སྨྱན་མང་གཟུགས་སློབ་ཁྲིད་ཐད་ནས་ཅུང་ཙམ་གླེང་བ།
རྩོམ་པ་པོ།:གཅན་ཚ་བཀྲ་ཤིས་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-18 09:45:00
ཀློག་གྲངས།:
སྨྱན་མང་གཟུགས་སློབ་ཁྲིད་གླེང་བ།
གཅན་ཚ་བཀྲ་ཤིས་རྒྱལ། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན།
གནད་འགག་མིང་བརྡ། སྨྱན་མང་གཟུགས་སློབ་ཁྲིད། སློབ་ཁྲིད་བྱེད་ཐབས།
གླེང་སློང་།
སྨྱན་མང་གཟུགས་ཞེས་པ་ནི་དེང་རབས་སྒྲ་བརྙན་ཆས་སམ་སྨྱན་གཟུགས་ཀྱི་ལམ་ནས་སློབ་ཁྲིད་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན། མངོན་སུམ་དང་ཚོར་ཤེས་ཀྱི་ཆ་ཤིན་ཏུ་རྣོ་བའི་བྱེད་སྤྱད་འདི་ད་ལྟ་སློབ་གྲྭ་ཆེ་འབྲིང་དུ་རྒྱུགས་ཤིན་ཏུ་ཆེའོ།དང་པོ། སྨྱན་མང་གཟུགས་བཀོལ་བའི་དགེ་མཚན།
1 སྨྱན་མང་གཟུགས་བཀོལ་ན་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་ཐུབ། སྤྲོ་སྣང་ནི་ཤེས་བྱ་སློབ་པའི་སྒུལ་ཤུགས་ཡིན། བོད་ཁུལ་གྱི་སློབ་མ་མང་ཆེ་བ་ནི་རོང་འབྲོག་ས་ཁུལ་ནས་ཡོང་བ་ཡིན་པས། བསླབ་དེབ་ཐོག་ཏུ་བཀོད་པའི་དཔེ་མང་པོར་ཆ་རྒྱུས་མེད་པ་རེད། སློབ་ཁྲིད་ཁྲོད་དགེ་རྒན་གྱིས་ས་སྨྱུག་དང་སྒོ་སམ། བསླབ་དེབ་སོགས་སྲོལ་རྒྱུན་གྱི་ཡོ་བྱད་ཉུང་ཉུང་ཙམ་ལ་བརྟེན་ནས་མིག་གིས་མཐོང་དཀའ་ཞིང་ཅུང་ལྐོག་གྱུར་ཡིན་པའི་ནང་དོན་སྐོར་ཁྲིད་དཀའ། གལ་ཏེ་ང་ཚོས་སློབ་ཁྲིད་བྱེད་སྐབས་སྨྱན་མང་གཟུགས་ལ་བརྟེན་ནས་དཔེ་དྲངས་ཏེ་སློབ་ཁྲིད་བྱེད་གྱུར་ན་གནད་དོན་དེ་དག་འབྱུང་མི་སྲིད།
སློབ་མ་རྣམས་ལ་དབྱེ་ཞིབ་དང་གྲོས་མོལ་བྱེད་དུ་བཅུག་ན། དཔེ་དེར་ཁོ་ཚོ་ཆ་རྒྱུས་ཆེན་པོ་ཡོད་པས་དེའི་སྐོར་ལ་གྲོས་མོལ་དང་དབྱེ་ཞིབ་བྱེད་པའི་སྤྲོ་སྣང་ཆེན་པོ་ཡོད། དགེ་རྒན་གྱིས་གོ་སྐབས་དེ་དང་བསྟུན་ནས་སློབ་མ་རྣམས་ལ་འོས་ཤིང་འཚམ་པའི་མཛུབ་སྟོན་བྱེད་དགོས།
2 སྨྱན་མང་གཟུགས་བཀོལ་ན། སློབ་མ་རྣམས་ཀྱི་བློ་སྒོ་ཕྱེས་ནས་སློབ་ཁྲིད་ཀྱི་ནང་དོན་ལ་གོ་བ་ཟབ་མོ་ཞིག་ལེན་པར་ཕན་པ་ཆེན་པོ་ཡོད།
3 སྨྱན་མང་གཟུགས་བཀོལ་ན་སློབ་ཁྲིད་ཀྱི་ཤོང་ཚད་ཇེ་ཆེར་གཏོང་བ་དང་། སློབ་མ་རྣམས་ཀྱིས་གཤར་སྦྱང་དང་ཕན་ཚུན་བརྗེ་རེས་བྱེད་པའི་དུས་ཚོད་ཇེ་མང་དུ་གཏོང་ཐུབ། སྲོལ་རྒྱུན་གྱི་སློབ་ཁྲིད་ཁྲོད་སྒོ་སམ་སྟེང་ཡི་གེ་འབྲི་བ་དང་རི་མོ་འབྲི་བ། ཤེས་བྱའི་སྣང་ཚུལ་ཞིབ་མོར་བརྗོད་པ་སོགས་ལ་དུས་ཚོད་མི་ཉུང་བ་ཞིག་དགོས། གལ་ཏེ་སྨྱན་མང་གཟུགས་བཀོལ་ན་དུས་ཚོད་མང་པོ་གྲོན་ཆུང་བྱས་ནས། སློབ་མ་རྣམས་ལ་གཤར་སྦྱང་དང་གྲོས་མོལ། བརྗེ་རེས་བྱེད་དུ་བཅུག་ན། ཁོ་ཚོའི་རང་སྦྱོང་དང་མཐུན་སྒྲིལ། མཉམ་ལས་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པར་ཕན་པ་ཧ་ཅང་ཆེ།
གཉིས་པ། སྨྱན་མང་གཟུགས་བཀོལ་སྐབས་ཡིད་འཇོག་བྱ་དགོས་པའི་གནད་དོན་འགའ།
1 བླང་དོར་མེད་པར་གཞན་གྱི་སློབ་ཁྲིད་མཉེན་ཆས་བཀོལ་བ། སློབ་ཁྲིད་ཀྱི་མཉེན་ཆས་ལས་པ་དེ་ལས་སླ་མོ་ཞིག་མ་རེད། དགེ་རྒན་མི་ཉུང་བ་ཞིག་གིས་བཀོལ་བའི་སློབ་ཁྲིད་མཉེན་ཆས་ནི་དྲ་བ་ནས་ཕབ་ལེན་བྱས་པ་རེད། དགེ་རྒན་ལ་ལས་སློབ་ཁྲིད་བྱེད་སྐབས། གཞན་གྱི་སློབ་ཁྲིད་མཉེན་ཆས་ལ་བླང་དོར་སྤུ་ཙམ་མེད་པར་ཇི་མ་ཇི་བཞིན་དུ་བཀོལ་ནས། གློག་བརྙན་གཏོང་བ་ལྟར་སློབ་མ་རྣམས་ལ་ལྟ་རུ་བཅུག་པ་དེས། སློབ་མ་ཚོས་སློབ་ཁྲིད་ཀྱི་ནང་དོན་ཁོང་དུ་ཆུད་པར་ཕན་པ་ཅི་ཡང་མེད། དྲ་བ་ནས་ཕབ་ལེན་བྱས་པའི་སློབ་ཁྲིད་མཉེན་ཆས་བཀོལ་ན་མི་ཆོག་པ་མིན་མོད། གཞན་གྱི་སློབ་ཁྲིད་མཉེན་ཆས་བཀོལ་ན་ངེས་པར་བཟོ་བཅོས་དང་ལེགས་སྒྲིག་བྱས་ནས། རང་གི་སློབ་མའི་གནས་ཚུལ་དང་མཐུན་པ་ཞིག་ཏུ་གཏོང་དགོས།
2 དགོས་མཁོ་ཡོད་མེད་ལ་མི་ལྟ་བར་སློབ་ཁྲིད་ཡོད་ཚད་སྨྱན་མང་གཟུགས་བཀོལ་ནས་ཁྲིད་པ། དགེ་རྒན་ལ་ལའི་སེམས་སུ་སྨྱན་མང་གཟུགས་བཀོལ་བ་ཇི་ཙམ་མང་ན་སློབ་ཁྲིད་ཀྱི་ཕན་འབྲས་དེ་ཙམ་བཟང་བ་ཡིན་པར་འདོད་ནས། ནང་དོན་ཅི་ཞིག་ཁྲིད་ནའང་སྨྱན་མང་གཟུགས་བཀོལ་བས་མི་ཚད། སློབ་ཁྲིད་བྱེད་སྐབས་སྨྱན་མང་གཟུགས་ཁོ་ནར་བརྟེན་ནས་ཁྲིད་པ་དང་། ཐ་ན་སྒོ་སམ་ཐོག་ཏུ་ཡི་གེ་གཅིག་ཀྱང་མི་འབྲི་བ། སློབ་ཁྲིད་ཀྱི་ནང་དོན་མང་ལ་ཁྲིད་པའི་འགྲོས་ཚད་ཡང་མགྱོགས་པས། སློབ་མ་རྣམས་ལ་བསམ་བློ་གཏོང་བའི་དུས་ཚོད་ཅུང་ཙམ་ཡང་མེད་པར་འགྱུར། དེ་ནི་སློབ་ཁྲིད་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བར་གནོད་པ་ཡོད་པ་ལས་ཕན་པ་ཅི་ཡང་མེད། བདག་གི་ལྟ་ཚུལ་ལྟར་ན། ང་ཚོས་སློབ་ཁྲིད་གྲ་སྒྲིག་བྱེད་སྐབས་ངེས་པར་སློབ་ཁྲིད་ཀྱི་ནང་དོན་དང་སློབ་མའི་གནས་ཚུལ་ལ་གཞིགས་ནས། ནང་དོན་གང་དག་ཁྲིད་པར་སྨྱན་མང་གཟུགས་བཀོལ་ན་བཟང་བ་དང་། ནང་དོན་གང་དག་ཁྲིད་པར་སྨྱན་མང་གཟུགས་མ་བཀོལ་ན་བཟང་བ་དེར་ཞིབ་འཇུག་ལེགས་པོ་བྱས་ཏེ། འོས་ཤིང་འཚམ་པའི་སློབ་ཁྲིད་ཀྱི་མཉེན་ཆས་ཤིག་ལས་དགོས། སློབ་ཁྲིད་ཀྱི་མཉེན་ཆས་དེ་ཅིས་ཀྱང་ཆ་ཚང་བ་ཞིག་ཡིན་པ་དང་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་སྨྱན་མང་གཟུགས་བཀོལ་དགོས་པའི་ངེས་པ་གཏན་ནས་མེད། སློབ་ཁྲིད་ཁྲོད་སྨྱན་མང་གཟུགས་བཀོལ་བའི་མང་ཉུང་དེ་ཁྲིད་བྱའི་ནང་དོན་ལ་རག་ལས། གལ་ཏེ་སློབ་ཁྲིད་ཀྱི་གཙོ་གནད་འབུར་དུ་ཐོན་པ་དང་སློབ་ཁྲིད་ཀྱི་དཀའ་གནད་སེལ་ཐུབ་པའི་ནུས་པ་ལྡན་ན། སློབ་ཁྲིད་ཁྲོད་སྨྱན་མང་གཟུགས་ཉུང་ཉུང་ཙམ་བཀོལ་ནའང་ཆོག གནད་བསྡུས་ཤིང་དོན་གྲིལ་བའི་སྒོ་སམ་ཡི་གེ་ནི་སློབ་མའི་བློ་སྣ་འདྲེན་པ་དང་བློ་སྒོ་འབྱེད་པའི་ནུས་པ་ལྡན་པས། སློབ་ཁྲིད་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན།ལྷག་པར་དངོས་ལུགས་སློབ་ཁྲིད་ཁྲོད་དེ་བས་གལ་ཆེ་བས་སྒོ་སམ་ཡི་གེ་ཡོངས་རྫོགས་སྨྱན་མང་གཟུགས་ཀྱིས་ཚབ་བྱས་ན་མི་འོས་སོ། །
3 དགེ་རྒན་ལ་ལས་སློབ་ཁྲིད་མཉེན་ཆས་ཀྱི་ཁྲོད་དུ་སློབ་ཁྲིད་ཀྱི་ནང་དོན་དང་འབྲེལ་བ་མེད་པའི་སྒྲ་དང་རི་མོ་སོགས་དྲངས་ནས། སློབ་མའི་བློ་སྣ་གཞན་དུ་ཁྲིད་དེ་སློབ་ཁྲིད་ཀྱི་ནང་དོན་གོ་བར་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད། སློབ་ཁྲིད་ཀྱི་མཉེན་ཆས་ནང་གི་ཡིག་གཟུགས་ཀྱི་ཆེ་ཆུང་དང་ཁ་དོག་སོགས་ཀྱི་སྐོར་ལ་བླང་བྱ་མང་པོ་ཡོད་མོད། འདིར་ཡི་གེ་མང་པར་དོགས་ནས་ཞིབ་མོར་མི་བརྗོད། གང་ལྟར་ཀྱང་སློབ་ཁྲིད་ཀྱི་གནད་བསྡུ་ཐུབ་པ་དང་། སློབ་མ་རྣམས་ཀྱིས་གསལ་པོར་མཐོང་ཐུབ་པ། དགོས་མེད་ཀྱི་ནང་དོན་མེད་པ་ཞིག་ཡིན་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།