲོད་དྲ་བ་མང་པོ་ཞིག་ནི་དྲ་བདག་སྐུ་སྒེར་གྱི་དྲ་ཟིན(པོད་ཁུག)ལྟ་བུར་གྱུར་ནས་ཡོད་ལ། སྣང་ཚུལ་དེ་ལོ་ངོ་འདི་དག་གི་རིང་ལ་ལད་ཟློས་ཀྱིས་དམངས་ཁྲོད་དྲ་བ་རྣམས་སུ་དྲ་བདག་གི་མིང་གིས་མཚན་པའི་ལེ་ཚན་རེ་བཀོད་སྒྲིག་བྱས་ཏེ། དྲ་ཚིགས་དེ་ཉིད་དྲ་བདག་མི་སྒེར་དྲིལ་སྒྲོག་བྱེད་སའི་ཚིགས་མལ་ཞིག་ཏུ་བཞེངས་གྲུབ་བྱེད་ཀྱིན་པ་དག་གིས་བོད་ཀྱི་དྲ་ཚིགས་ཧྲིལ་བོ་ཁོག་དོག་དང་ཉམ་ཆུང་གི་རང་བཞིན་ཅན་དུ་འཕོས་སུ་བཅུག་ནས་ཡོད་པ་དང་། ལྷག་པར་ད་ལྟའི་དུས་སུ་དྲ་ཚིགས་ཀྱི་སྒང་ལ་བཅད་གསར་སྙན་ངག་ཅེས་དགེ་འདུན་ཆོས་འཕེལ་སོགས་ཀྱི་དབྱངས་འགྲོས་ལ་ལད་མོ་བྱས་ཏེ་བརྗོད་བྱ་ཁོག་སྟོང་ཡིན་ལ། རྗོད་བྱེད་རྡོ་ཆག་བཙན་སྒྲིག་ཡིན་པའི་ཚིགས་བཅད་སྙན་ངག་ཅིག་དྲ་བའི་སྒང་དུ་དར་སོ་ཆེ་བ་ལ། སློབ་འབྲིང་སློབ་མ་གཙོས་པའི་སློབ་ཆེན་གྱི་སློབ་མ་དང་། གྲྭ་བཙུན་ལོ་ན་ཕྲ་བ་སོགས་བརྡ་སྤྲོད་ལ་ལོད་ནས་ཡོད་མཁན་མང་པོ་ཞིག་གིས་ཨ་གསར་དུ་འབྲི་བཞིན་མགོ་རྨོངས་ཀྱི་ལས་ཀ་ཞིག་བརྩམས་ནས་ཡོད་པ་ནི། སྨྱུ་གུ་སར་བཙུགས་མ་ཐག་ནས་གསང་སྔགས་དང་ཕྱག་རྒྱ་ཞེས་དགུང་ནས་བཤད་བཞིན། མོ་མཚན་དང་ནུ་མ་ཞེས་འདོམ་ལ་འབབ་པའི་ལས་ཀ་ཞིག་བརྐྱངས་ནས་ཡོད་ལ། དྲ་བའི་སྒང་དུ་མི་ཚེ་གྱོན་བཞིན་པའི་སློབ་བུ་དེ་དག་གིས་ཕན་ཚུན་གྱི་ཤོ་ལོ་ཀ་སྐམ་པོ་དེ་དག་བདུད་རྩིའི་ཆར་རྒྱུན་དུ་ཕར་ཚུར་ལ་གཏིང་རགས་སུ་ལེན་གྱིན་པ་དག་གིས་སློབ་གྲྭ་ཆེན་མོ་བའི་ཁྲོད་དུའང་བཅད་གསར་ལས་བོད་ཡིག་གི་ལམ་ནས་གནང་ཞུ་ཡི་གེ་འབྲི་མི་ཤེས་པའི་སྡེ་ཞིག་བྱུང་ནས་ཡོད་པ་འདི་དག་གིས་དུས་སྐབས་འདིའི་དྲ་རྒྱའི་རྩོམ་རིག་དེ་ལོ་རྒྱུས་ཀྱི་གོམ་ཁ་ཕྱི་རུ་སྤོས་པའི་བག་འཁུམས་དང་རྗེས་ལུས་ཀྱི་རྣམ་པ་ཞིག་ཀྱང་མཚོན་ནས་ཡོད་དོ།།
མདོར་ན་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཏེ་ཡར་ངོས་ཟླ་ལྟར་གོང་ནས་གོང་དུ་འཕེལ་གྱིན་ཡོད་པ་ཁ་ཚ་དགོས་གཏུག་ཏུ་གྱུར་བས་ཀྱང་། ཕོན་ཆེ་བའི་འགྱུར་བ་དེའི་གཞུང་གསེང་དུ་ལམ་སློང་ལ་གེག་བྱ་བའི་རྒྱུ་རྐྱེན་རབ་དང་རིམ་པ་ཞིག་འབྱུང་གིན་པ་ལ་ང་ཚོ་བོད་ཀྱི་རིག་གནས་ལ་ཤ་ཚ་ཞིང་སྒོས་སུ་རྩོམ་རིག་འཕེལ་རྒྱས་ལ་སེམས་པ་གླགས་མཁན་དག་གིས་ཁ་མིན་དོན་གྱི་ལས་ཀ་རེ་བསྒྲུབས་ན་མ་གཏོགས། ནམ་ཞིག་གི་ཚེ་ཕུང་གསུམ་གྱི་འབྲས་བུ་བསྐྱེད་པའི་ལས་ཀྱི་སྦྱོར་བ་དེས་བོད་ཀྱི་རྩོམ་རིག་ཅེས་པ་ཁ་ཤས་པགས་པ་གར་འཐེན་འཐེན་བྱས་པའི་དཔེ་དང་། ཡང་ན་ཕག་སྣ་རྡོ་ཐུག་གི་དཔེ་རུ་འགྱུར་ངེས་པ་ལ་ཀུན་གྱིས་དོ་སྣང་བྱ་དགོས་སོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།