བོད་ཀྱི་སློབ་འབྲིང་ལོ་རྒྱུས་སློབ་ཁྲིད་ཐད་ཀྱི་བསམ་གཞིགས།

རྩོམ་པ་པོ།:གཅན་ཚ་བཀྲ་ཤིས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-26 09:16:00 ཀློག་གྲངས།:

བོད་ཀྱི་སློབ་འབྲིང་ལོ་རྒྱུས་སློབ་ཁྲིད་ཐད་ཀྱི་བསམ་གཞིགས།
 གཅན་ཚ་བཀྲ་ཤིས་རྒྱལ། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན།

ནང་དོན་གནད་བསྡུས། ལོ་རྒྱུས་སློབ་ཁྲིད་ནི་སློབ་འབྲིང་རིག་ཚན་སྦྱོང་བའི་སློབ་མ་ཞིག་ལ་མཚོན་ནས་བཤད་ན་ཤིན་ཏུ་གལ་འགངས་ཆེ་ཞིང་གཙིགས་ཆེན་བྱེད་དགོས་པ་ཞིག་ཡིན།
     གྲངས་ཉུང་མི་རིགས་ས་ཁུལ་ལམ་བོད་ཀྱི་སློབ་འབྲིང་ཁག་ཏུ་འདིའི་སྐོར་གྱི་ན་བྱ་བའི་ཐད་ཤིན་ཏུ་ཆད་པོ་འདུག   དེའང་སློབ་མ་ཁོ་ནའི་སྟེང་ན་མི་འདང་ས་ཡོད་པ་ཞིག་མ་ཡིན་པར།  དགེ་རྒན་གྱི་ཕྱོགས་ནའང་གནད་དོན་མི་ཉུང་བ་ཞིག་ཡོད་ཅིང་། གཞན་འབྲེལ་ཡོད་ས་གནས་སློབ་དཔྱོད་ཁང་དང་རྒྱལ་ཁབ་ཀྱི་ཁ་གཏད་སློབ་གསོའི་སྒྲུབ་སྟངས་སོགས་ལའང་ཐུག་ཡོད་པའི་རྐྱེན། དེ་ནི་ཕྱོགས་བསྡུས་ཀྱི་གནད་དོན་མང་པོ་ཞིག་གི་འབྲས་བུ་ཡིན།
གནད་འགག་མིང་བརྡ། ལོ་རྒྱུས། ལོ་རྒྱུས་སློབ་ཁྲིད། བོད་ཀྱི་སློབ་འབྲིང་།

གླེང་གཞི།

     ལོ་རྒྱུས་ནི་ནང་དོན་རྒྱ་ཆེ་ཞིང་སྒྲིག་གཞི་ཅུང་འཐུས་ཚང་བའི་རིག་ཚན་བསླབ་ཁག་གཙོ་གལ་ཆེ་བ་ཞིག་ཡིན། དེ་བས་སློབ་འབྲིང་གི་རིག་ཚན་སྡེ་ཁག་ཅིག་ལ་མཚོན་ན་ལོ་རྒྱུས་སློབ་ཁྲིད་ནི་ཆེས་གནད་འགག་ཅིག་ཏུ་ངོས་བཟུང་སྟེ། སྒྲུབ་དགོས་པ་ནི་སྨོས་མེད་རེད། ལོ་རྒྱུས་བསླབ་པ་བཟང་ན་དེའི་ཕྱོགས་ངེས་ཅན་ཞིག་ནས་སློབ་མ་ཚོའི་ཆབ་སྲིད་ཀྱི་འདུ་ཤེས་དང་། ས་རྒྱུས་ཀྱི་རྒྱུན་ཤེས། དེ་མིན་ལྟ་བ་ཅན་གྱི་རྩོམ་འབྲིའི་ནུས་པ་སྦྱོང་བརྡར་སོགས་ལ་རམ་འདེགས་མི་དམན་པ་བྱེད་ཐུབ་ངེས་ཡིན། ཡིན་ནའང་། དེང་སྐབས་བོད་ཀྱི་སློབ་འབྲིང་ཕལ་མོ་ཆེ་ན། ལོ་རྒྱུས་བསླབ་ཁག་འདི་ཆེས་ཕལ་བ་ཞིག་ཏུ་ངོས་བཟུང་ཡོད་ཅིང་། སློབ་ཁྲིད་བྱེད་པའི་རྣམ་པའམ་རྣམ་འགྱུར། རྒྱུགས་ལེན་སྟངས་སོགས།  སྐད་ཡིག་དང་རྩིས་རིག་བསླབ་ཚན་སོགས་དང་བསྡུར་ན། ཧེ་བག་ཆེན་པོ་ཞིག་གིས་བརྩི་མཐོང་བྱས་མེད། དེ་བས། བསླབ་ཚན་གསར་བའི་བཅོས་བསྒྱུར་དང་བསྡོངས་ནས་དགེ་སློབ་ཕྱོགས་གཉིས་ཀྱིས་འདིའི་ཐད་ལ་དང་དོད་བྱས་ཏེ། སློབ་སྒྲུབ་ཀྱི་ཁ་ཕྱོགས་ཡང་དག་ཅིག་ལ་བསྙེག་རྒྱུ་ནི་གནད་ཀྱི་དམ་པའོ།
གཅིག ལོ་རྒྱུས།
     སྤྱིར་བཏང་ལོ་རྒྱུས་ཞེས་པ་ལོ་རྒྱུས་མཁན་པོས་ཕྱོགས་བསྡུས་དང་དག་སྒྲིག  ལས་སྣོན། སྒྲིག་རྩོམ་བཅས་བྱས་པའི་ལོ་རྒྱུས་ཀྱི་ཟིན་ཐོའམ་ཞིབ་བརྗོད་བྱས་རིགས་ལ་གོ་བ་དང་། དག་སྒྲིག་མ་བྱས་པའི་གདོད་མའི་ཟིན་ཐོར་མི་བརྗོད།
     དེ་ཡང་ལོ་རྒྱུས་ཞེས་པའི་ཐ་སྙད་ལ་གོ་བ་རིགས་ཆེན་པོ་གཉིས་ལེན་རྒྱུ་ཡོད་དེ། གཅིག་ནི་མིའི་རིགས་ཀྱི་འདས་པའི་དུས་ཀྱི་བརྒྱུད་མྱོང་བའི་དུས་ལ་ཟེར་བ་དང་། གཉིས་ནི་འདས་པའི་བརྒྱུད་རིམ་ཞིབ་བརྗོད་བྱེད་པའི་ལོ་རྒྱུས་དཔེ་ཆར་གོ
     དེ་བས། ལོ་རྒྱུས་ནི་འདས་ཟིན་པའི་དོན་དངོས་ལ་བརྗོད་པ་དང་། དེའི་ནང་ནས་ཀྱང་འདས་པའི་དོན་དངོས་ལ་བསམ་བཞིན་དང་གདམ་ང་ཡོད་པའི་སྒོ་ནས་འདོར་ལེན་བྱས་པའི་ཟིན་ཐོར་གོ
     སྤྱིར་བཏང་ལོ་རྒྱུས་ལ་རྩོམ་རིག་གི་རྣམ་པར་བསྒྱུར་བའི་ལོ་རྒྱུས་དང་། དམངས་ཁྲོད་ཀྱི་རྣམ་པར་བསྒྱུར་བའི་ལོ་རྒྱུས། ལོ་རྒྱུས་སྨྲ་བ་དག་གིས་བརྟག་ཅིང་དཔྱད་པ་ལས་བྱུང་བའི་ལོ་རྒྱུས་དངོས་བཅས་རིགས་གསུམ་དུ་དགར་ཆོག
ལོ་རྒྱུས་ཀྱི་རིགས་དགར།
༡ དུས་ཚོད་ཀྱི་སྒོ་ནས། རྒྱལ་རབས་ལོ་རྒྱུས། རྒྱལ་རབས་ཐུང་ངུའི་ལོ་རྒྱུས། དུས་རིམ་ལོ་རྒྱུས། ས་ཚོགས་ལོ་རྒྱུས།  མི་སྣའི་ལོ་རྒྱུས།
༢ གནས་ཀྱི་ཆ་ནས། འཛམ་གླིང་ལོ་རྒྱུས། རྒྱལ་ཁབ་ལོ་རྒྱུས།  ས་གནས་ལོ་རྒྱུས།
གཉིས། ལོ་རྒྱུས་སློབ་པའི་དགོས་པ།
        དུས་རབས་བཅུ་བདུན་པའི་དབྱིན་ཇིའི་མཚན་ཉིད་རིག་པ་བ་ཕེ་ཀུན་ལགས་ཀྱིས་ལོ་རྒྱུས་སྦྱངས་ན་སྤྱང་གྲུང་ལྡན་པར་འགྱུར། ཞེས་པ་ལ་དོན་སྙིང་ངེས་ཅན་ལྡན་ཏེ། ལོ་རྒྱུས་སྦྱངས་པ་ལས་ང་ཚོས་རང་གི་ཕ་མེས་ཡང་མེས་དག་གི་ལོ་རྒྱུས་ཤེས་རྟོགས་ཡོང་བ་དང་། རང་གི་སྐྱེས་ས་སྐྱེས་ཁུངས་ངོ་འཕྲོད་པ་དེས་རང་གི་ད་ལྟའི་གནས་ཚུལ་དང་མ་འོངས་པར་ཅི་བྱེད་དགོས་པའང་ཅུང་ཟད་བློ་སྒོ་ལྟ་བུ་འབྱེད་ཕོད་པས། མི་དེ་ལྟ་བུ་ནི་སྤྱང་གྲུང་ལྡན་པའི་མི་ཞེས་བརྗོད་ཆོག་ཡིན།
     འདོད་ཚུལ་འདི་བོད་ཀྱི་སྔོན་བྱུང་ལོ་རྒྱུས་དཔེ་དེབ་ཏུའང་གསལ་བོར་བཤད་ཡོད་པ་སྟེ། རླངས་ཀྱི་པོ་ཏི་བསེ་རུ་ལས་ལར་སྐྱེས་མི་ཡིས་རང་གི་སྐྱེས་རྒྱུད་མ་ཤེས་ན།།ནགས་གསེབ་རང་དགར་རྒྱུ་བའི་སྤྲེལ་འཁྱམས་འདྲ།།རིགས་རུས་ཆོ་འབྲང་གང་ཡིན་མ་ཤེས་ན།།གཡུ་འབྲུག་ཟོལ་མ་བཅས་པའི་དབྱིབས་དང་འདྲ།། ཡབ་མྱེས་རྣམས་པའི་ཡིག་ཚང་མ་ཤེས་ན།། མོན་ཕྲུག་ཡུལ་བོར་དོན་མེད་ཡན་པ་འདྲ།།
     འདིའི་ཁྲོད་ཀྱི་ཡིག་ཚང་ཞེས་པ་ནི་མདོར་བསྡུས་ན་ལོ་རྒྱུས་ལ་གོ་བ་ཡིན་ཕྱིར། ཚིག་དུམ་འདིས་ལོ་རྒྱུས་ཀྱི་རིན་ཐང་དང་ལོ་རྒྱུས་སྦྱོང་དགོས་པའི་གལ་ཆེན་རང་བཞིན་གསོན་ཉམས་ལྡན་པའི་དཔེ་ལ་དྲངས་ནས་གསལ་ཁ་དོད་པོར་བཤད་ཡོད།
     མདོར་བསྟན་ན་ལོ་རྒྱུས་ནི་དེང་གི་དངོས་ཡོད་རྣམ་པའི་སྔ་མའི་དུས་ཡིན་པ་དང་། དེང་གི་དངོས་ཡོད་རྣམ་པ་ནི་ལོ་རྒྱུས་རྒྱུན་བསྲིངས་པ་ཞིག་ཡིན། དེ་བས་ལོ་རྒྱུས་དང་དངོས་ཡོད་གཉིས་ནི་འབྲེལ་ནས་ཡོད་ཅིང་། ང་ཚོས་ལོ་རྒྱུས་ཀྱི་བསླབ་བྱ་དང་དུ་བླངས་ཏེ། དངོས་ཡོད་འཚོ་བར་བསམ་གཞིགས་དང་དོགས་སློང་བགྱིས་ན། རང་ངོ་ཟིན་ཞིང་མ་འོངས་འཕེལ་རྒྱས་ལ་ཁ་ཕྱོགས་ཡང་དག་ཅིག་རྙེད་སྲིད་པ་གདོན་མི་ཟ།
གསུམ། ལོ་རྒྱུས་སློབ་ཁྲིད།
     ལོ་རྒྱུས་སློབ་ཁྲིད་ཅེས་པ་ནི་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་རྒྱལ་ཁབ་ཀྱི་ཚད་ལྡན་བསླབ་གཞིའི་དམགས་ཚད་གཞིར་བཟུང་ནས། སློབ་གྲོགས་རྣམས་ཀྱི་རྒྱུད་ལ་ལོ་རྒྱུས་དོན་རྐྱེན་དང་ལོ་རྒྱུས་མི་སྣའི་ངེས་ཟིན་མཐོར་འདེགས་གཏོང་བའི་ཕྱོགས་བསྡུས་ཀྱི་བློ་བསྐྱེད་བྱེད་ཐབས་ཤིག་ལ་ཟེར།
     སྤྱིར་བཏང་ལོ་རྒྱུས་སློབ་ཁྲིད་བྱེད་ཐབས་ལ་འཆད་ཁྲིད་ཀྱི་ཐབས་དང་གཏམ་གླེང་གི་ཐབས། དཔེ་ཀློག་མཛུབ་སྟོན་གྱི་ཐབས། བསྐྱར་སྦྱོང་གི་ཐབས། སྨྱན་བྱེད་ཀྱི་ཐབས་དང་གྲོས་སྡུར་གྱི་ཐབས་སོགས་ཅི་རིགས་ཤིག་ཡོད་མོད། དེའང་ཆེས་གཙོ་གལ་ཆེ་བ་ནི་འཆད་ཁྲིད་དང་གཏམ་གླེང་། གྲོས་སྡུར་སོགས་མཉམ་བསྡེབས་ཀྱིས་སྤེལ་དགོས་པ་དེ་ཡིན།
ལོ་རྒྱུས་སློབ་ཁྲིད་བྱེད་སྐབས། གཏམ་རྒྱུད་དང་དོན་རྐྱེན་གང་ཞིག་གི་བྱུང་རིམ་དང་མཇུག་འབྲས་ཞིབ་ཚགས་སུ་བརྗོད་པའི་རྣམ་པ་ཞིག་གྲུབ་ཡོད་མོད། འོན་ཀྱང་། རིག་ཚན་གྱི་ཤེས་བྱ་སྤྱིའམ་ལྷག་པར་དུ་ལོ་རྒྱུས་རིག་པའི་གཞུང་ལ་འདང་རྒྱབ་ནས་སྨྲས་ན། ང་ཚོས་ཆེས་མནོ་བསམ་དགོས་པ་དང་ཞིབ་འཇུག་བྱེད་དགོས་པ་ནི། གཏམ་རྒྱུད་དེ་ལྟ་བུ་ཞིག་གམ་ཡང་ན་དོན་རྐྱེན་གང་ཞིག་མ་ཟད། མི་སྣ་དེ་འདྲ་ཞིག་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངོ་མ་དང་རྒྱུ་རྐྱེན་ཡིན་པ་མ་ཟད། ད་དུང་དེའི་ཤུགས་ཀྱི་བསླབ་བྱ་དང་ཉམས་མྱོང་ལ་ཕྱི་འདང་གསལ་བོ་རྒྱག་དགོས་པ་དེ་རེད།  དེ་བས། ལོ་རྒྱུས་སློབ་ཁྲིད་ཡག་པོ་ཞིག་འཁྱོངས་མིན་དེ་ལོ་རྒྱུས་དགེ་རྒན་དག་ལ་ཐད་ཀར་གྱི་འབྲེལ་བ་ངེས་ཅན་ཞིག་ཡོད་ཅིང་། དེའང་མཐར་གཏུགས་ན། ཐོག་མར་དགེ་རྒན་རང་ཉིད་ལ་ལོ་རྒྱུས་ཀྱི་ངེས་ཤེས་བཟང་བོ་ཞིག་དང་ལྟ་ཚུལ་ཡང་དག་ཅིག་ཡོད་དགོས་པ་མ་ཟད། ཆེད་ལས་ཀྱི་ཤེས་བྱའི་རྨང་གཞིའང་ཅུང་བརྟན་པོ་ཞིག་དགོས། དེ་ནས་ཁྲིད་ཐབས་སྣ་མང་སྤྱད་ནས་སློབ་མ་རྣམས་ལ་ལོ་རྒྱུས་ཀྱི་ངེས་ཤེས་ཡང་དག་ཅིག་དང་ལོ་རྒྱུས་སྦྱངས་པའི་འདུན་པ་དང་སྤྲོ་བ་འཕེལ་ཐུབ་པ་བྱ་དགོས།
     མཇུག་མཐར། དགེ་སློབ་ཟུང་ནས་ལོ་རྒྱུས་ནི་ང་ཚོའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་རྨང་གཞིའི་རིག་ཚན་ཞིག་ཏུ་འགྱུར་ཐུབ་པ་བྱ་དགོས་པར་རིགས་སོ།།
བཞི། བོད་ཀྱི་སློབ་འབྲིང་ལོ་རྒྱུས་སློབ་ཁྲིད་ཁྲོད་གནས་པའི་གནད་དོན་སྐོར།
༡ སྐད་གཉིས་སློབ་ཁྲིད་རྒྱ་ཁྱབ་ཏུ་བཀོལ་ཐུབ་ཀྱིན་མེད་པ།
     སྐད་གཉིས་སློབ་ཁྲིད་ཅེས་པ་ནི་རྒྱལ་ཁབ་ཅིག་གམ་ས་ཁུལ་ཞིག་གིས་སྐད་ཡིག་རྣམ་པ་གཉིས་བཀོལ་ནས་སློབ་ཁྲིད་བྱེད་པ་ལ་ཟེར། དེ་ནི་ཁྲིད་ཡུལ་སློབ་མ་གང་དེའི་ཕ་སྐད་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་སྐད་ཆ་དེ་གཉིས་སོ།།
     འདི་ལྟར་སྒྲུབ་པའི་དམིགས་ཡུལ་ནི་གཅིག་ནས་རྒྱལ་ཁབ་ཀྱི་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་། གཉིས་ནས་སློབ་མ་ཚོའི་ཤེས་བྱའི་འཇོན་ཐང་ཚུལ་མཐུན་གྱིས་སྔོག་འདོན་བྱ་རྒྱུ་དེ་རེད།
༢ དགེ་སློབ་གཉིས་ལ་ཁྲིད་སྦྱོང་གི་འདུ་ཤེས་ཡང་དག་ཅིག་ཆགས་མེད་པ།
     སློབ་ཆུང་ནས་བརྒྱུད་མྱོང་བའི་གོམས་སྲོལ་དང་། ཡང་ན་སློབ་འབྲིང་གི་ཁོ་ལག་མ་རྒྱས་པའི་སློབ་གསོའི་ཁ་དབུགས་གང་ཞིག་གི་རྐྱེན། བོད་ཀྱི་སློབ་འབྲིང་མང་བོའི་དགེ་སློབ་ཟུང་གིས་རྒྱའི་སྐད་ཡིག་དང་བོད་སྐད་ཡིག  རྩིས་རིག་བཅས་བསླབ་ཁག་འདི་གསུམ་ལ་ཤིན་ཏུ་དང་དོད་བྱེད་པ་ལས། ལོ་རྒྱུས་གཙོ་བྱས་པའི་རིག་ཚན་གྱི་སྡེ་དང་། དངོས་ལུགས་གཙོ་བྱས་པའི་རྩིས་ཚན་གྱི་སྡེ་ལ་དེ་འདྲའི་དོ་སྣང་བྱེད་ཀྱིན་མི་འདུག
འདི་ནི་གཙོ་བོ་རིག་པའི་སྡེ་འདི་གཉིས་ཀྱི་བསླབ་ཁག་སོ་སོར་ངེས་ཤེས་བཟང་བོ་ཞིག་དང་འདུ་ཤེས་ཡང་དག་ཅིག་བཟུང་མེད་པའི་རྐྱེན་གྱིས་རེད།
     རིག་ཚན་དང་རྩིས་ཚན་གྱི་བསླབ་ཁག་གང་ཞིག་ལ་མཚོན་ནའང་། རང་རང་གི་ཁྱད་ཆོས་དང་སྔོག་འདོན་གྱི་རིན་ཐང་གལ་ཆེན་ཡོད་པ་རེད།
     ལོ་རྒྱུས་བསླབ་ཁག་ལྟ་བུ་ལ་མཚོན་ན། ཆབ་སྲིད་དང་དམག་དོན། དཔལ་འབྱོར་བཅས་ཀྱི་རྒྱུན་ཤེས་འདུས་ཡོད་པ་མ་ཟད། ལོ་རྒྱུས་ཐོག་བྱུང་མྱོང་བའི་དོན་རྐྱེན་དག་གི་རྒྱབ་ལྗོངས་དང་དེ་དག་གི་གནད་དོན་ལ་དབྱེ་ཞིབ་བརྒྱུད། སློབ་མ་རྣམས་ལ་རང་སྒེར་གྱི་བསམ་བློའི་གཞི་གྲུབ་ཐུབ་ལ། འཇིག་རྟེན་གྱི་ལྟ་རྒྱ་དང་མཐོང་རྒྱའང་ཆེ་རུ་བསྐྱེད་ཐུབ་པ་ཡིན།
༣ སློབ་ཁྲིད་དང་སློབ་སྦྱོང་གི་བྱེད་ཐབས་སྐོར་གྱི་མི་འདང་ས།
     བོད་ཀྱི་སློབ་འབྲིང་མང་ཆེ་བ་ཞིག་གི་དགེ་རྒན་རྣམས་ཀྱིས་ལོ་རྒྱུས་སློབ་ཁྲིད་བྱེད་སྐབས། གཙོ་བོ་རང་གི་ཁམས་དང་བསྟུན་ནས་ཁྲིད་བྱའི་སློབ་ཚན་དེ་སློབ་མ་རྣམས་ལ་གྱེར་ཀློག་བྱེད་དུ་འཇུག་པའམ་ཡང་ན་དེ་སྔོན་རང་ཀློག་བྱེད་དུ་བཅུག་རྗེས། ཉིད་ཀྱིས་སྟབས་བདེའི་ངང་འགྲེལ་བཤད་ཙམ་རྒྱག་པ་དང་ལས་བྱ་བཀོད་སྒྲིག་བྱེད་པ་སོགས་ལྟ་བུ་རེད།
     དེ་ལྟར་བྱས་པའི་མཇུག་འབྲས་ནི་སློབ་མ་རྣམས་ཀྱིས་ཡང་སྙིང་ཅི་ཞིག་ཁྲིད་ཟིན་པ་རྟོགས་ཀྱིན་མེད་ལ། དཀའ་གཙོ་གནད་ཕར་ཞོག  ཐ་ན་བག་ཆགས་ཙམ་ཡང་བཞག་མེད་པའི་གནས་ཚུལ་ཡང་ཡོད་སྲིད་པས། འདི་ནི་ལོ་རྒྱུས་དགེ་རྒན་ཞིག་གི་ཟུར་ཚད་ནས། ཉེས་པ་ཆེན་པོ་ཞིག་ཏུ་ངོས་བཟུང་ན་འགྲིག
     དེ་ལས། ལོ་རྒྱུས་དགེ་རྒན་ཞིག་གི་ངོས་ནས་ཁྲིད་བྱའི་ནང་དོན་ལ་གོ་བ་བྱང་ཆ་དོད་པོ་ཞིག་བླངས་རྗེས། ཉིད་ཀྱིས་སློབ་མའི་ཁམས་དང་ཆུ་ཚད་སོགས་ལ་བསྟུན་ཏེ། སློབ་ཁྲིད་ཀྱི་བྱེད་ཐབས་སྣ་མང་བཀོལ་ནས་ཁྲིད་ན། སློབ་གྲོགས་རྣམས་ཀྱི་རྒྱུད་ལའང་འབྲེལ་ཡོད་ཀྱི་ཤེས་བྱ་མང་པོ་ཞིག་འཇོག་ཐུབ་ངེས་ཡིན།
     སློབ་ཁྲིད་ཡག་པོ་ཞིག་བྱེད་མ་ཐུབ་པ་དེས་སློབ་མ་རྣམས་ལའང་སློབ་སྦྱོང་གི་མཁའ་དབུགས་བཟང་བོ་ཞིག་ཆགས་སུ་བཅུག་མེད་པ་སྟེ། ཁོ་ཚོ་གཅིག་ནས་བསླབ་ཁག་གང་དེར་སྤྲོ་བ་མེད་པ་དང་། གཉིས་ནས་ཁོ་ཚོས་སློབ་སྦྱོང་བྱེད་དུས་ཀྱང་ཀློག་འདོན་ཙམ་དང་རྨང་གཞིའི་ཤེས་བྱ་སྐོར་ཞིག་བློར་འཛིན་བྱེད་པ་ཙམ་ལས་དབྱེ་ཞིབ་དང་རང་ཉིད་ཀྱི་བསམ་བློ་ནང་དུ་འཁོར་ཐུབ་ཀྱིན་མེད་པ་དེ་རེད།
     འདི་ལྟར་བྱས་ཚེ། ང་ཚོས་ལོ་རྒྱུས་བསླབ་བྱའི་ནུས་པ་དང་རིན་ཐང་སྔོག་ཐུབ་ཀྱིན་མེད་ལ། དེ་ལས་ཀྱང་རང་ཉིད་ཀྱི་རྒྱུན་ཆགས་ཤེས་བྱ་ཞིག་ཏུ་གྲུབ་ཐུབ་ཀྱིན་མེད།
ལྔ། གནད་དོན་གྱི་འབྱུང་རྐྱེན་དབྱེ་ཞིབ་དང་ཐག་གཅོད་ཀྱི་སྐོར།
     ལོ་རྒྱུས་སློབ་ཁྲིད་ཁྲོད་ཀྱི་གནད་དོན་དེ་དག་ནི་མཐར་གཏུགས་ན་ས་གནས་དེ་དགི་གི་སློབ་གྲྭའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་དང་དགེ་རྒན་ཚོའི་སྤྱོད་སྟངས་དང་རྣམ་འགྱུར་སྟེང་ན་གནས་འདུག   དེ་བས་སློབ་གྲྭའི་དེ་དག་གིས་ཀྱང་ཏང་གི་འབྲེལ་ཡོད་སློབ་གསོའི་བཅའ་ཁྲིམས་གཞིར་བཟུང་ནས་གཤམ་གྱི་བྱ་བ་འདི་དག་བསྒྲུབ་ན་བཟང་སྟེ།
༡ སྐད་གཉིས་སློབ་གསོ་ཁྱབ་བརྡལ་དུ་བཏང་ནས། དགེ་རྒན་གྱིས་སློབ་ཁྲིད་བྱེད་བདེ་བ་དང་། སློབ་མས་ཉན་བདེ་བར་གཏོང་དགོས།
༢ དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འགན་བརྩི་དང་མཐའ་འཁྱོལ། ཆེད་ལས་ཀྱི་རྨང་གཞི་ཅུང་མཐུག་པ། སྐད་གཉིས་སྨྲ་བའི་དགེ་རྒན་དག་བསྡུ་ལེན་བྱེད་པར་བརྩོན་དགོས།
༣ སློབ་སྦྱོང་གི་མཁའ་དབུགས་ཇེ་ལེགས་སུ་བཏང་ནས། རིག་ཚན་གྱི་ཤེས་བྱ་འགྲན་སྡུར་དང་། དཔེ་ཀློག་དང་རྒྱུ་ཆ་སྣ་མང་མཁོ་སྤྲོད་ལ་འབད་དགོས།
༤ ཕྱོགས་ཡོངས་ནས་དགེ་སློབ་ཀུན་ལ་རིག་ཚན་སྤྱིའམ་ལོ་རྒྱུས་ཀྱི་ངེས་ཤེས་གསར་བ་ཞིག་བསྐྱེད་དུ་འཇུག་དགོས་པ་མ་ཟད། སློབ་དང་ཁྲིད་ཀྱི་ཐད་ནས་བྱེད་ཐབས་ཡང་དག་དང་གསར་བ་བཀོལ་བར་སྐུལ་དགོས།
༥ སྨྱན་མང་གཟུགས་བཀོལ་ནས་མངོན་སུམ་གྱི་སློབ་ཁྲིད་ལ་གཞོལ་བ་དང་། རང་རྒྱལ་ནང་ལོགས་ཀྱི་ཚད་ལྡན་སློབ་འབྲིང་གི་སློབ་ཁྲིད་ཀྱི་རྣམ་པར་སློབ་སྦྱོང་དང་དོ་སྣང་བྱེད་པར་སྐུལ་དགོས་པ་བཅས།

མཇུག་བསྡུའི་གཏམ།

     མདོར་ན་སློབ་གྲྭའི་འབྲེལ་ཡོད་སྡེ་ཁག་དང་དགེ་རྒན་མི་སྒེར་ནས་ལོ་རྒྱུས་བསླབ་ཚན་འདི་ཡང་བསླབ་ཁག་གཙོ་གནད་ཅིག་ཏུ་ངོས་བཟུང་ནས། སློབ་ཁྲིད་བཀོད་སྒྲིག་འོས་མཚམས་དང་སློབ་ཁྲིད་བྱེད་ཐབས་ཡང་དག  སློབ་སྦྱོང་བྱ་བ་རྒྱུན་འཁྱོངས་བཅས་བྱེད་པ་ནི་དེང་གི་སློབ་སྒྲུབ་ཀྱི་ཁ་ཕྱོགས་དང་མཐུན་ཞིང་། སློབ་མའི་ཕྱོགས་བསྡུས་ཀྱི་ཤེས་བྱའི་སྤུས་ཚད་ཇེ་མཐོར་གཏོང་བའི་དོན་གལ་ཆེན་ཞིག་གོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།