བོད་ཀྱི་གདོད་མའི་རྩོམ་རིག་བྱུང་ལུགས་ཐད་ཀྱི་དོགས་སློང་།
༄༅༎བོད་ཀྱི་གདོད་མའི་རྩོམ་རིག་བྱུང་ལུགས་ཐད་ཀྱི་དོགས་སློང་།
ཀླུ་ཨ་རྡོར།
【བརྡ་ཆད་གཙོ་བོ】བོད། རྩོམ་རིག། རྩོམ་རིག དོགས་སློང།
གཅིག བོད་ཀྱི་རྩོམ་རིག་གི་དར་ཚུལ།
དང་པོ། སྲོལ་རྒྱུན་གྱི་ལུགས།དེ་ཡང་བོད་ཡོངས་གྲགས་སུ་བོད་བཙན་པོའི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་སྐུ་དུས་སུ་པཎ་ཊི་ཏ་བློ་བསམ་འཚོ་དང་ལོ་ཙཱ་བ་ལི་ཐེ་སི་གཉིས་ཀྱི་གཉན་པོ་གསང་བ་ཞེས་བཏགས་པ་དེ་སྤང་ཀོང་ཕྱག་རྒྱ་བ་དང་། མདོ་སྡེ་ཟ་མ་ཏོག སྙིང་བོ་ཡི་གེ་དྲུག་མ། གསེར་གྱི་མཆོད་རྟེན་བཅས་བོད་དུ་གདན་དྲངས་པས། དེ་ནས་བཟུང་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་རྟེན་འབྲེལ་འགྲིག་པ་ཡིན་ཞེས་འགོས་ལོ་གཞོན་ནུ་དཔལ་གྱི《དེབ་ཐེར་སྔོན་པོ》ནང་དུ་བཤད་ཡོད། སྔོན་གྱི་ཆོས་འབྱུང《བཀའ་ཆེམས་ཀ་ཁོལ་མ》《མ་ཎི་བཀའ་འབུམ》 《དེབ་ཐེར་རྒྱ་མཚོ》 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》《ཞང་བོད་ལོ་རྒྱུས་ཏི་སེའི་འོད》 《སྦ་བཞེད》 《བླངས་ཀྱི་པོ་ཏི་སེ་རུ》 《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིས་བཅུད》《དེབ་ཐེར་དཀར་པོ》སོགས་དུ་མར་ནམ་མཁའ་ནས་བབས་པར་གསུངས་ཡོད། འདི་ནས་ནང་ཆོས་ཀྱི་ས་བོན་བཞག་པ་ནས་སྲོང་བཙན་གྱི་སྐབས་སུ་སློབ་དཔོན་ཐོན་མི་སམྦྷོ་ཌས་བོད་ཀྱི་ཡི་གེ་གསར་གཏོད་བྱས་པ་ནས་བཟུང་བོད་དུ་ཡིག་ཐོག་གི་རྩོམ་རིག་དར་བའི་སྲོལ་ཕྱེ་བ་ཡིན། འདི་ནི་ད་ལྟའི་བོད་ཡོངས་གྲགས་ཀྱི་ལུགས་སུ་སྣང་ལ། དེ་ཡང་སྔོན་བྱུང་དམ་པ་དག་གི་གཞུང་དང་གསུངས་རབ་དུ་མར་བསྟན་པའི་ནང་ཆོས་ཀྱི་ཁུངས་རྒྱ་གར་གཏུགས་པ་ལས། བོད་ཀྱི་རྩོམ་རིག་གི་འབྱུང་ཁུངས་ཡང་སྟོད་རྒྱ་གར་དང་། བོད་དུ་བཙན་པོ་སྲོང་བཙན་ཡི་གེ་གསར་གཏོད་མཛད་པ་ནས་རྒྱ་གར་གྱི་ཆོས་གཞུང་བསྒྱུར་བའི་འགོ་ཚུགས། བོད་ཀྱི་ངག་ཐོག་གི་རྩོམ་རིག་ཐོག་མ་ནི་སྤུ་དེ་གུང་རྒྱལ་གྱི་བླངས་པའི་མགུར་དང་། ཡིག་ཐོག་གི་རྩོམ་རིག་ཐོག་མ་ནི་ཐོན་མིའི་ཡིག་ཕུད་རུ་བརྩི། དེའི་སྔོན་ལ་བོད་དུ་ཡི་གེ་མེད་ཅིང་། ཡིག་ཐོག་གི་རྩོམ་རིག་ཡང་ཀུན་གྱི་མཐོང་ལམ་དུ་གྱུར་བ་འདི་ལགས། དེ་ལྟར་གཞིགས་ན་བོད་ཀྱི་ཡིག་ཐོག་རྩོམ་རིག་ནི་བཙན་པོ་སྲོང་བཙན་ནས་བརྩི་དགོས་ལ། བོད་ཀྱི་ལོ་རྒྱུས་འདི་ཡང་བོད་རྒྱལ་གཉའ་ཁྲི་ནས་བརྩི་དགོས་པ་སྟེ་ད་ལྟའི་བོད་ཁམས་ཡོངས་ཀྱི་སྤྱི་འགྲོས་ལྟར་ཁྱབ་ཡོད། འདི་ཡང་དེ་དུས་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་དང་ཆོས་ལུགས་ཕྱོགས་ཞེན་གྱི་ལྟ་བར་འབྲེལ་བ་ཟབ་མོ་ཡོད་ཅིང་། བོད་བཙན་པོ་ལོ་རྒྱུས་དག་ལས་གསལ་བ་ལྟར། བོད་ཀྱི་ལོ་རྒྱུས་སུ་བོན་གྱི་བསྟན་པ་དེ་གྲི་གུམ་བཙན་པོའི་དུས་དང་སྲོང་བཙན་དུས། ཁྲི་སྲོང་ལྡེ་བཙན་སྐུ་དུས་བཅས་ཐེངས་གསུམ་དུ་ནུབས་པ་དང་། དེ་ཡང་བཙན་པོ་འདི་དག་གིས་སངས་རྒྱས་ཀྱི་བསྟན་པ་དང་ཆབ་སྲིད་ཀྱི་དགོས་མཁོར་གཞིགས་ཏེ་ནུབས་པ་ཞིག་ག་ལ་མིན། སྐབས་དེའི་ཆོས་ལུགས་ནི་ཆབ་སྲིད་ཀྱི་དགོས་མཁོ་ལྟར་གནས་ཤིང་འཕེལ་འགྱུར་འབྱུང་བ་ཞིག་ཡིན་པས། དེ་ནི་ཆབ་སྲིད་དང་སྤྱི་ཚོགས་གཏན་ལྷིང་གི་ལག་ཆ་ཞིག་ཏུ་གྱུར་ཡོད། དེ་བཞིན་ཆོས་ལུགས་ཀྱི་བཀག་རྒྱའི་འོག་བོད་ཀྱི་རིག་གནས་འདི་ཡང་འཕེལ་འགྲིབ་བྱུང་པ་དང་། བོན་གྱི་རིག་གནས་གང་མང་ཞིག་ལ་མཐོང་ཆུང་དང་དམའ་དབེབས་བྱས་པའི་གནས་སུ་གྱུར། འོན་ཀྱང་། བཙན་པོའི་དུས་སྐབས་མ་ཟད་ལ་ད་ལྟའང་བོན་གྱི་ཆོས་ལུགས་གོམས་སྲོལ་གང་མང་ཞིག་བོད་ཀྱི་ས་གནས་ཁག་ཏུ་མ་མཉམ་པར་སྤེལ་བཞིན་པ། དཔེར་ན། བསང་དང་གསུར་ཕུད་པ། གཞི་བདག་གསོལ་བ། མདོས་དང་མཆན་སོགས་ལྟ་བུ། འདི་དག་ནི་སྟོང་སྐོར་ཚེ་རིང་ཐར་གྱི《བོད་སྔ་རབས་ཀྱི་ལོ་རྒྱུས་བསྐྱར་དུ་འབྲི་བའི་དུས་ཚོད་ལ་སླེབས་འདུག》ཤོག་ངོས་༥༦༢ཅེས་པ་ལས། བསང་དང་གསུར་ཕུད་པ། གཞི་བདག་གསོལ་བ། མདོས་དང་མཆན་སོགས་ཀྱི་ཆོས་ལུགས་ཀྱི་ཆོ་གའི་འགོ་ཁུངས་སྲིད་པ་བོན་ལ་ཐུག་པ་རེད། ཅེས་གསུངས་པ་ལྟར། བོད་ཀྱི་གདོད་མའི་བོན་དུ་རྩོམ་རིག་ཅི་ཡང་མ་བྱུང་བ་མིན་པར། དེ་ནི་གཙོ་ཆེར་ཆབ་སྲིད་ཀྱི་དགོས་མཁོ་དང་འབངས་ཀྱིས་ཆོས་ལུགས་ཀྱི་ཕྱོགས་ལྷུང་གི་ལྟ་གྲུབ་ལས། ཉམས་ཉེན་དང་ཆགས་འཇིག་བྱུང་བས་ད་ལྟའི་གནས་བབ་འདི་གྲུབ་པར་འདོད།
གཉིས་པ། དེང་རབས་ཀྱི་ལུགས།
བོད་ཀྱི་རིགས་རྒྱུད་འདི་ནི་སྔ་མོ་ནས་བོད་ཀྱི་ཡུལ་གྲུ་འདིར་འཚོ་ཞིང་མཆིས་པ། སྤྱི་ལོ་༡༩༦༦ལོར་གཞིའི་རྩེ་ས་ཁུལ་གྱི་གཉའ་ལམ་རྫོང་ནས་རྡོའི་ཡོ་བྱད་ཉེར་བདུན་རྙེད་པ་ལ་ཚན་རིག་གིས་ལོ་ཁྲི་གཅིག་ཡན་ཡིན་པར་བཤད་པ། དེའི་ཁུངས་བཙན་པར་མ་བྱུང་ན། སྤྱི་ལོ་༡༩༩༢ལོར་མངའ་རིས་ས་ཁུལ་ནས་རྡོ་ཆས་གང་མང་ཞིག་རྙེད་པ་རྣམས་ལ་དཔྱད་ན་ལོ་ཁྲི་སྔོན་ནས་ས་དེར་འགྲོ་བ་མི་ཡོད་པར་ཤེས་རྟོགས་བྱུང་ཐུབ། དེ་མིན་བཙན་པོའི་བཀའ་བཞིན་དམ་ཚིག་ཅིག་ཡོད་པ་ནི་བོད་ལྗོངས་སྒར་རྫོང་མོན་མཚེར་ཁུལ་དུ་ལོ་ངོ་ཁྲི་གཅིག་གི་སྔོན་གྱི་མེས་པོའི་མིས་མེ་བསྲེགས་པའི་ཐལ་བ་མང་པོ་ཐོན་པ་དེར་དེང་རབས་ཞིབ་འཇུག་པས་ལོ་ཁྲི་གཅིག་ཡན་ས་དེར་འགྲོ་བ་མི་གནས་པར་བཤད། གལ་ཏེ་བོད་ཡུལ་གྱི་ཡབ་མེས་ཀྱིས་ལོ་ངོ་ཁྲི་ཡན་དུ་མེ་བསྲེགས་པའི་ཐབས་ཤེས་རྙེད་ཡོད་ན། དེ་ནི་ཤེས་རིག་གི་བདེན་དཔང་དངོས་མ་ཡིན་ནམ། དེ་དུས་སུ་ཤིང་གི་ལོ་མ་དང་སྲོག་ཆགས་ཀྱི་རུས་པར་གཟུགས་རིས་འབྲི་བར་སྣང་བ། དཔེར་ན། 《མགོ་ལོག་དབང་ཆེན་འབུམ་གྱི་སྨན་པ་ཏིང་འཛིན་གྱི་དཔྱད་རྩོམ་ཐོར་བུ》(ཤོག་ངོས་༡༧༦)ལས། སྲོང་བཙན་ཡར་སྔོན་དུ་ཤིང་པར་རྙིང་བ།
གསུམ་པ། སྲོང་བཙན་སྔོན་དུ་ཡི་གེ་ཡོད་པར་སྒྲུབ་པ།
གལ་ཏེ་སྲོང་བཙན་ཡར་སྔོན་བོད་ལ་ཡི་གེ་མེད་པར་འདོད་ན། ①བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པ་ཐོག་མར་སྐུ་ན་ཕྲ་དུས་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས་པ་དེ་དག་ནི་སྐབས་དེའི་རྒྱ་གར་ན་དར་སྲོལ་ཆེ་བའི་མུ་སྟེགས་ཀྱི་རིག་གཞུང་དག་ཡིན་པ་སྨྲོས་མ་དགོས། མི་སྟེགས་པའི་གཞུང་ལུགས་མཐའ་དག་ལས་ཆེས་ཁྱད་དང་སྔོན་ཐོན་གྱི་རང་ལུགས་གསར་དུ་རྙེད་པ་དེ་ནི་ནང་བ་སངས་རྒྱས་པའི་གྲུབ་མཐའ་དེ་ཡིན་ལ། དེ་ནི་མུ་སྟེགས་པའམ་བོན་ཆོས་ཀྱི་ལྟ་བའི་རྨང་གཞིའི་ཐོག་ཏུ་ཡར་རྒྱས་བྱུང་བ་ཞིག་ཡིན། ②སྲོང་བཙན་སྐུ་ན་ཕྲ་དུས་བཟོ་དང་རྩིས་སོགས་ཀྱི་སྒྱུ་རྩལ་རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་ཀུན་དང་ལྡན་པར་གྱུར་བས་བོན་པོ་རྣམས་ཀྱིས་རྗེ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཏེ་ཐུགས་ཤིན་ཏུ་སྒམ་མོ་ཞེས་ཟེར་བས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གསོལ། རྒྱལ་བོ་སྲིད་ཁྲིར་མ་བཀོད་པའི་སྔོན་ཐོན་མི་རྒྱ་གར་ཏུ་བྱོན་མེད་པས་བོད་ལ་ཡི་གེ་ཞིག་མེད་ན། བཙན་པོ་ཅི་ལྟར་རིག་པའི་གནས་ལ་བྱང་བར་འགྱུར་ངེས། ③སྲོང་བཙན་དུས་སུ་ཐོན་མིའི་ཡི་གེ་གསར་བཟོ་བྱས་པ་ཡིན་ན། ཅིའི་ཕྱིར། དུས་ད་ལྟ་སྔོན་གྱི་རྒྱལ་རབས་སོ་གཉིས་རིང་གི་ལོ་རྒྱུས་དང་ལྷག་པར་སྟོད་ཀྱི་སྟེང་གཉིས་ཀྱི་ལོ་རྒྱུས་འདི་བཞིན་གསལ་ཆ་ཡོད་པ་རེད། དེ་ནི་རྒྱལ་རབས་སོ་གཉིས་རིང་ངག་ལ་བརྒྱུད་ནས་བྱུང་བ་ཞིག་ཡིན་ནམ། རྒྱལ་རབས་སོ་གཉིས་རིང་ཡི་གེ་མེད་པར་ཐག་ལ་མདུད་པ་དང་རུས་ལ་རི་མོ་བྲིས་པ་ལས་བྱུང་བ་ཡིན། དེ་ནི་རྩ་བ་ནས་མ་ཡིན། ④ཐོན་མི་ནི་རྒྱ་གར་ཏུ་བྱོན་པའི་དམིགས་ཡུལ་ནི་ཡི་གེ་སློབ་པ་གཅིག་པུ་མ་ཡིན་པར་དེ་ནི་བོན་གཤེན་གྱིས་ཆབ་སྲིད་དབང་ཆ་ཆེ་བར་དོགས་ཏེ་རྒྱ་གར་དུ་ནང་བའི་ཆོས་སློབ་དུ་གཏང་བ་ཡིན་ལ། རྒྱ་གར་ནས་ཡིག་རིགས་སོ་དྲུག་ལྷག་ལ་སྦྱང་པ་མཐར་ཕྱིན་དང་ནང་ཆོས་ལ་བྱང་ཆ་ཐུབ་པར་སྦྱང་བ་མཛད་དེ་བོད་དུ་མདོ་སྡེ་ཟ་མ་ཏོག སྤང་ཀོང་ཕྱག་རྒྱ་བ། མདོ་སྡེ་དཀོན་མཆོག་སྤྲིན། འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་གཅིག་ལ་སོགས་བསྒྱུར་བ་དེ་ནི་དམ་ཆོས་བོད་ལ་བརྒྱུར་བའི་ཐོག་མར་གྲགས། གལ་ཏེ་སྔོན་ལ་ཡི་གེ་ཞིག་མེད་ན་རྒྱ་གར་གྱི་ཡི་གེ་དང་གསར་བཟོ་བྱས་པའི་བོད་ཀྱི་ཡི་གེ་གཉིས་ལས་དོན་དང་མི་འགལ་བར་བོད་ཀྱི་ཡུལ་སྐད་དང་མཐུན་པར་བསྒྱུར་མི་ཐུབ། ཡིག་བསྒྱུར་ལ་སྔོན་ཡིག་རིགས་གཉིས་ནང་བྱན་ཆུད་པ་ཞིག་གི་རྨང་གཞིའི་ཐོག་ཡི་གེའི་འཕེལ་རིམ་ཡང་ངེས་ཅན་ཞིག་ལྡན་དགོས་པ་ལས། ཡིག་རིགས་ཤིག་ཐོག་མར་གསར་དུ་དར་བ་ལས་ཐུན་མོང་སྤྱི་ཚོགས་སུ་ཁྱབ་བརྡལ་དུ་སོང་མེད་ན་ཚད་ལྡན་གྱི་ལོ་ཙཱ་ཞིག་ཡོང་མི་ཐུབ།
སྤྱིར་ད་ལྟ་ཚན་རིག་དང་མཐུན་པའི་བཤད་པ་ནི། བོད་ཀྱི་སྲོལ་རྒྱུན་རིག་གནས་སམ་མེས་པོའི་ཤུལ་བཞག་རིག་གནས་ནི་མདོར་དྲིལ་ན་བོན་བསྟན་རིག་གནས་དང་ཐུབ་བསྟན་རིག་གནས། དམངས་ཁྲོད་རིག་གནས་གསུམ་གྱིས་གྲུབ་པ་དང་། ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བོ་ནི་བན་བོན་གྱི་རིག་གནས་གཉིས་ཡིན་ཞེས་བརྗོད་ཀྱང་ཆོག དེ་ལས་རྩོམ་རིག་གྱི་ཐོག་མའི་འབྱུང་རྩའི་སྐོར་ལ་①ལད་ཟློས་བྱས་པ་ལས་རྩོམ་རིག་བྱུང་བ། ②རྩེད་འཇོ་བྱེད་པ་ལས་བྱུང་བ། ③ལྷ་བ་དང་མོ་པའི་ལག་ལེན་ལས་བྱུང་བ། ④ཆོས་ལུགས་ལས་བྱུང་བ། ⑤བརྩེ་དུང་ཚུར་སྣང་དང་བརྒྱུད་བསྒྲགས་བྱེད་པ་ལས་བྱུང་བ། ⑥ངལ་རྩོལ་ལས་བྱུང་བ་སོགས་ལྟ་ཚུལ་སྣ་ཚོགས་བྱུང་ཡང་། ཚན་རིག་དང་མཐུན་པ་ནི་དཔལ་དོན་གྲུབ་རྒྱལ་གྱིས་གསུངས་པ་ལྟར། ངལ་རྩོལ་གྱིས་མིའི་རིགས་གསར་དུ་བསྐྲུན་པ་དང་། ངལ་རྩོལ་གྱིས་མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གསར་དུ་བསྐྲུན་པ་རེད། མིའི་རིགས་ཀྱི་སྤྱི་ཚོགས་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གོ་རིམ་ཐམས་ཅད་ངལ་རྩོལ་དང་ཁ་འབྲལ་མི་ཐུབ་ལ། མིའི་རིགས་ཀྱི་རྩོམ་རིག་དང་སྒྱུ་རྩལ་ལ་སོགས་པའང་ངལ་རྩོལ་དང་ཁ་འབྲལ་མི་ཐུབ། དེའི་ཕྱིར་བོད་ཀྱི་རྩོམ་རིག་དང་སྒྱུ་རྩལ་ཡང་ངལ་རྩོལ་ལས་བྱུང་བ་དང་། ངལ་རྩོལ་གྱི་ཁྲོད་དུ་དར་རྒྱས་གོང་འཕེལ་བྱུང་བ་ཡིན། རྩོམ་རིག་ནི་གནའ་སྔོ་མོ་ནས་བཟུང་ས་ཁུལ་གཅིག་ཏུ་ས་སྐྱེས་རྡོ་སྐྱེས་སུ་ཆགས་པ་ཙམ་མ་ཡིན་པར་དེ་ནི་འཛམ་གླིང་སྤྱིའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པར་ཐུན་མོང་གིས་ངལ་རྩོལ་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཡིན་ལ། ཐོག་མར་མེད་པ་ནས་ཡོད་པ། ཡོད་པ་ནས་འཕེལ་རྒྱས། དེ་ནས་ཡང་རྩེ། ཡང་རྒུད་པ། དེ་ནས་སོ་སོར་ཁ་གྱེས་པ་སོགས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དུ་རྟོགས་ལ། བྱ་དངོས་གཅིག་ཁེར་རྐྱང་དུ་འཚོ་མི་ཐུབ་པར་དེ་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་དང་གཅིག་གྱུར་གྱི་གོང་བུ་ཞིག་ཏུ་ངེས། དེ་བས་བོད་ཀྱི་རྩོམ་རིག་འདི་ཡང་འཛམ་གླིང་སྤྱིའི་རྩོམ་རིག་གྱི་བྱུང་འཕེལ་དང་མཐུན་པར་དེ་ནི་འཛམ་གླིང་སྤྱིའི་ཤེས་རིག་བྱུང་བའི་རྨང་གཞིའི་འོག་ཐོག་མར་གདོད་མའི་བོན་གྱི་རྩོམ་རིག་བྱུང་བ་དང་། དེ་ནི་སྟོན་པ་བཤེན་རབ་མི་བོ་ཆེའི་བོན་གྱི་ཡི་གེ་གསར་དུ་བཏོད་པ་ནས་མཐུས་ཚང་། རིམ་བཞིན་སྒྲུང་ལྡེ་བོན་གསུམ་གྱིས་གཙོ་བྱས་བོད་གདོད་མའི་སྲོལ་རྒྱུན་རྩོམ་རིག་གམ་དམངས་ཁྲོད་རྩོམ་རིག་བྱུང་བ་དང་། དེ་ནས་ངག་ཐོག་གི་རྩོམ་རིག་འཕེལ་རྒྱས་སུ་སོང་སྟེ་ཡིག་ཐོག་གི་རྩོམ་རིག་དར་བ་ཡིན། གནའ་བོའི་བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱ་མཁན་དག་གིས་བསྲེགས་བཅད་བརྡེར་བའམ། སྦྱོང་བཞུ་བཏུལ་གསུམ་གྱིས་གསུངས་པ་ལྟར་ན། སྔོན་སྟོན་པ་གཤེན་རབས་ད་ལྟའི་བར་བོན་དུ་གཙོ་ཆེར་པྲ་བལྟས་མོ་དང་། རྣམ་མཐོང་རྩིས་དང་། སྨན་དཔྱད་དང་གཏོ་བཅོས། འདུར་དང་མདོས་ལ་སོགས་པོ་ཏི་༡༧༠ལྷག་བྱུང་པར་གཞིགས་ན་ཡང་བོད་དུ་སྔ་མོ་ནས་རྩོམ་རིག་དར་ཡོད་པ་གསལ། ཀུན་གྱི་བོད་ལ་ཡི་གེ་མེད་པར་གསུངས་པ་ཡང་། 《ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》ཀྱི(ཤོག་ངོས་༢༠༤)ལས། ཁ་ཤས་ཀྱིས་ཆོས་ལུགས་ལ་དཀར་ནག་དང་། སངས་རྒྱས་ལ་བཟང་ངན། གྲུབ་མཐའ་ཕྱོགས་ཞེན། རྒྱལ་བསྟན་ལ་དཀར་ནག་ཏུ་འཁྲུལ་ནས་འཐབ་རྩོད་ཀྱི་འཁོར་ལོ་བར་མེད་དུ་བསྐོར་མཁན་དེ་དག་ཀྱང་བོན་ནང་ནས་བོན་ནག་དང་ཆོས་ནང་ནས་ཆོས་ནག་དངོས་ཡིན་གསུངས་པའང་གནད་ཐོག་ཁབ་བརྩེགས་སུ་སྣང་ངོ། ། དེ་ཡང་སྲོང་བཙན་ཡར་སྔོན་ལ་བོད་ཀྱི་སྲིད་དོན་གཉིས་ཀར་གཅིག་གྱུར་གྱི་ཡི་གེ་ཞིག་མེད་པ་ལས་ཡི་གེ་རྩ་བ་ནས་མེད་པ་མ་ཡིན་དེ། ཉིང་ཆོས་འབྱུང་ངམ《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིས་བཅུད》(ཤོག་ངོས་༡༥༢བར)ལས་བོད་ལ་ཡི་གེ་ཡང་ཁྲི་སོ་བུ་བཙན་པོ་རིང་ལ་བྱུང་བར་འདོད་པའང་ཡོད་དོ། དེའང་གནམ་གྱི་ཁྲི་བདུན་སྐབས་ཀྱི་སོ་ཁྲི་དང་སྲིབས་ཁྲི་སོགས་ཀྱི་ཚིག་དང་སྒྲ་འདྲ་བ་འགའ་རེ་ཡོད་པ་བཅས་ལ་བརྟེན། དོན་དུ་ཆེས་སྔ་བའི་དུས་སུ་བྱུང་བའི་བཙན་པོ་ཞིག་ལ་ཆ་འཇོག་གནང་ཡོད་ངེས་པ་ནི་ཤུགས་ལས་གསལ་ལོ། ། ཞེས་པ་དང་། 《བཻ་དཀར་གཡའ་སེལ》གྱི(ཤོག་ངོས་༢༧༩)ལས། བོད་ཀྱི་ཡི་གེ་ནི་ལྷ་མོ་དྲི་མ་ལ་སོགས་དུ་མ་དང་། དུས་འཁོར་འགྲེལ་ཆེན་རྣམས་སུ་བོད་སྐད་ཀྱིས་བྲིས་ཏེ་ཞེས་ལུང་བསྟན་པ་ལྟར་རོ། ། དེ་ལ་གཏན་ཚིག་གྱི་ཁུངས་ལོ་ཆེན་བཻ་རོ་ཙ་ནའི《རྣམ་ཐར་འདྲ་འབག་ཆེན་མོ》ལས་ཐོན་མི་སཾ་བྷོ་ཊས་བོད་ཀྱི་ཡི་གེ་བསྒྱུར་ཞེས་གསུངས་ཡོད་པས། འདི་ནི་ལོ་རྒྱུས་ཀྱི་དོན་དངོས་དང་ལུགས་མཐུན་ཀྱི་གཏམ་ཡིན་པ་ལས། བན་བོན་གྱི་ཤན་གང་ཡང་ཞུགས་མེད་པར་འདོད་པས། ད་ལྟ་བོན་ཆོས་དར་བ་ནས་བཟུང་བོན་གྱི་ཤེས་རིག་ཕུན་སུམ་ཚོགས་པ《ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》དུ་དཔེར་ན་བོན་གྱི་བཀའ་བསྟན་ལ་པོ་ཏི་༡༧༠ལྷག་ད་ལྟའང་མཇལ་རྒྱུ་ཡོད་པ་དང་། 《བཀའ་ཆེམས་ཀ་ཁོལ》སོགས་ལས། གཉའ་ཁྲིའི་སྐབས་སུ་དར་མོང་བའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་སྐོར་རྣམས་ཀྱང་པོ་ཏི་རེ་གཉིས་ཙམ་མ་ཡིན་པར་བརྗོད་བྱ་མཐའ་ཡས་པའི་ཚུལ《མདོ་དྲི་མེད་གཟི་བརྗིད》དང་། 《གཡུང་དྲུང་བོན་འབྱུང་རྒྱས་པ》《ནམ་མཁའི་ནོར་བུའི་གསུང་འབུམ་ཕྱོགས་བསྒྲིགས》སོགས་སུ་གསལ་བ་ལྟར་ན་ཡི་གེ་ཡོད་པ་ལས་པོ་ཏི་གྲུབ་དགོས་པ་ལས། ཡི་གེ་མེད་ན་པོ་ཏི་ཅི་ལྟར་གྲུབ། ཅེས་པ་སོགས་ལུང་དང་རིགས་པའི་གཞུང་ལུགས་གྱ་ནོམ་དག་གིས་བོད་རྒྱལ་སྲོང་བཙན་ཡར་སྔོན་བོད་དུ་ཡི་གེ་ཡོད་པ་རྟོགས་ཐུབ། ཡི་གེ་དེ་ནི་དགེ་བཤེས་ཤེས་རབ་རྒྱ་མཚོའི《ཞང་ཞུང་ཡི་གེའི་བྱུང་རིམ་ལ་དཔྱད་པའི་བསམ་བློའི་རྨང་གཞི》ལས། བོད་སྐད་ཁོ་ནའི་དབང་དུ་བྱས་ན་སྟོན་པའི་ཡི་གེ་ཞེས་པར་གོ་དགོས་པར་ངེས་ལ། ད་ལྟ་ང་ཚོའི་མིག་སྔར་ལག་སོན་བྱུང་བའི་སྤུངས་ཡིག་གི་མ་ཕྱི་རྙིང་ཤོས་ནི། གཉའ་ནང་རྫོང་ཕ་རོང་ཤང་གི་བྱང་ནུབ་མཚམས་ལ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་དུ་བཞེངས་པར་གྲགས་པའི་སྤ་ལ་ཕུག་བདེ་ཆེན་དགོན་པའི་འདུ་ཁང་ཀ་ཞུའི་སྟེང་གི་གདུང་མའི་ངོས་ལ་སྤུངས་ཡིག་ཨ་ཨཱོྃ་ཧཱུཾ་ཞེས་སོགས་གསལ་བོ་བྲིས་ཡོད་པ་དེའོ།། དེ་ལ་བོན་གཞུང་འགའ་ཞིག་གི་ནང་དུ་རྟག་གཟིགས②སྤུངས་ཡིག་ཅེས་མཚན་གྱིས་འབོད་པ་འདི་ནི། སྟོན་པས་སྤུངས་ཡིག་གཏན་ལ་ཕབ་ཡུལ་འོལ་མོ་ལུང་རིང་ཏ་ཟིག་གམ་རྟག་གཟིགས་ཀྱི་མངའ་ཁོངས་སུ་བསྡུས་ནས་དུས་ཡུན་རིང་པོར་འདས་རྗེས། རྟག་གཟིགས་འོལ་མོ་ལུང་རིང་ཞེས་པའི་ཐ་སྙད་བརྗོད་སྲོལ་བྱུང་བའི་དབང་གིས་རྟག་གཟིགས་སྤུངས་ཡིག་ཅེས་བཏགས་ཡོད་པ་ལས། གཞན་པ་གཏན་ཚིགས་ཐུབ་པའི་རྒྱུ་མཚན་ཅུང་ཟད་ཀྱང་མ་མཐོང་ངོ། ། ཞེས་གསུངས་པ་བཞིན་
ཀུན་གྱིས་བོད་ཀྱི་ཡི་གེ་ནི་དོན་དམ་པར་གང་ནས་བྱུང་ཞིང་རྩོམ་རིག་ནི་དུས་ནམ་ཞིག་ལ་དར་བ་ཡིན་ཞེས་ན། དེ་ནི་གོང་གསལ་དཔེར་བཀོད་པ་དང་དགེ་བཤེས་ཤེས་རྒྱ་མཚོ་ཞལ་སྔ་ནས་གསུངས་པ་བཞིན། དེ་ནི་ཐོག་མར་བོད་རང་ས་ནས་ས་སྐྱེས་རྡོར་སྐྱེས་སུ་བྱུང་བ་ལས། ཡུལ་གཞན་ཞིག་ནས་བྱུང་བ་རྩ་བ་ནས་མ་ཡིན་པ། ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི《བོད་ཀྱི་སྙན་ངག་བྱུང་ཚུལ་དང་དཔེར་བརྗོད》ཅེས་པ(མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་ ༡༡)ལས། ད་ལྟའི་མཁས་པ་ཚོས་ཞིབ་འཇུག་བྱས་པའི་མཇུག་འབྲས་ལྟར་ན། སྤྱི་ལོའི་སྔོན་གྱི་༡༩༡༧ལོར་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་པར་བཞེད། དེ་ལྟར་ན་ཀླུ་འབུམ་དཀར་ནག་ཁྲ་གསུམ་དེ་སྤྱི་ལོའི་སྔོན་གྱི་ལོ་ངོ་གཉིས་སྟོང་ལ་ཉེ་བའི་དུས་སུ་བརྩམས་ཡོད་པ་རེད། གཞན་བན་བོན་གཉིས་ཀས་ཐུན་མོང་དུ་ཁས་ལེན་པ་གཞན་ཞིག་ནི། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་དྲུག་པའི་ནང་ཙམ་ནས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་གཏོ། མདོས། ཡས། གླུད་རྣམས་ཀྱི་ཆོ་ག་མང་བོ་ཞིག་བརྩམས་ཡོད་པ་དེ་དག་མང་ཆེ་བ་ཚིགས་བཅད་ཡིན་པ་དང་། ཚིགས་བཅད་ཀྱི་རིགས་དེ་དག་སྙན་ངག་གི་ཁྱད་ཆོས་ལྡན་པ་ཞིག་ཡིག་རེད། དཔེར་ན། ཀོང་ཙེ་འཕྲུལ་རྒྱལ་གྱི་རྩོམ་པའི《ས་བདག་བཤག་འབུམ》ལས། ཧཱུ། བྱ་ཁྱུང་རྒྱལ་པོ་མན་ཆོད་དང་། ། ཕ་ཝཾ་རྒོམ་ཁྱེར་ཡན་ཆོད་ཀྱི། ། ས་བདག་ཀླུ་གཉན་ཐམས་ཅད་དང་། ། འགྲས་པ་སྡུམ་ལ་མཁོན་པ་སྦྱངས། ། ཆད་པ་མཐུན་ལ་རལ་པ་དྲུག ། མནན་པ་ཁྱོག་ལ་བསྡོམ་པ་ཀློད། ། བཅིངས་པ་གྲོལ་བ་གཟེར་བ་ཕྱུང་། ། བྲིས་པ་ཕྱིས་པ་ན་བ་སོལ། ། གས་པ་སྦྱོར་ལ་གནོད་པ་ལོང་། ། དེ་ནི་གནོད་པ་མ་བྱེད་ཅིག ། ཅེས་པ་ལྟ་བུ་དང་། ཡང་ཀོང་ཙེའི་གཏོ་རྒྱུར་ལས། བཀའི་གཏོ་མཁན་བདག་གིས་གཏོ་བགྱིས་ན། ། འབྱུང་བ་ནམ་མཁའི་གདན་སྟེང་ནས། ། ཁེན་པ་རྒས་པོ་གཏོ་ལ་བྱོན། ། འབྱུང་བ་སྱི་གདན་སྟེང་ནས། ། ཁོན་མ་རྒན་མོ་གཏོ་ལ་བྱོན། ། རི་རྒྱལ་ལྷུན་པོའི་ངོས་ཤིག་ནས། ། གིན་རིའི་བུ་ཡང་གཏོ་ལ་བྱོན། ། ཞེས་པ་སོགས། གཞན་ཡང་སྤྱི་ལོའི་དུས་རབས་བདུན་པའི་དུས་འགོ་ཙམ་ན་བོད་རྒྱལ་སོ་གཉིས་པ་རྣམ་རི་སྲོང་བཙན་གྱི་སྐབས་སུ་ཡིག་ཐོག་ཏུ་འཁོད་པའི་རྩོམ་ཡིག་མྱང་ཙེང་སྐུས་བརྩམས་པར། ཆབ་ཆབ་ནི་ཕ་རོལ་ན། ། ཡར་ཆབ་ནི་ཕ་རོལ་ན། ། མྱིའི་བུ་ནི་མྱིའི་བུ་སྟེ། ། ལྷ་ཡི་ནི་སྲས་བོ་བཞུགས། ། རྗེ་བདེན་ནི་བཀོལ་དུ་དགའ། ། སྒ་བདེན་གྱིས་ནི་བསྟད་དུ་དགའ། ། ཞེས་པ་ལྟ་དང་། ཟིང་བོ་རྗེས་མྱང་ལ་སྡུག་པོར་བཀལ་བའི་རྗེས་སུ་ཁོང་རང་གིས་ཁེར་ལབ་བྱས་པ་སྐབས་དེ་ཙམ་ཞིག་ནས་ཡི་གེར་བཀོད་པ་ཏུན་ཧོང་གི་ཡིག་རྙིང་ནང་དུ་ཡོད་པ་དང་། ཡང་སྐབས་དེ་ཙམ་ན་ཟིང་བོ་རྗེའི་བློན་པོ་པང་སུམ་མགྲོན་པོ་དང་། མྱ་ཙེང་སྐུ་དང་། དབའ་དབྱི་ཚབ་རྣམས་མཚན་མོར་གནམ་རི་སྲོང་བཙན་གྱི་མདུན་དུ་བཅར་ནས། ཟིང་བོ་རྗེ་ལ་ངོ་ལོག་གྲབས་བྱེད་པའི་སྐབས་སུ་འབངས་རྣམས་ཀྱིས་མཚན་མོར་གནམ་རི་སྲོང་བཙན་གྱི་བཞུགས་གནས་ལ་ལྐོག་ཏུ་འབྲེལ་གཏུག་བྱེད་མཁན་ཞིག་ཡོད་པ་མཐོང་བའི་དོན་རྣམས་སྙན་ངག་གི་ཟོལ་དུ་བརྩམས་པ་དེ། ཏུན་ཧོང་གི་ཡིག་ཐོག་ཏུ་བཀོད་པར། མི་བཟང་ནི་རྟ་བཟང་ཞིག ། ཉིན་བཞིན་ནི་ཕག་ཚ་ལ། ། མཚན་མོ་ནི་ཕྱིང་བར་མཆིས། ། དགྲའམ་ནི་ཟིན་ཅི་ཨང་། ། ཞེས་པ་ལྟ་བུ་རྣམས་སོ། ། འདི་དག་ནི་དོན་དུ་བན་བོན་གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་རྒྱལ་བོ་སྲོང་བཙན་སྒམ་པོའི་གོང་དུ་ཡོད་པའི་ཡིག་ཐོག་གི་རྩོམ་རིག་སྐོར་རྣམས་ཡིན། གཞན་ཡང་ཕྱིས་ཀྱི་ནང་པའི་མཁས་པ་ཚོས་ཁས་ལེན་མེད་ཀྱང་། བོན་གྱི་ལོ་རྒྱུས་ལྟར་ན་སྟོན་པ་གཤེན་རབ་ནས་སྲོང་བཙན་སྒམ་པོའི་བར་བྱུང་བའི་བོན་གྱི་མཁས་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ཤིན་ཏུ་མང་པོ་ཡོད་པ་འདི་རིགས་ཀྱང་། བོད་ཀྱི་གནའ་བོའི་རྩོམ་རིག་གི་གྲས་སུ་འཇོག་ན་མི་འཐད་པ་མེད་སྙམ། ཞེས་ནད་བརྒྱ་སྨན་གཅིག་ཚུལ་དུ་གདམས་ཡོད་དེང་རབས་ཀྱི་ཚན་རིག་གི་དགོངས་དོན་དང་མཐུན་པར་རིགས་སོ། །
དེ་བས་བོད་ཀྱི་རྩོམ་རིག་ཀྱི་ཐོག་མའི་འབྱུང་ཁུངས་དེ་ཡང་བོན་ནས་བྱུང་བ་དང་། དེ་ནས་རིམ་བཞིན་དོན་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ། ཚིག་ཇེ་ལེགས་ཇེ་རྒྱས། བརྗོད་པ་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས། ལྷག་དོན་རྩོམ་རིག་གི་ཐད་ནས་གནའ་མི་བོད་ཀྱི་གཏམ་དཔེ་ལ། འགྲོ་ཤེས་པ་ནས་བྲོ་འཁྲབ་ཤེས་ལ། བཤད་ཤེས་པ་ནས་གླུ་ལེན་ཤེས། ཟེར་བར་གཞིགས་ན་ཡང་བོད་ཀྱི་ཐོག་མའི་རྩོམ་རིག་འདི་ཡང་གནའ་སྔ་མོ་ནས་དར་ཡོད་པ་རྟོགས་ཐུབ། དེ་བས་སི་ཏུ་པཎ་ཆེན་མཆོག་གིས་མ་མཐོང་ཕྱིར་ན་མེད་པ་མིན་ཞེས་གསུངས་པ་ལྟར་འོ་སྐོལ་དག་གིས་ཡང་དག་རིག་བརྡར་གཅོད་དང་ལུང་རིག་བཙན་པོས་སྒྲུབས་པ་ལས་གྲུབ་མཐའ་དང་འཁྱེར་སོ་དག་ལས་ཚད་མར་རློམས་པ་ནི་སེར་བོ་ཐམས་ཅད་གསེར་དང་དཀར་པོ་ཐམས་ཅད་དངུལ་གྱི་དཔེ་ལགས་པས། ཁྱད་པར་དུ་མི་རིགས་ཀྱི་རྩ་བ་ཤེས་རིག་དང་། ཤེས་རིག་གྱི་རྩ་བ་ཡི་གེ་ཡིན་པས་དེ་ལ་སྣང་ཆུང་དང་འཁྲེགས་འཛིན་གྱི་བོང་བུའི་གཤིས་ལུགས་ཀྱིས་ཅིས་ཀྱང་འཇལ་བར་མི་རིགས་སོ༎ དེ་བས་བོད་ཀྱི་ལ་ཐོག་མ་བོན་ཀྱི་དུས་ནས་ཡི་གེ་ཡོད་པ་ཚུགས་ཐུབ་ཏུ་གྲུབ་པས། ར་མགོ་ལུག་སྦྱར་དང་གཡག་སྣ་ཁུ་ཚུར་གྱི་གཤིས་ལུགས་མི་འཛིན་པར་ཚན་རིག་དང་མཐུན་པའི་གཏམ་སྨྲ་ཞིང་། མི་རིགས་ཀྱི་རིག་གནས་ལ་བརྩི་མཐོང་ཆེ་བའི་སྒོ་ནས་བན་བོན་གྱི་ཕྱོགས་ཞེན་དང་ཆོས་ལ་མཆོག་དམན་མི་འཛིན་པ་བདག་ཅག་གི་སྟོན་པའི་ཞལ་སྔ་ནས། དགེ་སློང་དག་གམ་མཁས་རྣམ་ཀྱིས། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླངས་བར་བྱ་ལ་གུས་ཕྱིར་མིན། ། ཞེས་དང་ 《ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུལ་ལས་འཕྲོས་པའི་གཏམ》(ཤོག༡༧༧)《ཀླུ་འབུམ》ལས། སྡིག་པ་ཅི་ཡང་མི་སྤྱོད་ཅིང་། ། དགེ་བ་ཕུན་སུམ་ཚོགས་པར་སྤྱོད། ། རང་གི་སེམས་ནི་ཡོངས་སུ་འདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན། ། ཞེས་གསུངས་པ་བཞིན། བོད་ཀྱི་རིག་གཞུང་གི་ཕྱི་མོའམ་རྩ་བར་རིག་པའི་བོན་ཀྱི་བསྟན་པ་འདི་ལ་དུས་ད་ལྟ་བན་བོན་རྩོམ་རིག་གྱི་འགོ་གདོད་མའི་བོན་ནས་བརྩི་དགོས་པ་ངེས་དོན་གྱིས་ཁ་ཚོན་བཅོད་ཐུབ།
གཉིས། རྩོམ་རིག་གྱི་གོ་དོན་འཇོག་ཚུལ།
རྩོམ་རིག་གྱི་གོ་དོན་ཆ་ནས་ཡང་རྩོམ་རིག་ཞེས་བཀོལ་ཡོད་པ་ལས་རྩོམ་རིག་ཞེས་མི་བཀོལ་བའི་རྒྱུུ་མཚན་ནི། གོ་ཤུལ་གྲགས་པ་འབྱུང་གནས་ཀྱི《རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང》ཞེས་པའི(ཤོག་ངོས་༢ནས་༣པའི)ལས། སྔོན་རིག་བྱེད་སྨྲ་བའི་གཏམ་རྒྱུད་དེ་ཉིད་ད་ལྟའི་ལྟ་བས་བལྟས་ཙ་ན། ལྷ་སྒྲུང་ཙམ་དུ་གྱུར་འདུག་ཀྱང་དོན་གྱིས་ད་ལྟའི་རྒྱུན་འབྱམས་སུ་སོང་བའི་རྩོམ་རིག་གི་དོན་སྙིང་ཡོད་པར་མ་ཟད། དེ་ཉིད་ལས་ཀྱང་ཚད་དང་ལྡན་པའི་གོ་དོན་ཡོད། དོན་དེའི་ཐོག་ནས་རྩོམ་རིག་ཞེས་པའི་བརྡ་ཆད་འདི་ལ་སྒྲུང་དང་གཏམ་རྒྱུད་ཀྱི་གོ་བ་ཡོད་པར་མ་ཟད། དེ་ལས་ནང་དོན་རྒྱ་ཆེ་རུ་སོང་ནས་ད་ལྟའི་རྩོམ་རིག་གི་ནང་དོན་ཡོངས་རྫོགས་གོ་ཐུབ་པའི་དགེ་མཚན་ཡོད། རྩོམ་རིག་ཞེས་པའི་བརྡ་ཆད་འདི་ལ་རིག(བློ་དང་ཤེས་པ)པས་མི་དྲན་དགུ་དྲན་དང་མི་བསམ་དགུ་བསམ་བྱུང་བ་རྣམས་ངག་ཐོག་ནས་བརྗོད་པ་དང་། ཡང་ན་ཡིག་ཐོག་ཏུ་ཕབ་པའི་སྒྲུང་དང་གཏམ་རྒྱུད་ཀྱི་གོ་དོན་རང་ངོས་ནས་ཤེས་ཐུབ། དེས་ན་རྩོམ་རིག་འདི་བཀོལ་ན་ཅུང་འབྲེལ་ཆགས་པ་དང་དོན་དངོས་ལ་འཚམ་པ་ཞིག་རེད་སེམས། དེ་ཡང་རིགས་རྩོམ་དང་རྩོམ་རིག་ཅེས་རིག་ལ་ས་མཐའ་ཡོད་མེད་ཀྱི་འབྲི་ལུགས་གཉིས་ལས་སྔ་མ་ས་མཐའ་ཅན་ནི་རྩོམ་ཡིན་པའི་དངོས་པོ་རྣམ་པར་བཅད་ཅིང་རྩོམ་གྱི་རིགས་སྤྱི་སྟོན་པར་བྱེད་པའི་སྒྲ་ཡིན་ལ། ཕྱི་མ་ས་མཐའ་མེད་པ་ནི། རྩོམ་གྱི་ཆོས་ཉིད་བློ་ཡུལ་དུ་སྣང་བའི་དོན་ནམ། རྩོམ་འབྲི་ཐབས་ཀྱི་གཞུང་གི་དོན་ཡིན་པ་དང་། དེའི་གོ་དོན་ལ་བོད་ཀྱི་མཁས་པ་དག་གིས་རིགས་མི་འདྲ་བ་གང་མང་ཞིག་བརྗོད་ཡོད་པ། ①རྡོ་རྗེ་རིན་ཆེན་གྱི《རྩོམ་རིག་གཞུང་ལུགས་གནད་བསྡུས》ཤོག་ངོས༡༣བར་དུ་རྩོམ་རིག་ཅེས་པ་རྒྱའི文学ཐད་སྒྱུར་བྱས་པ་དེ། བོད་ཀྱི་སྙན་ངག་དང་དོན་གཅིག རྩོམ་རིག་ཅེས་པ་ནི་སྙན་རྩོམ་དང་སྒྲུང་རྩོམ་དང་ལྷུག་རྩོམ་དང་ཟློས་གར་བཅས་ཀྱི་ངག་གི་སྒྱུ་རྩལ་གྱི་རིག་གནས་ཏེ་བཅད་ལྷུག་སྤེལ་མ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲ་ཡངས་འཇུག་གི་སྙན་ངག་གི་དོན་དངོས་སོ། བོད་ཀྱི་སྙན་ངག་ཅེས་་པ་དང་རྒྱའི་རྩོམ་རིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ལས་ཐ་དད་དུ་གོ་མི་རུང་། ད་དུང་རྩོམ་རིག་གྱི་རིག་པའི་གཞུང་ལུགས་ནི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་རྟོག་གི་ཆོས་ཉིད་ལ་རྟོག་ཅིང་དཔྱོད་པའི་སྤྱི་ཚོགས་ཚན་རིག་ཅིག་སྟེ། རིགས་གཞུང་འདིའི་གཞལ་བྱའི་རྩོམ་རིག་སྒྱུ་རྩལ་ནི་རྩོམ་པ་པོའི་རྟོག་སྣང་གི་རིག་པའི་འཆར་སྒོ་ལ་བརྟེན་ནས་སྒྱུ་རྩལ་གྱི་སྣང་བརྙན་གསར་སྐྲུན་དང་ཆགས་སྡང་གི་སེམས་བྱུང་སྣ་ཚོགས་དང་། སྤྱི་ཚོགས་འཚོ་བ་དང་མི་ཚེའི་རིན་ཐང་སོགས་དང་འབྲེལ་བའི་རྩོམ་པ་པོའི་མཛེས་རྟོག་གི་འདུ་ཤེས་མངོན་པར་མཚོན་པའི་ངག་གི་རྣམ་པར་རིག་བྱེད་དུ་སྦྱར་བའི་སྐད་ཆའི་སྒྱུ་རྩལ་ཏེ་ཡིན། ཞེས་བཀོད་ཡོད། ②ལྷག་པ་ཆོས་འཕེལ་གྱི《རྩོམ་རིག་གི་རྩོམ་ལུས་རྣམ་བཞག》ལས་རྩོམ་རིག་ནི་སྟེང་གི་བཀོད་པའི་ཁྱབ་ཁོངས་སུ་གཏོགས་པའི་འདུ་ཤེས་འཛིན་སྟངས་དམིགས་གསལ་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་རྩོམ་པ་པོའི་ཡིད་ལ་འཆར་བའི་ཐོན་དངོས་ཡིན་ཞིང་། སྤྱི་ཚོགས་ཀྱི་འཚོ་བ་དངོས་ནས་བྱུང་ཞིང་འཚོ་བ་དངོས་ཏེ་དང་རྩོམ་པ་པའི་བསམ་པའི་འགྱུར་བ་ཅི་རིགས་གཟུགས་བརྙན་བཞིན་མཚོན་པར་བྱེད་པའི་མཛེས་དཔྱོད་ཀྱི་གསར་རྩོམ་ཞིག་གམ་རིག་རྩལ་གྱི་རྣམ་པ་ཞིག་ཡིན་ཞེས་པ། ③ད་དུང《རྩོམ་རིག་རྣམ་བཤད》ཅེས་པའི་ཤོག་ངོས་༥༥བར་རྩོམ་རིག་ཅེས་པ་ནི་གསར་དུ་བྱུང་ཞིང་རྗེས་སུ་གྲུབ་པའི་མིང་ཞིག་ཡིན་ལ། དེ་ནི་འབྲི་རྩོམ་ཀློག་གི་བྱ་བ་དང་ལས་གང་ཡང་རུང་བ་སྒྲུབ་པ་ལ་རྩོམ་པ་ཞེས་བརྗོད་པའི་བྱ་ཚིག་ད་ལྟ་བ་དེ་མིང་དུ་གྲུབ་ཅིང་རྗེས་སུ་བརྩམས་ཆོས་སྤྱི་ལ་རྩོམ་ཞེས་བཏགས། རིག་ཅེས་པ་ནི་བློ་སྟེ་ཤེས་ཡུལ་འཆར་བ་དང་སྣང་བ་དེ་ཡུལ་དེ་རིག་པའི་དོན་ཡིན་ལ་རིག་པར་བྱ་བ་ཞེས་པ་ཤེས་པར་བྱ་བ་ལ་གོ་ཞེས་གསུངས་ཡོད། དེ་བཞིན་རྩོམ་རིག་ནི་མཛེས་དཔྱོད་ཀྱི་སྒྱུ་རྩལ་ཞིག(文学)དང་ཤེས་རིག་ཅིག བརྗོད་སྲོལ་ཞིག་བཅས་ཀྱི་གོ་དོན་འཇོག་ཚུལ་སྣ་ཚོགས་སུ་མཆིས་ཀྱང་བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤད་འོ་མའི་མར་ལོ། ཚིག་བརྒྱ་མདོར་དྲིལ་ན་རྒན་གོ་ཤུལ་གྲགས་པ་འབྱུང་གནས་ཀྱི་གསུངས་པ་ལྟར་རྩོམ་རིག་ཅེས་པ་ལས་རྩོམ་རིག་ལྟར་བཀོད་ན་དོན་བླ་ལྷག་ཏུ་གསལ་བར་ནུས་ཞིང་བརྗོད་བྱའང་ཤུགས་ཆེར་གཏོང་ཐུབ་པའི་ནུས་པ་ལྡན་པར་འདོད། ཡོངས་གྲགས་ལ་མཛེས་པའི་ངག་སྦྱོར་ཞིག་དང་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། བློ་དང་ཤེས་བའི་ཡུལ་དུ་གྱུར་བ་གང་ཞིག་དབྱངས་ཀྱི་འདེགས་འཇོག་གསལ་ཞིང་གཅིག་བསྡུས་ཀྱི་སྒོ་ནས་ཕ་རོལ་གྱི་གང་ཟག་གང་ལ་གོ་བར་བྱེད་པའམ་མཚོན་པར་བྱེད་པའི་ངག་དང་ཡི་གེའི་སྒྱུ་རྩལ་གྱི་རྣམ་བཞག་ཅིག་ལ་ཟེར།གསུམ། རྩོམ་རིག་གྱི་རིགས་དབྱེའི་གཤིབ་བསྡུར།
ད་ལྟའི་ལུགས་གསར་གྱིས་རྩོམ་རིག་བསྟན་བཅོས་ཀྱི་ལུས་སྤྱི་ལ་རིགས་ལྔར་དབྱེ་དེ། རྩོམ་རིག་བསྟན་བཅོས་ཀྱི་མི་སྣའི་སྣང་བརྙན་སྐྲུན་སྟངས་དང་ངག་གི་སྦྱོར་སྟངས། ལུས་ཀྱི་སྒྲིག་གཞིའི་བཀོད་པ་དང་། མཚོན་བྱེད་ཐབས་དང་རྩལ་གྱི་རྣམ་པ་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྩོམ་རིག་བསྟན་བཅོས་ཡོངས་ལ་སྙན་རྩོམ་དང་། སྒྲུང་རྩོམ། ལྷུག་རྩོམ། ཟློས་གར་འཁྲབ་གཞུང་། གློག་བརྙན་འཁྲབ་གཞུང་བཅས་རིགས་ལྔར་དབྱེའོ༎ རིགས་འདི་ནི་བོད་ལ་དར་འཕྱི་ཞིང་། རྒྱ་ལྟ་བུར་མཚོན་ན་ལྔ་བཞིའི་ལས་འགུལ་ནས་ལུགས་འདི་རིམ་བཞིན་དར་ཡོད། རྒྱའི་གནའ་ལུགས་སུ་རྩོམ་རིག་བསྟན་བཅོས་ལ་རིགས་ཆེན་པོ་གཉིས་སུ་དབྱེ་སྟེ། སྒྲ་སྦྱོར་གྱི་རྩོམ་ལུས་དང་སྒྲ་སྦྱོར་གྱི་རྣམ་གཞག་མེད་པའི་ཀུན་ལྷུག་རྩོམ་དུ་དབྱེའོ༎ དེ་བཞིན་དུ་ཟློས་གར་ཡང་ལྷུག་མར་དབྱེ་ཡོད་ལ་དོན་དངོས་སུ་ཟློས་གར་སྒྲ་སྦྱོར་དང་ལྷུག་མ་གཉིས་ལས་གྲུབ་པར་གསལ། གནའ་བོའི་ཕྱི་གླིང་བའི་ལུགས་ལ་དོན་གྱི་བྱུང་བ་བརྗོད་པ་དདང་། ཡིད་འགྱུར་མཚོན་པ། ཟློས་གར་བཅས་གསུམ་དུ་དབྱེ་བ། དབྱེ་སྟངས་དེ་དག་ལ་དཔྱད་ན་རྒྱ་བོད་གཉིས་ཀྱི་ལུགས་ལ་གཙོ་བོ་ཚིགས་སུ་བཅད་མ་བཅད་དང་། སྒྲ་སྦྱོར་གྱི་རྣམ་གཞག་ལ་གཞིགས་ནས་དབྱེ་བ་དང་དེའི་རྣམ་པ་གཙོ་བོར་བཟུང་ཡོད་པར་གསལ། ཕྱི་གླིང་གི་ལུགས་ཀྱིས་བརྗོད་བྱའི་དོན་གྱི་བརྗོད་སྟངས་ཀྱི་རྣམ་པའི་ཁྱད་པར་ལ་གཞིགས་ནས་རིགས་སུ་དབྱེ་བར་གསལ།
འདི་ལྟར་རིགས་གསུམ་དང་བཞི། ལྔ་སྣ་ཚོགས་སུ་སྣང་མོད་། དེ་དག་ནི་མི་རིགས་རང་རང་གི་སྲོལ་རྒྱུན་གྱི་དངོས་ཡོད་རྩོམ་གཤིས་དང་རྩོམ་རིག་གྱི་ཁྱད་ཆོས་དག་ལས་བྱུང་བ་ཡིན་པས། བོད་རང་དུ་ལུགས་གང་ཞིག་ཇི་བཞིན་དུ་དཔར་བ་ནི་ར་མགོ་ལུག་སྦྱར་དང་ཞྭ་དཔེ་ལྷམ་འགེབས་གྱི་གཤིས་སུ་གྲུབ་པ།
ས་པཎ་གྱིས། བློ་གྲོས་མེད་པའི་ལས་ཀ་དེ། ། ལག་རྡུམ་བྲག་ལ་འཛེག་དང་མཚུངས། ། ཞེས་པ་ལས་ཅི། 《བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས》(དེབ་གསུམ་པའི) བཀྲ་ཤིས་ཕུན་ཚོགས་ཀྱི《བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གྲངས་ལ་ཆེ་ལོང་ཙམ་དཔྱད་པ》(ཤོག་ངོས་༡༨༠)ལས། རྩོམ་རིག་ཞིབ་འཇུག་སྐབས་སུ་དོ་སྣང་བྱ་དགོས་པའི་རྩ་དོན་གཉིས་ཡིད་དེ། གཅིག བོད་ཀྱི་རྩོམ་རིག་གྱི་དོན་དངོས་གཞིར་འཛིན་པ། གཉིས་ནས་མི་རིགས་ཀྱི་ཐུན་མིན་སྒྱུ་རྩོམ་མཚོན་ཐབས་ལ་བརྩི་འཇོག་བྱེད་དགོས། ཞེས་པ་བཞིན་མི་རིགས་ཀྱི་གནས་ཚུལ་དངོས་ལ་འཚོལ་ཞིབ་དང་དོན་སྣང་བྱ་རྒྱུ་ནི་རྩོམ་རིག་གྱི་མི་རིགས་ཀྱི་ཁྱད་ཆོས་མངོན་པའི་འབྱུང་ཁུངས་དངོས་ཡིན་པས། གོང་གསལ་གྱི་རིགས་དབྱེ་དག་བོད་ཀྱི་རྩོམ་རིག་རིགས་དབྱེ་བའི་ཚབ་བྱེད་མི་ནུས་སོ། ། བོད་ཀྱི་གདོད་མའི་རྩོམ་རིག་ནས་དེང་དུས་ཀྱི་རྩོམ་རིག་གནས་བབ་ལ་རྟགས་པ་རྨང་གཞི་བྱས་ཏེ་ནུབ་ཕྱོགས་དང་རྒྱ་ནག་གི་རྩོམ་རིག་རིགས་ཀྱི་སྐོར་ལ་ཞིབ་གསལ་དག་གསུམ་གྱིས་སྣོད་དུ་ལྡུག་པར་བྱས་ན་མི་རིགས་ཀྱི་ཁྱད་ཆོས་མངོན་ཐུབ་པར་བསམ།
རྩོམ་རིག་གྱི་ལུས་ལ་ཡང་སྙན་ངག་མེ་ལོང་གི་ལུགས་ལྟར་ཚིག་བཅད་ལྷུག་སྤེལ་གསུམ་ཁོ་ནར་དགར་བ་དང་ཡང་ན་དངོས་ནས《རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང》ཞེས་པའི(ཤོག་ངོས༥པར) ད་ལྟའི་རྩོམ་རིག་དངོས་ལ་ལུས་རྣམ་མང་པོ་ཡོད་པ་དེ་ཐབས་ཤེས་ག་འདྲ་ཞིག་བཙལ་ཡང་ཚིག་བཅད་ལྷུག་སྤེལ་མ་གསུམ་གྱིས་ཐག་གཅོད་བྱེད་མི་ཐུབ་པ་དང་མི་འོས་པ་ཞིག་ཡིན་ལ། ཚིག་བཅད་ལྷུག་སྤེལ་མ་གསུམ་གྱི་ལྟོ་བ་ཇི་ལྟར་ཆེ་རུང་རྩོམ་རིག་ལུས་རྣམ་བཅུ་ཕྲག་འགའ་ཙམ་ཤོང་ཐབས་མེད་ཅིང་། དེའི་ཕྱིར་ཚིག་གི་ལུས་དང་དོན་གྱི་ལུས་གཉིས་བཀར་ནས་བོད་ཀྱི་རྩོམ་ལུས་ཞིབ་འཇུག་འདིས་གཏན་འབེབས་བྱེད་དགོས་པས། གསུངས་པ་ལྟར། དེ་ལ་བརྗོད་བྱའི་དོན་གྱི་རྣམ་བའི་རང་བཞིན་གྱི་སྟེང་ནས་དབྱེ་བ་དང་རྗོད་བྱེད་ཚིག་གི་རྣམ་པའི་སྟེང་ནས་དབྱེ་བ་གཉིས། དང་པོ། དོན་གྱི་སྒོ་ནས་དབྱེ་ན་རིགས་གསུམ་སྟེ། (༡)ཡིད་འགྱུར་མཚོན་པའི་རྩོམ་རིག་དང་། (༢)དོན་བརྗོད་མཚོན་པའི་རྩོམ་རིག། (༣)སློབ་གསོའི་རྩོམ་རིག་བཅས། གཉིས་པ། ཚིག་གི་རྣམ་པ་ལྟར་དབྱེ་ན་རིགས་གསུམ། (༡)ཚིགས་བཅད། (༢)ཚིག་ལྷུག(༣)བཅད་ལྷུག་སྤེལ་མ་བཅས་ཀྱི་ཁྱད་པར་ལ་བོད་ཀྱི་ལོ་རྒྱུས་སུ་གྲགས་ཆེ་བརྩམས་ཆོས་དག་འགོད་པར་བྱས་ན་གཤམ་གསལ་ལྟར།
དོན་གྱི་སྒོ་ནས་དབྱེ་ན་རིགས་གསུམ།
དང་པོ། ཡིད་འགྱུར་མཚོན་པའི་རྩོམ་རིག་དང་། ①སྙན་ངག་གི་རྩོམ་རིག། སློབ་དཔོན་དཔའ་བོའི《སྐྱེས་རབས་སོ་བཞི》སྒོ་བཞི་མཛོད་ལྔའི་ཡང་བཅུད་ལས་བོན་གྱི《སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག》②མགུར་མ། ③གླུ 《སྲིད་པ་ཆགས་གླུ》《སྲིད་པའི་བ་ཆུང་བཤས་གླུ》④ལྡེའུ། ⑤གདུང་དབྱངས། ⑥གསོལ་འདེབས། ⑦བསྟོད་ཚོགས། མཐོ་བཙུན་གྲུབ་རྗེའི《ཁྱད་པར་འཕགས་བསྟོད》བདེ་བྱེད་བདག་པོའི《ལྷ་ལས་ཕུལ་བྱུང་གི་བསྟོད་པ》 ⑧གཏམ་དཔེ། ⑨འབྲས་དཀར། ⑩ཁ་ཤགས། ⑾བཤད་པ།
གཉིས་པ། དོན་གྱི་བྱུང་བ་བརྗོད་པའི་རྩོམ་རིག། ①ལོ་རྒྱུས་རྩོམ་རིག།་སྒམ་པོའི《མ་ཎི་བཀའ་འབུམ》ཉང་རལ་ཉི་མ་འོད་ཟེར་གྱི་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད》སྤ་བསྟན་རྒྱལ་བཟང་པོའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་གསུངས་པའི《མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཐོས་གྲོལ་ཆེན་མོ》ཅོ་ནང་ཏཱར་ན་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》སྦ་གསལ་སྣང་གི《སྦ་བཞེད》འགོས་ལོ་གཞོན་ནུ་དཔལ་གྱི《དེབ་ཐེར་སྔོན་པོ》ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་མཛད་པའི《རླངས་ཀྱི་པོ་ཏི་བསེ་རུ》རྒྱལ་དབང་ལྔ་བའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 དགེ་ཆོས་ཀྱི《དེབ་དཀར》སོགས་དང་རྡོ་རིང་གི་རྩོམ་རིག《ཞོལ་རྡོ་རིང》《》དང་བྲག་རྐོས་ཡི་གེ་ལྟ་བུ། ②རྣམ་ཐར་རྩོམ་རིག། བོད་ཀྱི་རྣམ་ཐར་ཆེ་བརྒྱད། རང་རྣམ་ལ《ཞབས་དཀར་བའི་རྣམ་ཐར》 གཞན་རྣམ་ལ《མར་བའི་རྣམ་ཐར》མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཀོད་ནས་གཏེར་དུ་སྦས་པ་དང་ཉིང་རལ་ཉི་མ་འོད་ཟེར་གྱིས་གཏེར་ནས་བཏོན་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཕྲེང་བ《སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་ཟངས་གླིང་མ》གསང་རྣམ་ལ《རྗེ་ཙོང་ཁ་པའི་གསང་རྣམ》ལྟ་བུ། ③རྟོགས་བརྗོད་རྩོམ་རིག། 《མི་དབང་རྟོགས་བརྗོད》④གདུང་རབས་རྩོམ་རིག། ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》ལྟ་བུ། ⑤གདན་རབས་རྩོམ་རིག། དབལ་ནང་པཎ་ཊི་ང་དཀོན་མཆོག་རྒྱལ་མཚན《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》⑥བརྩམས་སྒྲུང་། རོ་ལངས་གསེར་སྒྲུང་། མ་སངས་གི་སྒྲུང་། མཆིལ་བའི་སྒྲུང་། 《གླིང་གེ་སར་རྒྱལ་པོའི་སྒྲུང》⑦ཟློས་གར་རྩོམ་རིག། ⑧སྐྱེས་རབས། ཞུ་ཆེན་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་བསྒྱུར་བའི《མཛངས་བླུན་ཞེས་བྱ་བའི་མདོ》《འཕགས་པ་ནོར་བུ་དོན་གྲུབ་ཀྱི་མདོ》《རྒྱལ་པོ་ནོར་བཟང་གི་སྐྱེས་རབས》ཟློས་གར་འཁྲབ་གཞུང་།
གསུམ་པ། སློབ་གསོའི་རྩོམ་རིག། སྤྱིར་སློབ་གསོ་ཞེས་པ་ནི་སློབ་དང་གསོ་གཉིས་ལས་གཅིག་འདུས་ཀྱི་བདག་གཞི་ཞིག་ཡིན་ལ། དེ་ནི་ས་པཎ་གྱིས་གཙང་མཁས་གཞན་ལ་ཕན་པར་འདོད། བློ་གསལ་ཤེས་འདོད་བླ་མར་གུས། ཞེས་པ་བཞིན་སློབ་ནི་གཙོ་ཆེར་གདུལ་བྱའི་ཐོག་མའི་ཤེས་འདོད་ཀྱི་ཀུན་སློང་དང་བཤེས་གཉེན་ལ་གུས་པས་འཇུག་ཚུལ་དེ་ལ་གོ་ཞིང་། གསོ་ནི་མ་གུས་མ་རིག་པའི་དྲི་མས་ཡོངས་སུ་དག་ཅིང་ཉོན་མོངས་བག་ཆགས་ཐམས་བཅད་སེལ་བར་བྱེད་པའི་དགེ་རྩ་གསོ་བར་མཛད་པའི་ལས་ཅི་ཉིད་ལ་འཇུག ཕ་མ་ནི་འཇིག་རྟེན་གྱི་དགེ་རྒན་ཐོག་མ་དང་དགེ་རྒན་ནི་མི་ཚེ་ཡི་ཕ་མ་གཉིས་པ་དེ་ཡིན་ཟེར་བ་བཞིན། སློབ་གསོ་ནི་ཐོག་མའི་སྤྲ་མི་ནས་མིར་འགྱུར་རྗེས་ཀྱི་མི་རབས་གཉིས་པ་ནས་གསུམ་པའི་བར་བྱུང་ཡོད་པར་འདོད་ལ། རྒྱུ་མཚན་ནི་མིར་འགྱུར་ཟིན་པ་ནས་བཟུང་ངལ་རྩོལ་ལ་བརྟེན་ནས་འཇིག་རྟེན་ལ་སྒྱུར་བཀོད་དང་བྱ་དངོས་གང་མང་ཞིག་ལ་བག་ཆགས་དང་རྒྱུས་མངའ་ཡོད་པར་གྱུར་བས། རང་ཉིད་ཀྱི་བུ་ཕྲུག་ལ་ལེགས་ཉེས་སམ་དགེ་སྡུག དུག་དང་སྨན་གྱི་དབྱེ་བ་ཅུང་འབྱེད་པའི་བློ་ཡིས་བྱ་བྱེད་འགྲོ་འདུག་སོགས་ཀྱི་སློབ་སྟོན་བྱས་པ་དེ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོའི་མྱུ་གུ་འབུས་པ་ཡིན། དེ་ནས་རིམ་བཞིན་ངལ་རྩོལ་འཕེལ་རྒྱས་བྱུང་བ་དང་མིའི་རིགས་ཀྱི་སེམས་པའི་གོ་རྟོགས་ཀྱང་ཆེ་ཆེར་འཕེལ་བས་སྐད་དང་ཡི་གེ་བྱུང་ཡི་ལམ་ནས་རིགས་རྒྱུད་དང་འཁོར་ཚོགས་ལ་བསླབ་བྱ་དང་ཁ་ཏ་བྱས་པ་ཡིན། དེ་བས་སློབ་གསོ་ནི་སྔ་མོ་ནས་བྱུང་བར་འདོད་ཅིང་། དེའི་མི་རྣམས་ཆོས་དང་འཇིག་རྟེན་གྱི་གནས་ལུགས་གསལ་རྟོགས་དང་ལེགས་ཉེས་དབྱེ་འབྱེད། དགེ་སྡུག་སོགས་ཀྱི་གཤིས་སྤྱོད་གང་ལ་བླང་དོར་ཀྱི་གནད་འདོན་པར་བྱས་ནུས་པ་བླ་ལྷག་ཏུ་ཐོན་ཡོད། དེ་བས་རྩོམ་རིག་ལ་འང་སྨོས་ཅི་སྒོས། དཔེར་ན། བསླབ་བྱ་དང་ལེགས་བཤད། སྤྲིངས་ཡིག འབེལ་གཏམ་སོགས་ཀྱང་སློབ་གསོའི་དོན་དུ་སྣང་བས་དེ་ཁུངས་སུ་འདུ་བར་བྱས་ན་རྗེས་འཇུག་གི་ཤེས་ལྡན་པར་ཡང་བློ་ལ་འཛིན་བདེ་ཞིང་ཡིད་ལ་འཆར་སླ་བའི་ནུས་པ་ཞིག་ལྡན་པར་འདོད་པས། ཁོ་བོས་སློབ་གསོའི་རྩོམ་རིག་ཞེས་དགར་བ་ལགས།
①སྤྲིངས་ཡིག་རྩོམ་རིག། ས་པཎ་གྱི《སྐྱེས་བུ་དམ་པ་རྣམས་ལ་སྤྲིང་ཡིག》འགྲོ་མགོན་འཕགས་པའི《རྒྱལ་བོ་མོ་ནོ་གན་ལ་སྤྲིངས་ཡིག》②ལེགས་བཤད་རྩོམ་རིག། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི《ཤེས་རབ་བརྒྱ་བ》《ཤེས་རབ་སྡོང་བུ》དང《སྐྱེ་བོ་གསོ་ཐིགས》སློབ་དཔོན་ཉི་མ་སྦས་སོགས་ཀྱི《ཚིགས་སུ་བཅད་པའི་མཛོད》《ཚིགས་སུ་བཅད་པ་བརྒྱ་བ》《ལུགས་ཀྱི་བསྟན་བཅོས》《དྲི་མ་མེད་ཀྱི་དྲིས་ལན་རིན་པོ་ཆེའི་ཕྲེང་བ》ས་པཎ《ས་སྐྱ་ལེགས་བཤད》《དགེ་ལྡན་ལེགས་བཤད》③བསླབ་བྱའི་རྩོམ་རིག། 《བཤེས་པའི་སྤྲིངས་ཡིག》《སློབ་སྤྲིངས》སྲོང་བཙན་སྒམ་པོའི《བོད་ཁམས་སྤྱི་ལ་གདམས་པ》ཞང་སྟོན་གྱི《བསླབ་བྱ་ནོར་བུའི་ཕྲེང་བ》གུང་ཐང་བསྟན་པའི་སྒྲོན་མེའི《སློབ་གཉེར་བསླབ་བྱ》འབེལ་གཏམ་རྩོམ་རིག། གུང་ཐང་བསྟན་པའི་སྒྲོན་མེའི《ཉམས་མྱོང་རྒན་པོའི་འབེལ་གཏམ》 སོགས་ཚིག་གི་རྣམ་པ་ལྟར་དབྱེ་བ་ནི་དཔྱད་རྩོམ་འདིའི་བརྗོད་གཞི་གཙོ་བོར་མ་ངེས་ལ། ད་ལྟ་ཕལ་ཆེར་སྤྱི་མཐུན་ཏུ་གྲུབ་ཡོད་པས་འདིར་ཚིག་ཉོག་གང་མང་ཞིག་གིས་མང་དུ་མི་སྒྲུབ་པར་འདི་ཙམ་གྱིས་ཆོག་པར་བྱ་བྱའོ། །
དཔྱད་གཞིའི་ཡིག་ཆ།
༡. གཙོ་སྒྲིག་པ། ལྷག་པ་ཚེ་རིང་།《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་ཀྱི་རིག་གཞུང་བཅར་འདྲིའི་ཟིན་ཐོ་ཕྱོགས་སྒྲིག》「M」མི་རིགས་དཔེ་སྐྲིན་ཁང་། (ཤོག་ངོས་༥༦༢)སྟོང་སྐོར་ཚེ་རིང་ཐར་གྱི《བོད་སྔ་རབས་ཀྱི་ལོ་རྒྱུས་བསྐྱར་འབྲི་བའི་དུས་ཚོད་ལ་སླེབས་འདུག》「J」
༢.ཚེ་རིང་ནོར་བུས་བརྩམས་པའི《ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》མི་རིགས་དཔེ་སྐྲུན་ཁང་། (ཤོག་ངོས་༢༠༤དང་ཤོག་ངོས་༡༧༧)
༣.ཉིང་རལ་ཉི་འོད་ཟེར་གྱིས་བརྩམས་པའི《ཉིང་ཆོས་འབྱུང》ངམ《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིས་བཅུད》「M」བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་།(ཤོག་ངོས་༡༥༢བར)
༤.སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི《བཻ་དཀར་གཡའ་སེལ》「M」 (ཤོག་ངོས་༢༧༩)
༥.ལོ་ཆེན་བཻ་རོ་ཙ་ནས་བརྩམས་པའི《རྣམ་ཐར་འདྲ་འབག་ཆེན་མོ》「M」
༦.དགེ་བཤེས་ཤེས་རབ་རྒྱ་མཚོའི《ཞང་ཞུང་ཡི་གེའི་བྱུང་རིམ་ལ་དཔྱད་པའི་བསམ་བློའི་རྨང་གཞི》མཚོ་སྔོན་པོའི་དྲ་བ།
༧.《དགེ་ཆོས་འདུན་ཆོས་འཕེལ་གྱི་གསུང་རྩོམ》「M」དེབ་གསུམ་པ(གངས་ཅན་རིག་མཛོད་དེབ་༡༠)དེ《གཏམ་རྒྱུད་གསེར་གྱི་ཐང་མ》「M」(ཤ་༢༢༦ནས་ཤ ༢༢༩ ཤ༢༣༣ནས་ཤ་༢༣༤བར)
༨.ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི《བོད་ཀྱི་སྙན་ངག་བྱུང་ཚུལ་དང་དཔེར་བརྗོད》「M」མི་རིགས་དཔེ་སྐྲུན་ཁང་། (ཤོག་ངོས་ ༡༡)ལས།
༩.གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བརྩམས་པའི《རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང》「M」མི་རིགས་དཔེ་སྐྲུན་ཁང་།(ཤོག་ངོས་༢ནས་༣པ། ཤ ༥པར)
༡༠.《མཚོ་སྔོན་སློབ་གསོ》ཡི༡༩༨༦ལོའི་དུས་དེབ་དང་པོའི(ཤོག་ངོས་༡༩)དོར་ཞི་གདོང་དྲུག་སྙེམས་བློ།《རྩོམ་རིག་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ》「J」
༡༡.རྡོ་རྗེ་རིན་ཆེན་གྱིས་བརྩམས་པའི《རྩོམ་རིག་གཞུང་ལུགས་གནད་བསྡུས》「M」མི་རིགས་དཔེ་སྐྲུན་ཁང་།(ཤོག་ངོས༡༣)
༡༢.བུ་བཞུ་སོགས་ཀྱིས་བརྩམ་བསྒྲིགས་བྱས་པའི《རྩོམ་རིག་རྣམ་བཤད》「M」ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་༥༥བར། ཤ ༢༡༦ ཤ ༧༢)
༡༣.འཇུ་མི་ཕམ་གྱིས་བརྩམས་པའི་སྙན་ངག་མེ་ལོང་གི་འགྲེལ་བ《དབྱངས་ཅན་དགྱེས་པའི་རོལ་མཚོ》「M」(ཤོག་ངོས་༡༦)
༡༤.དུང་དཀར་བློ་བཟང་འཕྲིན་གྱིས་བརྩམས་པའི《སྙན་ངག་ལ་འཇུལ་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》「M」མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།(ཤོག་ངོས་༢༦)
༡༥.ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》「M」མི་རིགས་དཔེ་སྐྲུན་ཁང་། (ཤོག་ངོས་༡༥༩ནས ༡༦༠བར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com