ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > བོད་ཀྱི་བརྙན་གཟུགས་ལོ་ཙཱའི་སྤྱི་དོན་བདུད་རྩིའི་ཐིགས་པ་ཞེས་བྱ་བ།
བོད་ཀྱི་བརྙན་གཟུགས་ལོ་ཙཱའི་སྤྱི་དོན་བདུད་རྩིའི་ཐིགས་པ་ཞེས་བྱ་བ།
རྩོམ་པ་པོ།:རིག་ཚན་སྐྱབས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-23 09:18:00
ཀློག་གྲངས།:
རིག་འཕྲུལ་རྣམ་པར་རྩེན་པའི་རྩེ་དགའ་ཡིས། །
མཐོང་བ་བརྙན་གྱི་མིག་སྒོ་ཡངས་པོར་ཕྱེས། །
ཕྱི་ནང་རིག་པ་འདྲིས་པའི་མཐུ་བོ་ཆེ། །
བརྙན་གཟུགས་འཕྲུལ་གྱི་ཟློས་གར་འདི་ཀོ་རྨད། །
དེ་ལ་འདིར་བརྙན་གཟུགས་ལོ་ཙཱའི་རྣམ་བཞག་མདོར་བསྡུས་ཏེ་བརྗོད་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །
སྤྱིར་བསྟན་པ།
དང་བོ་ནི། བརྙན་གཟུགས་ཞེས་པའི་ཐ་སྙད་རང་བཟོ་ཡིན་ཏེ། དེ་ནི་རྒྱ་ཡིག་གི(影视)ཞེས་པ་ཐད་ཀར་བོད་ཡིག་གི་ལམ་དུ་བསྒྱུར་བའི་ཕྱིར། ཇི་སྐད་དུ། དེང་རབས་རྒྱ་ཡིག་མིང་མཛོད་ལས། 《现代汉语学习词典》 བརྙན་གཟུགས(影视)ཞེས་བྱ་བ་ནི། གློག་བརྙན་དང་བརྙན་འཕྲིན་གྱི་བསྡུས་མིང་ངོ་། ། ① ཞེས་གསུངས་པ་ལྟར་རོ། ། གཞན་ཡང་། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ལས། (影视业)ཞེས་བྱ་བ་ནི། བརྙན་ལས་ཏེ། གློག་བརྙན་དང་བརྙན་འཕྲིན་གྱི་ལས་རིགས་སོ། ། ② ཞེས་གསལ་བ་བཞིན་ནོ། ། དེ་ལ་འདིར་གློག་བརྙན(电影)ཞེས་བྱ་བ་ནི། སྤྱིན་ཐག་ཐོག་གི་གཟུགས་བརྙན་རྣམས་རྒྱུན་ཆད་མེད་པར་འཁོར་བ་དག་གློག་འོད་དྲག་པོས་ཡོལ་དཀར་སྟེང་དུ་སྤྲོས་པ་ན་ལྟ་བ་པོ་དག་ལ་དངོས་སུ་གཡོ་འགུལ་བྱེད་བཞིན་ཡོད་པ་ལྟ་བུའི་སྣང་བ་སྟེར་བའི་སྣ་འདུས་སྒྱུ་རྩལ་ཞིག་གོ།③ ཞེས་དང་། བརྙན་འཕྲིན(电视)ཞེས་བྱ་བ་ནི། སྐུད་མེད་གློག་རླབས་སམ་འདྲེན་སྐུད་ལ་བརྟེན་ནས་དངོས་པོ་རྣམས་ཀྱི་སྒྲ་དང་འགུལ་བསྐྱོད་ཀྱི་གཟུགས་བརྙན་གཏོང་སྐྱེལ་བྱེད་པའི་རྒྱང་སྒྲོག་གམ་འཕྲིན་གཏོང་མཁོ་ཆས་ཤིག་སྟེ། དེ་ཡང་དངོས་པོ་རྣམས་ཀྱི་སྒྲ་དང ་འགུལ་བསྐྱོད་ཀྱི་གཟུགས་བརྙན་རྣམས་གློག་གི་འཕྲིན་བརྡའི་རྣམ་པར་བསྒྱུར་ནས་བརྙན་གཏོང་གནམ་སྐུད་དམ་བརྙན་མདུང་ལ་བརྟེན་ནས་ཕར་ལ་བཏང་བ་རྣམས་བརྙན་འཕྲིན་སྡུད་འཕྲུལ་ལམ་བརྙན་འཕྲུལ་གྱི་རྣམ་པར་བསྒྱུར་ནས་ཚུལ་ལ་སྣང་བར་བྱེད་པའོ། ། ④ ཞེས་གསུངས་པ་ལྟར། གློག་བརྙན་སྒྱུ་རྩལ་དང་བརྙན་འཕྲིན་སྒྱུ་རྩལ་ཞེས་པའི་སྒྱུ་རྩལ་གྱི་རྣམ་གྲངས་གཉི་ག་གཅིག་ཏུ་བསྡུས་ཏེ་མིང་དུ་བརྙན་གཟུགས་ཞེས་སུ་བཏགས་པར་བཞེད་ཅིང་། དེ་ནི་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་སྒྱུ་རྩལ་གཉིས་ཟུང་དུ་སྦྲེལ་བའི་བའི་འབྲས་བུ་འབའ་ཞིག་ཏུ་ངེས་སོ། ། དེ་བཞིན་དུ་བརྙན་གཟུགས་ལོ་ཙཱ(影视翻译)ཞེས་བྱ་བ་ནི་གློག་བརྙན་འཕྲིན་གྱི་བསྒྱུར་བྱའི་སྐད་དམ་ཡི་གེའི་བསྟན་པའི་བསམ་པའི་དོན་དང་བརྗོད་པའི་ཉམས་འགྱུར་བཅས་དེ་དམ་པ་མཐར་ཕྱིན་པ་དང་། འོས་ཤིང་འཚམ་པའི་སྒོ་ནས་སྒྱུར་བྱེད་ཀྱི་སྐད་དམ་ཡི་གེར་ཇི་བཞིན་ཕབ་སྒྱུར་གྱི་གསར་གཏོད་ལྡན་པའི་བྱེད་སྒོ་ཞིག་ཏུ་བརྗོད་རིགས་སོ། ། དེ་ལ་དབྱེ་ན་གཉིས། སྐད་སྦྱོར་བ་དང། བརྙན་ཡིག་ལོ་ཙཱའོ། ། དེ་གཉིས་ལ་ཁྱད་པར་ཡོད་དེ། སྦྱར་བྱའི་སྐད་ཀྱི་ཁ་དབྱིབས་དང་བཅས་པར་གཞིགས་ཏེ་སྦྱོར་བྱེད་ཀྱི་སྐད་དུ་བསྒྱུར་བའམ་སྦྱོར་བར་བྱེད་པ་དེ་སྐད་སྦྱོར་བ་དང་། གློག་བརྙན་འཕྲིན་གཏོང་བའི་སྒང་ལ་སྤྱིར་བཏང་བརྙན་ཡོལ་གྱི་གཤམ་འོག་ཏུ་འཆར་བའི་གློག་བརྙན་འཕྲིན་ནང་གི་མི་སྣའི་ཁ་བརྡ་དང་། དེ་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་གཞན་དག་ལ་འགྲེལ་བའི་ཚུལ་དུ་ལྷན་ཐབས་གསལ་བཤད་བགྱི་བ་དེ་བརྙན་ཡིག་ལོ་ཙཱ་ཡིན་པའི་ཕྱིར། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། སྐད་སྦྱོར་བའི་རྣམ་བཞག་མདོར་བསྡུས་ཏེ་བཤད་པ། བརྙན་ཡིག་ལོ་ཙཱའི་རྣམ་བཞག་ཅུང་ཟད་ཕྱེ་སྟེ་བཤད་པའོ། །
སྐད་སྦྱོར་བའི་རྣམ་བཞག་མདོར་བསྡུས་ཏེ་བཤད་པ།
དང་བོ་ནི་སྦྱར་བྱའི་སྐད་ཀྱི་ཁ་དབྱིབས་དང་བཅས་པར་གཞིགས་ཏེ་སྦྱོར་བྱེད་ཀྱི་སྐད་དུ་བསྒྱུར་བའམ་སྦྱོར་བར་བྱེད་པ་དེ། སྐད་སྦྱོར་བའི་མཚན་ཉིད། ཡང་ན། གློག་བརྙན་གང་དེའི་དང་མའི་སྐད་ཆ་དེ་ཉིད་སྦྱར་བྱའི་སྐད་དུ་སྦྱོར་བར་བྱེད་པ་དེ། སྐད་སྦྱོར་བའི་མཚན་ཉིད། གཞན་ཡང་། གློག་བརྙན་དང་བརྙན་འཕྲིན་ནང་གི་འཁྲབ་སྟོན་པའི་རྣམ་འགྱུར་དང་ཁའི་འབྱེད་འཛུམ་གྱི་དབྱིབས་དང་མཐུན་པར་སྐད་ཆ་སོགས་སྦྱོར་བ། སྐད་སྦྱོར་བའི་མཚན་ཉིད་དུ་རྒྱ་བོད་དབྱིན་མིང་མཛོད་དུ་བཤད། དེ་མིན་གོ་བདེ་ཤོས་སུ་བཤད་ན། གློག་བརྙན་དང་བརྙན་འཕྲིན་ལ་སྐད་ཆ་སོགས་སྦྱོར་བ། སྐད་སྦྱོར་བའི་མཚན་ཉིད།
དེ་ཡང་བརྙན་གཟུགས་སྐད་སྦྱོར་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ལ། དེ་ནི་སྐད་སྦྱོར་འཁྲབ་སྟོན་པས(配音演员)⑤ རང་ཉིད་ཀྱི་སྐད་ཆས་གློག་བརྙན་འཕྲིན་ནང་གི་མི་སྣའི་སྣང་བརྙན་བསྐྱར་བསྐྲུན་བྱེད་པའི་ལས་སུ་བྱ་བ་ཞིག་ཡིན་ལ། སྐད་སྦྱོར་འཁྲབ་སྟོན་པས་མ་བརྙན་དུ་ཇི་ལྟ་ཇི་ལྟར་བཤད་པ་དེ་ལྟ་དེ་ལྟར་དུ་སྦྱར་ནས། མ་བརྙན་གྱི་འཁྲབ་སྟོན་པས་བཞེངས་སྐྲུན་བྱས་ཟིན་པའི་མི་སྣའི་སྣང་བརྙན་གཞིར་བཅས་ཏེ་མི་སྣ་གང་དེར་སྐད་ཆའི་ལམ་ནས་བསྐྱར་དུ་བཞེངས་བསྐྲུན་བྱེད་པ་ལས། མ་བརྙན་ལ་མ་ལྟོས་པར་རང་དགར་བརྙན་མི་སྣའི་སྣང་བརྙན་ཡན་གར་བ་ཞིག་བསྐྲུན་མི་རིགས་སོ། ། ⑥ དེ་ལ་སྐད་སྦྱོར་བ་དཀའ་བ་རྣམ་གསུམ་དུ་བཞེད་དེ། ༡ ཁ་དབྱིབས་དང་ནང་དོན། ༢ སྐད་ཆའི་སྔ་ཕྱི་དང་བརྙན་ངོས། ༣ ཐད་སྒྱུར་རམ་དོན་སྒྱུར་གསུམ་དུ་བཤད་ལ། སློབ་དཔོན་ཆེན་མོ་ཞ་ཕེན(夏平)མཆོག་གི་ཞལ་ནས། བརྙན་གཟུགས་བརྩམས་ཆོས་ཤིག་ལེགས་པར་བསྒྱུར་བ་ལ། ལོ་ཙཱ་བ་དང་། བསྒྱུར་བཟོའི་འཁྲབ་ཁྲིད་པ།(译制导演)སྐད་སྦྱོར་འཁྲབ་སྟོན་པ་གསུམ་ག་ལ་རག་ལས་སོ། ། ལོ་ཙཱ་བའི་འགན་ནི་འཁྲབ་གཞུང་ལེགས་པར་བསྒྱུར་བ་དེའོ། ། འགྱུར་དག་པ་ནི་རྩ་བའི་ཆ་རྐྱེན་དང་། དེའི་སྟེང་ལ་ཞིབ་ཅིང་གནད་དུ་འཁེལ་བ། དོན་སྙིང་བོ་ཇི་བཞིན་སྟོན་ཐུབ་པ་དགོས། དེ་ལྟ་ན་མ་རྩོམ་གྱི་སྒྱུ་རྩལ་གྱི་མཛེས་པ་མངོན་ཞིང་། རིག་གནས་ཕན་ཚུན་བརྗེ་རེས་ཀྱི་ཟམ་པ་འཛུགས་ཐུབ་བོ། ། ཞེས་གསུངས་པ་ཇི་བཞིན་དུ་བརྩོན་པས་འཇུག་འཚལ་ལོ། །
བརྙན་ཡིག་ལོ་ཙཱའི་རྣམ་བཞག་བཤད་པ།
གཉིས་པ་བརྙན་ཡིག་ལོ་ཙཱའི་རྣམ་བཞག་ཅུང་ཟད་ཕྱེ་སྟེ་བཤད་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། ། དང་བོ་ནི། དེ་ལ་རང་རེ་གངས་ཅན་གྱི་ལྗོངས་སུ་ལོ་ཙཱའི་བྱ་བཞག་ནི་གནའ་ཆེས་སྔ་མོ་ཞིག་ནས་དར་ཡོད་དེ། མཁས་དབང་འཕྲིན་ལས་ཆོས་གྲགས་ཀྱི་ཞལ་ནས། སྤྱི་ལོའི་སྔོན་གྱི་ལོ་སུམ་བརྒྱ་དྲུག་ཅུའི་ཡས་མས་ཤིག་སྟེ་ཡར་ཀླུང་སྤུར་རྒྱལ་གྱི་བཙན་པོའི་གདུང་རབས་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ནས་ཞང་བོད་ལོ་ཙཱའི་སྲོལ་དར་བ་ཡིན། ⑦ ཞེས་དང་། བོད་ཀྱི་ལོ་ཙཱའི་རིགས་ལམ་བཤད་ལུགས་ཀྱི་སྲོལ་དར་ནས་ཀྱང་ལོ་རྒྱུན་རིང་མོ་ཕྱིན་ཡོད་པ་སྟེ། མ་མཐར་ཐུབ་པའི་བསྟན་པ་གངས་ཅན་བོད་དུ་དར་བ་དང་། ནང་བསྟན་གསུང་རབ་བོད་ཡིག་ཏུ་བསྒྱུར་འགོ་ཚུགས་ནས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་ཐེག་པ་ཆེ་ཆུང་ལས་བྱུང་བའི་རྒྱ་གར་གྱི་སྐད་བོད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་བཀས་བཅད་གཏན་ལ་ཕབ་པའི་ལོ་ཙཱའི་རིགས་ཐིགས《སྒྲ་སྦྱོར་བམ་གཉིས》ཀྱི་གཞུང་བསྟན་པ་ནས་ད་བར་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ཕྱིན་ཡོད། ⑧ ཅེས་སུ་ཇི་སྐད་གསུངས་པ་དེ་བཞིན་ནོ། ། སླད་མར་དུས་རབས་རིམ་བྱོན་གྱི་ལོ་པཎ་བཀའ་དྲིན་ཅན་དག་གི་མཛད་པ་ཕྲིན་ལས་ལ་བརྟེན་ནས་རང་རེའི་ལོ་ཙཱའི་བྱ་བཞག་མངོན་པར་དར་ཡོད།
ཚན་རིག་ལག་རྩལ་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་དང་བསྟུན་ནས། དུས་རབས་བཅུ་དགུ་བའི་ནང་དུ་འཛམ་བུའི་གླིང་འདིར་འདྲ་པར་མང་པོ་གུང་བསྒྲིགས་ཀྱིས་འགུལ་རིས་བཟོ་བའི་གློག་བརྙན་གྱི་རྣམ་པ་ཐོག་མར་བྱུང་ལ། དེ་རྗེས་འགུལ་རིས་བརྙན་ཡོལ་གྱི་ངོས་སུ་སྟོན་པ་དང་སྐྱ་རིས་མཚོན་རིས་སུ་སྒྱུར་བ། སྒྲ་མེད་སྒྲ་ལྡན་དུ་ཕབ་པ་སོགས་ལག་རྩལ་གོང་ནས་གོང་དུ་ཕྱིན་ཏེ་ད་ལྟའི་དུས་ཀྱི་ཆུ་ཚད་དུ་འཕེལ་བ་རེད། གློག་བརྙན་ལས་རིགས་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་དང་བསྟུན་ ནས་དེ་ཉིད་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ལོངས་སྤྱོད་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་ལ། སྤྱི་ཚོགས་ཀྱི་དགོས་མཁོ་སྣ་ཚོགས་དང་བསྟུན་ནས་བརྙན་གཟུགས་ལོ་ཙཱ་བྱུང་བ་རེད། དེ་ཡང་བརྙན་གཟུགས་ལོ་ཙཱ་ལ་དབྱེ་ན་སྐད་སྦྱོར་བ་དང་བརྙན་ཡིག་ལོ་ཙཱ་གཉིས་ཡོད་ཅིང་། དེ་ལ་འདིར་བཤད་པར་བྱ་བའི་གློག་བརྙན་རིས་ཡིག་ལོ་ཙཱའམ། ཡང་ན་བསྡུས་ཏེ་བརྙན་ཡིག་ལོ་ཙཱ་ཞེས་སུ་འབོད་པ་དེ་ནི་རང་རེ་ཁ་བ་རི་བོའི་ལྗོངས་སུ་གསར་དུ་དར་ཏེ་ལོ་འགའ་ཤས་ལས་འགོར་མེད་པའི་ལོ་ཙཱའི་ལག་ལེན་བྱེ་བྲག་པ་ཞིག་ཡིན་ལ། དེ་ཀོ་བྱུང་འཕྱི་ཞིང་ལག་ལེན་གྱི་དུས་ཡུན་ཐུང་དྲགས་པས་རང་རེ་ལ་བརྙན་ཡིག་ལོ་ཙཱའི་རིགས་ལམ་དཔྱོད་ལུགས་ཀྱི་རྣམ་གཞག་རང་མཚན་པ་ཞིག་གྲུབ་པས། དེ་ལ་དཔྱོད་པའི་ལས་བགྱི་བའི་ཁུར་ནི་ཐེག་པར་དཀའ་ཡང་ཐོས་དོན་ཇི་བཞིན་སྤེལ་བ་ལ་འགལ་ཆ་མེད་པར་སེམས་སོ། ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། མཚན་ཉིད། དབྱེ་བ། ཚད་བཀག བསྒྱུར་ཚུལ་དང་བཞི།
བརྙན་ཡིག་ལོ་ཙཱའི་མཚན་ཉིད་བཤད་པ།
དེང་གི་ཆར་རྒྱལ་ཁབ་ཕྱི་ནང་ཀུན་དུ་བརྙན་ཡིག་ལོ་ཙཱ་ལ་ཀུན་གྱིས་འཐད་ལྡན་དུ་འཛིན་པའི་གོ་དོན་ཞིག་འཇོག་ཐུབ་མེད་པར་སོ་སོའི་རང་ལུགས་བྱེ་བྲག་པ་རེ་བཀོད་ནས་འཐུས་པར་བགྱིས་ཡོད། དེ་ལ་ཉམས་ཞིབ་པ་ཡང་དབྱང་གིས་མཛད་ པའི《བརྙན་ཡིག་ལོ་ཙཱའི་དཔྱད་གཏམ》ཞེས་པར། བརྙན་ཡིག་ལོ་ཙཱ་ཞེས་བྱ་བ་ནི། གློག་བརྙན་འཕྲིན་གཏོང་བའི་སྒང་ལ་ སྤྱིར་བཏང་བརྙན་ཡོལ་གྱི་གཤམ་འོག་ཏུ་འཆར་བའི་གློག་བརྙན་འཕྲིན་ནང་གི་མི་སྣའི་ཁ་བརྡ་དང་། དེ་དང་འབྲེལ་ཡོད་ཀྱི་ ཆ་འཕྲིན་གཞན་དག་ལ་འགྲེལ་བའི་ཚུལ་དུ་ལྷན་ཐབས་གསལ་བཤད་བགྱི་བ་ལ་བསྟན་པའོ། ། ཞེས་སུ་གསུངས་ཡོད་ལ། གཞན་དུ་གོ་བ་མི་མཐུན་པ་སྣ་ཚོགས་སུ་བཤད་ཀྱང་། རང་ལུགས་སུ་བརྙན་ཡིག་ལོ་ཙཱ་ཞེས་བྱ་བ་ལ་སྒྲ་ཡངས་དོག་གི་གོ་དོན་གཉིས་མཆིས་ཏེ། སྒྲ་ཡངས་འཇུག་གི་བརྙན་ཡིག་ལོ་ཙཱ་ཞེས་པ་ནི་གློག་བརྙན་འཕྲིན་སོགས་བརྙན་གཟུགས་ཀྱི་གབ་པ་དང་མངོན་པའི་མ་བརྙན་གྱི་སྐད་ཡིག་གི་མཚོན་པའི་བརྡ་འཕྲིན་རྣམས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྒྱུར་བྱེད་ཡིག་རིགས་ཀྱི་ལམ་ནས་མཚོན་པར་བྱེད་པ་ལ་བཤད་ཅིང་། དེའི་ནང་དུ་གློག་བརྙན་བརྙན་ཡིག་ལོ་ཙཱ་དང་བརྙན་འཕྲིན་བརྙན་ཡིག་ལོ་ཙཱ།། གཏམ་བཤད་བརྙན་ཡིག་ལོ་ཙཱ་སོགས་འདུས་ལ། སྒྲ་དོག་འཇུག་གི་བརྙན་ཡིག་ལོ་ཙཱ་ཞེས་པ་ནི་ང་ཚོས་རྒྱུན་པར་སྤྱོད་པའི་བརྙན་ཡིག་ལོ་ཙཱ་སྟེ། གློག་བརྙན་འཕྲིན་གྱི་བརྙན་རིས་གཤམ་འོག་ཏུ་འཆར་བའི་མངོན་པ་དང་གློག་བརྙན་འཕྲིན་ཁྲོད་གབ་པའི་མ་བརྙན་གྱི་བརྙན་ཡིག་གིས་མཚོན་པའི་བརྡ་འཕྲིན་རྣམས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྒྱུར་བྱེད་ཡིག་རིགས་ཀྱི་ལམ་ནས་མཚོན་པར་བྱེད་པ་ལ་བསྟན་པའོ། །
མདོར་ན་གོ་སླ་བར་བཤད་ན། བསྒྱུར་བྱ་གློག་བརྙན་གྱི་རིས་ཡིག་དེ་ག་སྒྱུར་བྱེད་ཀྱི་ཡི་གེར་ཕབ་སྒྱུར་བྱེད་པ་ལ་གོ་དགོས་སོ། ། བརྙན་ཡིག་ལོ་ཙཱ་བྱུང་བ་དེས། ལྟད་མོ་བའི་མཐོང་ཐོས་གཉིས་ཆ་ནས་གློག་བརྙན་གྱི་ནང་དོན་ཆ་ལག་རྫོགས་པར་ཉམས་སུ་མྱངས་ཤིང་གློག་བརྙན་གྱི་མཛེས་པ་ལོངས་སུ་སྤྱོད་ཐུབ་པར་གྱུར། དེ་ཡང་བརྙན་ཡིག་ལོ་ཙཱའི་གོ་བ་ནི་སྤྱི་ཚོགས་དང་། དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་བ་སྣ་ཚོགས་འབྱུང་ངེས་པ་ནི་ཆོས་ཉིད་དུ་གྲུབ་པས། སླད་མར་རང་རེའི་བརྙན་ཡིག་ལོ་ཙཱར་ཉམས་ཞིབ་དང་ལག་ལེན་གྱི་གཞི་རྒྱ་ཆེ་རུ་ཕྱིན་པ་དང་ལྷན་དུ་མི་རིགས་གཞན་གྱི་བརྙན་ཡིག་ལོ་ཙཱའི་རིགས་ལམ་དཔྱོད་ལ་མ་ལྟོས་པའི་རྣམ་གཞག་རང་མཚན་པ་ཞིག་ཆགས་ངེས་པས། དེ་ལ་དེར་མཐུན་གྱི་གོ་དོན་རང་རྐྱ་བ་ཞིག་ཀྱང་འཇོག་ངེས་སོ།།
བརྙན་ཡིག་ལོ་ཙཱའི་དབྱེ་བ་བཤད་པ།
བརྙན་ཡིག་ལོ་ཙཱ་ལ་མཐོང་སྣེ་མི་འདྲ་བ་ནས་དབྱེ་བའི་རྣམ་གྲངས་ཀྱང་མི་འདྲ་བར་འབྱེད་རྒྱུ་ཡོད་དེ། བརྙན་ཡིག་གི་ནང་དོན་གཞིར་བཟུང་ན་མངོན་པའི་བརྙན་ཡིག་ལོ་ཙཱ(显性电影字幕翻译)དང་གབ་པའི་བརྙན་ཡིག་ལོ་ཙཱ་(隐性电影字幕翻译)གཉིས་སུ་དབྱེ། དེ་ཡང་མངོན་པའི་བརྙན་ཡིག་ལོ་ཙཱ་ཞེས་པ་ནི་བརྙན་རིས་ཀྱི་གཤམ་འོག་ཏུ་མངོན་པའི་མི་སྣའི་སྐད་ཆ་དང་ཁ་བརྡ་དེ་བསྒྱུར་བྱའི་ཡིག་རིགས་ཀྱི་ལམ་ནས་མཚོན་པར་བྱེད་པ་ལ་ཟེར་ཞིང་། གབ་པའི་བརྙན་ཡིག་ལོ་ཙཱ་ཞེས་པ་ནི་བརྙན་གཟུགས་ཁྲོད་ཀྱི་གནས་དུས་དངོས་པོ་ཅི་རིགས་ཤིག་ལྟ་མཁན་གྱི་གོ་བ་ལེན་བདེ་བའི་ཕྱིར་དུ་གསལ་བཤད་རང་བཞིན་གྱི་རྣམ་པས་མཚོན་པར་བྱེད་པ་ཞིག་ཡིན།
བརྙན་ཡིག་ལོ་ཙཱའི་ཚད་བཀག་བཤད་པ།
བརྙན་ཡིག་ལོ་ཙཱ་ནི་སྤྱིར་ལོ་ཙཱའི་བྱེ་བྲག་ཅིག་ཡིན་པའི་ཆ་ནས་དེ་ལ་ལོ་ཙཱ་སྤྱི་ལ་ཡོད་པའི་ཚད་བཀག་ཡོད་པ་ལས་གཞན་བརྙན་ཡིག་ལོ་ཙཱ་རང་སྟེང་ནའང་ཚད་བཀག་ཡོད། བརྙན་ཡིག་ལོ་ཙཱའི་ཚད་བཀག་ལ་གཉིས། ཡུལ་གྱི་ཚད་བཀག དུས་ཀྱི་ཚད་བཀག་དང་གཉིས། དང་བོ་ནི། བརྙན་རིས་དང་བརྙན་ཡིག་གི་ཡིག་གཟུགས་ཆེ་ཆུང་། དེ་བཞིན་བརྙན་ཡིག་གི་ཐིག་ཕྲེང་སོགས་ལ་གོ་བ་ཡིན་ཏེ། བརྙན་རིས་ཀྱི་ཆེ་ཆུང་དང་འཁྲབ་སྟོན་པའི་ཁ་དབྱིབས་ཀྱིས་བརྙན་ཡིག་གི་ཆེ་ཆུང་ཐག་བཅད་ཡོད། དེ་བས་ཡུལ་གྱི་ཚད་བཀག་ཡོད་པས་དབང་གིས་བརྙན་ཡིག་ལོ་ཙཱ་བས་གང་བསྒྱུར་བྱའི་མ་བརྙན་གྱི་ཡི་གེའི་གོ་བ་མ་བོར་བའི་རྨང་གཞིའི་སྟེང་ནས་འཕྲི་བསྒྱུར་དང་བསྡུས་བསྒྱུར་གྱི་ཐབས་ལེགས་པོ་སྤྱོད་པར་མ་ཟད། དགོས་མེད་ཀྱི་ཡིག་ཚོགས་སྤང་ནས་གནད་བསྡུས་དོན་གསལ་དུ་བསྒྱུར་བར་འབད་དགོས། གཉིས་པ་ལ་གོ་དོན་རིམ་པ་གཉིས་ཡོད་དེ། གཅིག་ནི་གློག་བརྙན་གྱིས་སྐད་དང་གཟུགས་རིས་རྒྱུན་འཁྱོངས་བྱེད་ཐུབ་པའི་ཡུན་ལ་གོ་བ་དང་། གཅིག་ཤས་ནི་ལྟ་མཁན་གྱི་བརྙན་ཡིག་ཀློག་པར་མཁོ་བའི་ཆ་སྙོམས་ཀྱི་དུས་ལ་གོ་བ་རེད། དེ་བས་འདི་ནི་རྩོམ་རིག་རྐྱང་བའི་ཡིག་སྒྱུར་ལས་མི་འདྲ་བའི་དམིགས་བསལ་གྱི་ཚད་བཀག་ཅིག་ཡིན། བརྙན་ཡིག་ལོ་ཙཱ་ལ་དེ་ལྟའི་ཚད་བཀག་གིས་བཅུན་ཡོད་པས། དེས་ཐད་ཀར་བརྙན་ཡིག་ལོ་ཙཱ་དོན་གཉེར་བྱེད་མཁན་ལ་རེ་བ་ནན་མོ་ཞིག་ཡོད་ཅིང་། བརྙན་ཡིག་ལོ་ཙཱ་བྱེད་མཁན་གང་དེས་ཀྱང་དེ་ལྟའི་ཚད་ཡོད་པའི་བཀག་རྒྱ་ཞིག་གི་ཁྱབ་ཁོངས་ནས་བརྙན་ཡིག་ལེགས་པོར་ཕབ་སྒྱུར་བགྱི་བ་ལ་ལོ་ཙཱའི་བློ་སྦྱོང་མཐོ་ཙམ་དགོས་པ་ནི་སྨོས་མ་དགོས་སོ། ། དེ་ལ་འདིར་རང་རེའི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་ཚིག་སྡུད་ཀྱི་རྣམ་གཞག་མདོ་ཙམ་གང་འཚམ་ཞིག་བཀོད་འདུག་པ་དེ་ནི་ཏག་ཏག་བརྙན་ཡིག་ལོ་ཙཱའི་ཡུལ་གྱི་བཀག་རྒྱ་སེལ་བའི་ཐབས་ཀྱི་མཆོག་ཏུ་སེམས་ཏེ། བརྡ་སྤྲོད་དང་གཏན་ཚིགས་ལ་མི་འགལ་ཞིང་། དོན་ལ་གོལ་ས་མ་བྱུང་ན་མིང་དང་ཚིག་བསྡུ་རུང་བར་བཞེད་ཅིང་། ཚིག་སྡུད་ཀྱིས་འབྲུ་ལྷག་མང་བོ་ཞིག་བསྡུས་ཆོག་པས་དེ་ལ་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཡོད་དོ།།
བརྙན་ཡིག་ལོ་ཙཱའི་བསྒྱུར་ཚུལ་བཤད་པ།
བརྙན་ཡིག་ལེགས་པོ་ཞིག་བསྒྱུར་ཐུབ་མིན་དེ་ཡང་བརྙན་ཡིག་སྒྱུར་སྟངས་ཚད་མཐུན་ཞིག་སྤྱོད་ཐུབ་མིན་ལ་རག་ལས་པས། བརྙན་ཡིག་ལོ་ཙཱ་བྱ་བའི་ཚུལ་ལེགས་པར་རྟོགས་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ། ། དེ་ན་གཤམ་དུ་བརྙན་ཡིག་ལོ་ཙཱ་ཇི་ལྟར་བྱ་བའི་ཚུལ་དེ་སྤྱིར་བཏང་ལོ་ཙཱའི་རིགས་ལམ་དཔྱོད་ལུགས་ཀྱི་རྣམ་གཞག་དང་བསྟུན་ནས་ཚན་པ་གསུམ་དུ་མདོ་ཙམ་བཤད་ན། ཆེས་ཐོག་མར་བརྙན་ཡིག་ལོ་ཙཱ་ནི་ལོ་ཙཱའི་རིག་པའི་རྣམ་གྲངས་བྱེ་བྲག་པ་ཞིག་ཡིན་པའི་ཆ་ནས། ངེས་ཅན་དུ་ལོ་ཙཱའི་རིགས་ལམ་དཔྱོད་ལུགས་ཀྱི་རྣམ་གཞག་ལ་བློ་སྦྱོང་ཡོད་དགོས་ཏེ། ལོ་ཙཱའི་ཚད་གཞི་དང་རྩ་དོན། ལོ་ཙཱ་བའི་རྨང་གཞིའི་ཆ་རྐྱེན་སོགས་ལོ་ཙཱའི་ཆེས་རྩ་བར་གྱུར་བའི་སྔོན་འགྲོའི་ཤེས་བྱ་དག་ཡིད་ལ་ངེས་དགོས་སོ། ། དེ་ལྟ་མ་ཡིན་པར་རྒྱ་བོད་ཡིག་རིགས་གཉིས་ལ་ངེས་ཆ་ཡོད་ཙམ་གྱིས་ལོ་ཙཱ་དང་སྒོས་བརྙན་ཡིག་ལོ་ཙཱ་ལ་འཇུག་པར་གོལ་ས་འབྱུང་ངེས་ཤིང་། རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་མེད་པར་ལག་ལེན་ལ་འཇུག་པ་ནི་ཉེན་ཁའི་གནས་སུ་མཐོང་བ་ལས། གྲུབ་འབྲས་ཕུན་ཚོགས་ལོན་པའི་སྔ་ལྟས་ནི་མ་ཡིན་ནོ།། དེ་ན་བརྙན་ཡིག་ལོ་ཙཱའི་ལག་ལེན་ལ་མ་ཞུགས་པའི་ཡར་སྔོན་དུ་ལོ་ཙཱའི་རིགས་ལམ་དཔྱོད་ལུགས་ལ་ཐོས་བསམ་སྒྲོ་འདོགས་ཆོད་པ་ཞིག་བྱ་རྒྱུ་ནི་གལ་ཆེ་ལ། ཁྱད་པར་དུ་བརྙན་ཡིག་ལོ་ཙཱ་སྐོར་གྱི་རྣམ་གཞག་རྒྱས་པར་བསྟན་པའི་གཞུང་དོན་ལ་འཇུག་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་མཐོང་ངོ་། ། བར་དུ་གང་བསྒྱུར་བྱའི་མ་བརྙན་ལ་གོ་བ་རྣམ་པར་དག་པ་ཞིག་ལོན་དགོས་ཏེ། མི་རིགས་དང་རྒྱལ་ཁབ་སོ་སོ་བ་ལ་རིག་གནས་དང་གོམས་གཤིས་སྣ་ཚོགས་སུ་ངེས་པས་སྟབས་ཀྱིས་རིག་གནས་དབར་ལ་བར་ཁྱད་ཆེན་པོ་ཞིག་ཡོད་ཅིང་། ང་རང་ཚོས་བར་ཁྱད་ལ་མནོ་བསམ་མ་བཏང་བར་བརྙན་ཡིག་གི་ཚིག་རིས་ཙམ་ཕབ་སྒྱུར་བྱེད་པ་ནི་ཤིན་ཏུ་ནས་ཀྱང་གཟབ་དགོས་པའི་གནད་ཅིག་རེད་དེ། བརྙན་ཡིག་ལོ་ཙཱ་བརྒྱུད་རིག་གནས་ཕན་ཚུན་རྒྱུས་ལོན་དང་བརྗེ་རེས་བྱས་ཏེ། མཐར་རང་རང་གི་རིག་གནས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ནི་མཐར་ཐུག་གི་དམིགས་ཡུལ་བཟུང་འདུག་ན། སླ་བཅོས་ཙམ་གྱིས་དོན་དག་འགྲུབ་པར་བྱེད་པ་ནི་མཐའ་གཅིག་ཏུ་སྤང་བར་བྱ་བའི་གནས་སོ། ། དེ་ན་གོ་བ་རྣམ་པར་དག་པ་ཞིག་གི་སྣ་དྲངས་ཏེ་ཅི་ལྟ་ཇི་ལྟར་ཡོད་པ་དེ་ལྟ་དེ་བཞིན་དུ་སྒྱུར་བྱེད་ཀྱི་ཡི་གེར་ཕབ་སྒྱུར་བྱེད་པ་ནི་ལས་ཀའི་གནད་གཙོ་བོར་འཁུམས་སོ། ། མཐར་ཞུ་དག་གི་གོ་རིམ་ལེགས་པར་བརྒྱུད་རྗེས། ཕབ་སྒྱུར་གྱི་གོ་རིམ་ཁྲོད་འགྱུར་ལོག་ཏུ་ཕྱིན་འདུག་པ་དང་ཆད་ལྷག་བྱུང་ཡོད་མེད་ཀྱི་གནད་དག་ལ་ཞིབ་མོར་བཅོས་ནས་ལེགས་པར་གཏན་ལ་ཕབ་དགོས་ཤིང་། ཇི་སྲིད་བརྙན་གྱི་ནང་དོན་དང་ཁ་འཕྲོད་ཅིང་ཇི་བཞིན་བརྡ་སྤྲོད་ཐུབ་པ་དེ་སྲིད་དུ་ཞུ་དག་རིམ་པར་གཏོང་དགོས་ལ། དེ་ལྟ་མ་ཡིན་པར་ལྟ་མཁན་གྱིས་བརྙན་གྱི་ནང་དོན་གོ་བ་ལ་མི་སྨན་པའི་བརྙན་ཡིག་ལོ་ཙཱ་ནི་དགོས་པ་ཅི་ཡང་མ་མཆིས་པས་སོ། ། དེ་ན་བརྙན་ཡིག་ལོ་ཙཱ་བྱ་བའི་ཚུལ་ཡང་དག་ཅིག་ལ་བརྟེན་ནས་བརྙན་ཡིག་ལེགས་པར་ཕབ་སྒྱུར་ཐུབ་པ་བྱ་རྒྱུ་ནི་ལྟ་མཁན་གྱི་རེ་བ་ཡིན་ལ་སྒྱུར་མཁན་ལོ་ཙཱ་བས་སྙེག་པའི་མཐར་ཐུག་གི་དམིགས་སའང་ཡིན་པའོ། །
སྨྲས་པ།
འགྱུར་གཞུང་རྒྱ་མཚོར་འཇུག་པའི་ངོགས་ལས་ལོ་པཎ་བཟང་བོའི་བཀའ་དྲིན་རྙེད། །
སྔོན་བྱོན་མེས་པོའི་མཛད་འཕྲིན་དྲན་དུས་ཡིད་ཀྱི་མཚོ་མོ་རབ་ཏུ་འཁྲུགས། །
རིགས་པ་གསར་བའི་གཞུང་གི་དོན་ལ་མང་དུ་ཐོས་པའི་ངེས་པ་ཐོབ། །
ས་བཅད་སྟོངས་པའི་བདེན་པ་ལྡོག་ལ་མི་བཤིག་རྡོ་རྗེའི་དམ་བཅའ་བཀོད། །
ཅེས་བོད་ཀྱི་བརྙན་གཟུགས་ལོ་ཙཱའི་སྤྱི་དོན་བདུད་རྩིའི་ཐིགས་པ་ཞེས་བྱ་བ་འདི་ནི་གྲུབ་མཐའ་རིན་ཕྲེང་གི་སྤྱི་ཁོག་ཕུབ་ལུགས་ཀྱི་རྗེས་སུ་ཞུགས་ཤིང་འབྲེལ་ཡོད་རྒྱ་གཞུང་གི་རིགས་ལམ་དཔྱོད་ལུགས་ཀྱིས་ཟུར་དུ་རྒྱན་ནས༢༠༡༤ལོའི་ཟླ༦ཚེས༢༢ཉིན་སྦྱར་བ་དགེའོ། །
ལུང་ཁུངས་དང་ཟུར་ལྟའི་དཔྱད་གཞི།
① ལུ་ཙུན་ལས། དེང་རབས་རྒྱ་ཡིག་མིང་མཛོད། པེ་ཅིང་སློབ་གསོ་དཔེ་སྐྲུན་ཁང་། ༢༠༡༡ ལོའི་ཟླ༣ ཤོག་ངོས ༡༦༡༠ 【影视】电影和电视的合称。P1610
② ཚུལ་ཁྲིམས་བློ་གྲོས། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༨ ཤོག་ངོས༦༢༡
③ ཚུལ་ཁྲིམས་བློ་གྲོས། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༨ ཤོག་ངོས༡༢༡
④ ཚུལ་ཁྲིམས་བློ་གྲོས། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༨ ཤོག་ངོས༡༡༩
⑤ སྐད་སྦྱོར་འཁྲབ་སྟོན་པ། (配音演员)གློག་བརྙན་དང་བརྙན་འཕྲིན་སོགས་ཀྱི་ནང་གི་འཁྲབ་སྟོན་པའི་རྣམ་འགྱུར་དང་ཁའི་འབྱེད་འཛུམ་གྱི་དབྱིབས་དང་མཐུན་པར་སྐད་ཆ་སོགས་སྦྱོར་བའི་འཁྲབ་སྟོན་པའོ། །
⑥ 欧珠平措,浅谈影视配音艺术及其技术,西藏艺术研究,2011·1 P74
⑦ འཕྲིན་ལས་ཆོས་གྲགས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༢ ཤོག་ངོས༢ནས༣
⑧འཕྲིན་ལས་ཆོས་གྲགས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༢ ཤོག་ངོས༣
⑨ 李辰傲,刍议影视配音的技巧与方法,中国传媒科技,2012﹒9下
⑩ 项霞,配音翻译难点解析,宁波大学学报,2008年5月

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།