དམངས་གཞས་རིག་གནས་སྐོར་ནས་ཅུང་ཙམ་གླེང་བ།

རྩོམ་པ་པོ།:གཡུང་དྲུང་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-17 08:52:00 ཀློག་གྲངས།:
དང་པོ། དམངས་གཞས་རིག་གནས་ཀྱི་བྱུང་ཚུལ།
     དེ་ཡང་གདོད་མའི་སྤྱི་ཚོགས་ཀྱི་དུས་མགོར་མིའི་རིགས་ལ་ཤེས་བྱ་དང་རིག་གནས་གང་མེད་ལ་ཕྱིས་སུ་མི་རྣམས་ཀྱིས་རང་བྱུང་ཁམས་ལ་སྒྱུར་བཀོད་བྱེད་པའི་བྱ་རིམ་ཁྲོད་ནས་གཅིག་གིས་གཅིག་ལ་བརྩེ་དུང་གི་རྣམ་འགྱུར་སྟོན་པའམ་ཡང་ན་མ་རུང་བའི་གཅན་གཟན་གཏུན་པོ་སྟག་གཟིག་ལ་སོགས་འཕྲད་དུས་སྲོག་སྐྱོབ་རོགས་ཞེས་མི་བཤད་ཐབས་མེད་དུ་གྱུར་ཏེ་སྐད་ཆ་བྱུང་། སྐད་ཆ་བྱུང་བ་དེས་གདོད་མིའི་མི་རྣམས་རྩ་བའི་ཆ་ནས་མི་འགྱུར་མཚོན་ཡོད། སྐད་ཆ་འཕེལ་འགྱུར་བྱུང་ནས་ཀུ་རེ་དང་ཁ་མཚར་བྱུང་བ་རེད།གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་མིའི་རིགས་ཀྱི་རིག་སྤྱི་ཚོགས་འཚོ་བ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་གདོད་མའི་མི་ཚོས་འབྲོང་དང་རྐྱང་ལ་སོགས་པའི་རི་དྭགས་ཆེ་གྲས་གསོད་ཐུབ་པར་གྱུར། ཁོ་ཚོས་རི་དྭགས་འབྲོང་ལ་སོགས་པ་བསད་པའམ་ཡང་ན་ཡིད་དགའ་བའི་དོན་འཕྲད་ཚེ་ངག་ནས་ཚིག་སྙན་སྨྲ་བ་དང་ཆབས་ཅིག་གནམ་ལྡིང་ས་ལྡིང་གི་རྩེད་མོ་རྩེད་བཞིན་ཡོད་པ་རེད། ཚིག་སྙན་དང་རྩེད་མོ་རིགས་རིམ་གྱིས་འཕེལ་འགྱུར་བྱུང་བ་ལས་ངག་ཐོག་གི་གླུ་དང་ཞབས་བྲོ་ལ་སོགས་པ་བྱུང་བ་རེད། ངག་ཐོག་གི་གླུ་དང་རྩེད་རིགས་ལ་སོགས་པ་ནི་མིའི་རིགས་ཀྱི་ཆེས་སྔ་བའི་རྩོམ་རིག་ཞིག་ཡིན་པ་ཟད། དམངས་ཁྲོད་ངག་ཐོག་གི་སྙན་ངག་ཐོག་མའང་ཡིན། དེ་ཡང་ཐོག་མར་གླུ་བྱུང་བ་དང་དེ་ནས་རིམ་གྱི་ལ་གཞས་དང་མགུར་ལ་སོགས་པ་བྱུང་བ་རེད། གླུ་དང་ལ་གཞས་ལ་སོགས་པ་ནི་གནའ་བོའི་བོད་ཀྱི་ངག་ཐོག་གི་སྙན་ངག་ཞིག་ཡིན་ལ་དེ་དག་འཕེལ་རྒྱས་ལས་ད་ལྟའི་བོད་ཀྱི་སྲོལ་རྒྱུན་སྙན་ངག་དང་རྩོམ་རིག་གི་རྣམ་པ་འདི་ཉིད་བྱུང་བ་ཞིག་ཡིན།
གཉིས་པ། ཡི་གེ་བྱུང་བ་དང་བསྟུན་ནས་དམངས་གཞས་རིག་གནས་ཀྱི་རིན་ཐང་ཆུང་དུ་ཕྱིན་པ།
     ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ཡར་སྔོན་དུ་གླུ་དང་ལ་གཞས་ལ་སོགས་པའི་རྩོམ་རིག་མཐའ་དག་ངག་ཐོག་གི་རྩོམ་རིག་ཡིན་ཕྱིར་རྩོམ་པ་པོ་མེད་པ་རེད། དུས་རབས་བདུན་པའི་ནང་དུ་སློབ་དཔོན་ཐོན་མིས་བོད་ཡིག་གསར་གཏོད་བྱས་ཏེ་ངག་ཐོག་གི་རྩོམ་རིག་གནས་ཡི་གེར་བཀོད་ནས་ཡིག་ཐོག་གི་རྩོམ་རིགས་རིག་གནས་བྱུང་བ་རེད། དུས་དེ་ནས་བཟུང་ང་ཚོ་བོད་མི་རིགས་ལའང་ཡིག་ཐོག་གི་རྩོམ་པ་པོ་དང་སྙན་ངག་པ། གསར་གཏོད་པ། བསམ་བློ་པ།དམག་དོན་པ། ཆབ་སྲིད་པ། ལོ་རྒྱུས་སྨྲ་བ་ལ་སོགས་པ་ཡོད་མགོ་ཚུགས་པ་རེད། སློབ་དཔོན་ཐོན་མིས་རྒྱལ་པོ་སྲོང་བཙན་རྒན་པོ་ལ་བོད་ཡིག་ལམ་ནས་འཕྲིན་ཡིག་སྐུར་ནས་སློབ་དཔོན་ཐོན་མིའི་ཡིག་འཕུལ་འཕྲིན་ཡིག་བྱུང་བ་དང་རྒྱལ་བོས་ཐོན་མི་བརྩི་མཐོང་ཆེན་པོ་གནང་པར་ལ་ནང་འཁོར་གྱིས་དོག་བྱས་པས་པ་ལ་བརྟེན་ནས་ཐོན་མིའི་ང་རྒྱལ་འགྱིང་གླུའང་བྱུང་བ་རེད།དེ་བས་ཐོན་མིའི་ཡིག་འཕུལ་དང་ང་རྒྱལ་འགྱིངས་གཉིས་ནི་ཡིག་ཐོག་གི་སྙན་ངག་ཐོག་མ་ཡིན་པ་རེད། བོད་ཡིག་བྱུང་བ་དང་བསྟུན་ནས་བོད་མི་རིགས་སྤྱི་ཚོགས་སུ་མཁས་པ་དང་བླ་མ། ལོ་ཙ་བ། སྙན་ངག་པ་ལ་སོགས་པ་མང་དུ་བྱོན་ནས་བོད་ཀྱི་རིག་གནས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་མགུར་བྱུང་བ་དང་མགུར་ནི་སྐྱེས་ཆེན་དམ་པའམ་བླ་མ། གྲུབ་ཆེན་པ་སོགས་ཀྱིས་འཇིག་རྟེན་གྱི་ཚུལ་ཆོས་ལ་སྙིང་བོ་མེད་པའམ་ཡང་ན་འཁོར་བའི་གནས་ལུགས་དྲང་བོར་བརྗོད་པའི་སྙན་ངག་གི་རྣམ་པ་ཞིག་ཡིན་ལ་དེ་ནི་ཕལ་སྐད་དང་གྱོང་ཚིག་བཅིངས་པ་ཞིག་གཏན་ནས་མ་ཡིན་པར་ཡིག་སྐད་ལམ་ནམ་ནས་བྲིས་བ་ཤ་སྟག་ཡིན་ཏེ་དཔེར་ན་མི་ལ་རས་པའི་མགུར་དང་ཚངས་དབྱངས་རྒྱ་མཚོའི་མགུར་ལྟ་བུའི་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་ཤིང་བརྗོད་བྱའི་དོན་ཡང་གསོན་ཉམས་ལྡན་པ་ཞིག་ཡིན་ནོ།། དེ་བས་མགུར་ནི་གནའ་བོའི་སྙན་ངག་རྩོམ་རིག་ལས་སྐད་གྲགས་ཆེ་བ་ཞིག་ཡིན་ཞེས་ཀྱང་བརྗོད་ཆོག་པ་རེད། དེ་ལྟར་མགུར་ལ་སོགས་པའི་སྙན་ངག་རིག་གནས་འཕེལ་རྒྱས་བྱུང་བས་གླུ་དང་ལ་གཞས་ལ་སོགས་པ་རིན་ཐང་ཆུང་དུ་ཕྱིན་ནས་རིམ་གྱིས་དམངས་ཁྲོད་རྩོམ་རིགས་སུ་གྱུར་བ་རེད། གླུ་དང་ལ་གཞས་ལ་སོགས་པ་དམངས་ཁྲོད་རིག་གནས་སུ་གྱུར་བ་དེའི་ང་ཚོ་བོད་ཀྱི་སྙན་ངག་རྩོམ་རིག་འཕེལ་རྒྱས་སོང་བ་མཚོན་ཡོད།
གསུམ་པ། དམངས་གཞས་རིག་གནས་གྱི་དབྱེ་བ་དང་དེ་དག་གི་ཁྱད་པར།
     དེ་ཡང་དམངས་གཞས་རིག་གནས་ལ་དབྱེ་བ་གསུམ་དུ་བཤད་ཡོད་དེ་གླུ་དང་ལ་གཞས། མགུར་བཙས་ཡིན་ལ་དེ་གསུམ་ནང་དོན་ཐད་མི་འདྲ་སྟེ་གླུ་ཡིས་ནང་དོན་གཙོ་ནི་འཚོ་བའི་རྣམ་པ་མཚོན་པ་དང་ལ་གཞས་ཀྱིས་གཙོ་བོ་ཕོ་མོའི་བརྩེ་དུང་གི་རྣམ་པ་མཚོན་པར་བྱེད་པ་དང་མགུར་གྱིས་ཆོས་ཀྱི་སྙིང་བོ་འམ་འཁོར་བའི་རང་བཞིན་གྱི་རྣམ་པ་མཚོན་པ་ཡིན་ལ། དེ་གསུམ་འདྲ་ས་ནི་དེ་གསུམ་ག་ཚིགས་བཅད་རྩོམ་ལུས་གྱི་ཁོངས་སུ་གཏོགས་པ་ཡིན། དེ་ལས་གླུ་ནི་མང་ཆེ་བར་ཚེག་བར་བརྒྱད་ཅན་ཡིན་པ་དང་ལ་གཞས་ནི་མང་ཆེ་བར་ཚེག་བར་བདུན་ཅན་དང་མགུར་ནི་མང་ཆེ་བ་དྲུག་ཅན་ཡིན། གླུ་ནི་གཉེན་སྟོན་དང་ལོ་གསར་དུས་ཆེན་ལ་སོགས་པའི་མི་མང་འདུས་ས་འམ་ཚོགས་སར་བླངས་ཆོག་པ་ཞིག་ཡིན་ལ་ལ་གཞས་ནི་འཇིག་རྟེན་འཁོར་བའི་བརྩེ་དུང་མཚོན་པའི་གླུ་གཞས་ཤིག་ཡིན་པས་ཕ་མ་མཉམ་འཛོམས་དང་ཕུ་ནུ་མིང་སྲིང་འཛོམས་སར་གཏོང་མི་ཆོག་པ་དང་མགུར་ནི་རིག་གནས་ཆུ་ཚད་ངེས་ཅན་ཞིག་མེད་ན་མགུར་བརྩོམ་མི་ཐུབ་བོ།།
     མདོར་ན་གླུ་དང་ལ་གཞས། མགུར་གསུམ་གྱི་རང་རང་གི་བརྗོད་དོན་མི་གཅིག་ལ་སོ་སོའི་ཁ་ཕྱོགས་ཀྱང་ཐ་དད་ཡིན་པ་སྟེ་མགུར་ནི་གླུ་ཡི་ཞེ་ས་ཞིག་ཡིན་ཏེ་བླ་མ་དང་གྲུབ་ཆེན་སོགས་རིགས་རུས་ཡོན་ཏན་མཐོ་བ་སོགས་ཀྱི་གཏོང་བ་དང་གླུ་ནི་སྤྱི་ཚོགས་སྟེང་གི་མི་སུ་ཡིན་གཏོང་ཆོག་པ་དང་། ལ་གཞས་ནི་ཕོ་མའི་བརྩེ་དུང་མཚོན་པར་མཚོན་པར་བྱེད་པའི་གླུ་གཞས་རིགས་ཤིག་ཡིན། དེ་དག་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་མ་ཟད། སྒྱུ་རྩལ་རྩོམ་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།