དཔལ་ལྡན་རྒྱུད་ཀྱི་སེ་དུག་དང་འགོས་ནད་རེག་དུག་གཉིས་ནད་གཞི་ཁ་ཁ་ཡིན་པའི་སྐོར་ལ་ཐོག་མར་དཔྱད་པ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-14 09:22:00 ཀློག་གྲངས།:

དང་པོ། བསེ་དུག་དང་རེག་དུག(梅毒)གཉིས་ཀྱི་རྒྱུ་མི་འདྲ་བའི་སྐོར།

གཅིག སེ་ཤིང་གི་རྒྱུ་བཤད་པ།
     རང་བཞིན་དུག་ལ་རྒྱུ་དང་མི་རྒྱུ་གཉིས།། མི་རྒྱུ་བོང་ང་བཙན་དུག་སྤྱང་དུག་དང་།། ར་དུག་སེ་ཤིང་ཐང་ཕྲོམ་རྟ་སྤུ་སོགས།། ཞེས་སེ་ཤིང་གི་དུག་བསེ་དུག་འདི་ནི་ངོ་བོ་དུག་འབའ་ཞིག་ཡིན་པའི་སྟབས་ཀྱིས་དཔལ་ལྡན་རྒྱུད་བཞི་རུ་ཡང་དུག་ནད་ཀྱི་ཁོངས་སུ་བཞག་པ་མ་ཟད། ད་དུང་དུག་ལ་རྒྱུ་བ་ཁྱི་སྨྱོན་གྱི་དུག་དང་སྦྲུལ་དུག་སོགས་དང་། མི་རྒྱུ་བ་བོང་ང་བཙན་དུག་སོགས་དུག་རིགས་ངོ་བོ་མི་འདྲ་བ་གཉིས་མཆིས་པ་ལས་ཀྱང་མི་རྒྱུ་བའི་དུག་གི་གྲས་སུ་བཀོད་པ་རེད། གཞན་ཡང་འཕེལ་འགྲིབ་ནད་ཀྱི་པགས་ནད་ཀྱི་སྐབས་སུ། པགས་པའི་ནད་ལ་ཤ་བཀྲ་བས་ལྡགས་དང་།། གཡན་པ་གླང་ཤུ་ཟ་ཀོང་ཤུ་བ་དང་།། རེག་པའི་དུག་དང་མཛེར་བ་ངོ་ཁབ་དང་།། ཞེས།རེག་དུག་ཅེས་པའི་བསེ་དུག་འདིས་ཕྱིའི་པགས་པའི་ཆ་ལ་རྨ་འབྲུམ་འབྱུང་བར་བྱེད་པས་ན་པགས་ནད་ཀྱི་ཁོངས་སུ་བསྡུས་པ་དང་། བསེ་དུག་གི་ནད་རྟགས་སུ་པགས་འབྲུམ་འབྱུང་བ་ནི།འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས།དབྱར་དུས་པགས་པ་བཅད་ན་རྨ་ཁ་ནས་དྲི་ངད་ཆེ་བའི་ཚི་བ་འཛག་པ་དེ་དུག་ཆེ་བས་ལུས་ལ་རེག་པའམ་འགོས་ན(མི་འགའ་ཞིག་ལ་དུག་འབྱུང་མི་ཐུབ་པའང་ཡོད)ཆུ་བར་རྡོལ་བ་དང་། རྨ་འབྱུང་བ། སྐྲངས་པ་སོགས་གང་སར་མཆེད་པའི་བསེ་མོག་གམ་རེག་དུག་གི་ནད་འབྱུང་བ་ཞིག་གོ། ཞེས་གསལ་པོར་བསྟན་པ་བཞིན་ནོ།། དེ་ནི་དོན་དུ་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས།རང་ལྗོངས་ཀྱི་རྫ་ཡུལ་སོགས་ལའང་ཡོད་པའི་བསེ་ཤིང་སྟེ།  སྐྱེ་ཚུལ་ཤིང་སྡོང་ཆེན་པོ་མཐོ་ཚད་སྨི༢༠ཙམ་ཟིན་པ། ཡལ་ག་སྦོམ་ལ་རྒྱས་པ།ཤུན་པ་སྐྱ་བོ་གཞོན་དུས་གས་སུལ་དང་བཅས་རྩུབ་པོར་འགྱུར་བ།  ཡལ་ཕྲན་གསར་བར་སྤུ་འཇམ་ཡོད་པ།  དེ་རིམ་བཞིན་མེད་པར་འགྱུར་བ།ལོ་ལྡེབ་སྒོར་ནར་མདའ་སྒྲོ་འདྲ་བ༩-༡༥ཙམ་ཁ་སྤྲོད་ཅུང་ཟད་རེས་མོས་བྱས་ནས་སྐྱེ་བའི་ལོ་རྐང་རིང་མོ་སྐྱེ་བ། ཟླ༥-༦པར་མེ་ཏོག་ལྗང་སེར་འདབ་ལྔ་ཞིབ་མོ་སྤུངས་པའི་སྙེ་མ་འཆར་ཞིང་འབྲས་བུ་སྲ་མཁྲེགས་ཞིབ་ཆུང་སྒོར་ལེབ་ཁ་དོག་སེར་པོ་ཅན་འདོགས་པ། ཟླ༡༡པར་སྨིན་པ། དབྱར་དུས་པགས་པ་བཅད་ན་རྨ་ཁ་ནས་དྲི་ངད་ཆེ་བའི་ཚི་བ་འཛག་བས་དེ་དུག་ཆེ་བས་ལུས་ལ་རེག་པའམ་འགོས་ན(མི་འགའ་ཞིག་ལ་དུག་འབྱུང་མི་ཐུབ་པའང་ཡོད)ཆུ་བར་རྡོལ་བ་དང་། རྨ་འབྱུང་བ། སྐྲངས་པ་སོགས་གང་སར་མཆེད་པའི་བསེ་མོག་གམ་རེག་དུག་གི་ནད་འབྱུང་བ་ཞིག་གོ།ཞེས་པ་དང་། སྨན་ཐང་རྒྱས་འགྲེལ་ལས་ཀྱང་། བསེ་ཤིང་ལ་རིགས་དཀར་ནག་གཉིས་ཡོད་པ་དང་། སྡོང་བོ་ཅུང་ཆེ་ཞིང་ལོ་མ་ཆེན་པོ་མཐུག་ལ་འཇམ་པ་དབྱིབས་སྒོར་ནར་རམ་སྒོང་གཟུགས་ཅན་སྟོད་ཆེ་ཞིང་སྨད་ཆུང་བ་རླུང་གཡབ་དང་འདྲ་ཞིང་། མེ་ཏོག་དམར་པོ་འདབ་མ་ལྔ་ལྡན་མང་དུ་འཆར་བ། ཡལ་རྗེས་འབྲས་བུ་ནག་པོ་ཕྱི་སྐོགས་སྐྱེ་མཚམས་རྐྱལ་བའི་ཁ་ལྟར་འདུས་ཡོད་པ་ཞིག་ཡིན། དུག་དང་ལྡན་པས་གང་ལ་རེག་ན་སྐྲངས་ཤིང་ན་ཟུག་ཆེ་ལ་ཧྲིལ་ཧྲིལ་དུ་ན་བ་ཡིན། ཞེས་པ་ལྟར་ལགས་སོ།།
གཉིས། དེང་དུས་ཀྱི་རེག་དུག(梅毒)གི་རྒྱུ་བཤད་པ།
     དེང་དུས་རེག་དུག(梅毒)ཅེས་པ་འདི་རྒྱུ་ཅི་ལས་བསྐྱེད་ཚུལ་གླེང་བར་བྱ་སྟེ།རྒྱལ་ཡོངས་མཐོ་རིམ་སློབ་ཆེན་སློབ་དེབ།  པགས་པ་མཚན་ནད་རིག་པ《皮肤性病学》ལས། རེག་དུག“梅毒”“syphilis”ནི་རེག་དུག་དུང་འཁྱིལ་གཟུགས(Treponema  pallidum,TP)ཀྱིས་བསྐྱེད་པའི་དལ་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན། ཞེས་དེང་དུས་བཤད་ཀྱིན་པའི་རེག་དུག(梅毒)ནི་རེག་དུག་དུང་འཁྱིལ་གཟུགས་ཞེས་པ་དེས་རྒྱུ་བྱས་ནས་བསྐྱེད་ཚུལ་བསྟན་པ་དང་། ཡང་རྒྱལ་ཡོངས་འབྲིང་རིམ་བོད་ལུགས་གསོ་རིག་གི་ཚོད་ལྟའི་སློབ་དེབ་སྨན་རྫས་རྒྱུན་ཤེས《药物常识》ཞེས་པ་རུ།ཕེ་ནི་སི་ལེནG(青霉素G)ནི་རེག་དུག་དུང་འཁྱིལ་གཟུགས(梅毒螺旋体)སོགས་ལ་སྲིན་འགོག་གི་ནུས་པ་ཆེན་པོ་ལྡན(有强大的抗菌作用)།ཞེས་སྲིན་འཇོམས་པར་བྱེད་པའི་ནུབ་ལུགས་ཀྱི་སྨན་གྲགས་ཅན་ཕེ་ནེ་སི་ལེན(青霉素)རེག་དུག“梅毒”གི་གཉེན་པོ་མཆོག་གྱུར་ཅིག་ཡིན་ཚུལ་བསྟན། འབྲེལ་ཡོད་ཡིག་ཆ་གཞན་དུ་ཡང་། དུང་འཁྱིལ་གཟུགས་ཞེས་པའི་ཕྲ་སྲིན་འདིའི་རིགས་ལ་གཞན་ལ་མེད་པའི་རྩ་བ་གཅིག་ལ་བརྒྱུས་པའི་འཁུམ་འཁྱོག་ནང་ལྕག་སྤུས་གྲུབ་པའི་འཁོར་སྐུད་རིང་པོ་ཞིག་ཡོད་པ་དང་། དེ་ཡིས་སྲིན་གཟུགས་ཕུང་གྲུབ་ནང་ནས་སྐྱོད་པར་བྱེད་ཐུབ།(螺旋体这类细菌独有一根组贯穿全长的卷曲内鞭毛构成的轴丝,可以推动菌体在组织内游走。)ཅེས་ཀྱང་དུང་འཁྱིལ་གཟུགས་ཕྲ་སྲིན་ནམ་ནད་འབུ་ཕྲ་མོར་གཏོགས་པ་ཁ་གསལ་དུ་བསྟན་ཡོད་པ་རེད།
     བསེ་དུག་ཕོག་མ་ཐག་ནས་ན་ཟུག་ལམ་སང་ལྡང་པ་ཞིག་ཡིན་ཡང་། དེང་དུས་ཀྱི་རེག་དུག་དངོས་ནི་ཕོག་ནས་དུས་ཡུན་ཤིན་ཏུ་རིང་པོ་ཞིག་མ་འདས་ན་ནད་རྟགས་མི་ཚོར་བའི་ཆ་ནས་ཀྱང་དེ་གཉིས་ན་ཚ་སོ་སོ་བ་ཡིན་པ་རྟོགས་ཐུབ་པ་ཡིན།
     ཤིང་བཟའི་ཟིན་ཏིག་ཟིན་བྲིས་ལས། སྲིན་ནད་སྨན་བཏང་ཡང་མི་ཕན་པར་ཐར་བའི་རིགས་དེ་ལ་གནས་སྐབས་སུ་གཏོང་བཞིན་པའི་སྨན་དེ་ལས་ཀྱང་རྣོན་པོའི་སྨན་སྦྱོར་གཏོང་དགོས་ཏེ། དུ་བ་དང་དངུལ་ཆུ་ལྡན་པའི་སྦྱོར་བ་འཐེན་ནས་ལུས་ཟུངས་ཉམས་དམས་སུ་གཏོང་ཞིང་། ཟས་ཀྱང་སྐྱ་བོའི་རིགས་བསྟེན་པ་དང་། སྣུམ་རིགས་སྤང་བ་སྟེ། ཟས་སྨན་གཉིས་ཀྱི་སྒོ་ནས་བཅོས་པ་གནང་ན་ངེས་པར་དུ་དྲག་སྐྱེད་འབྱུང་ཐུབ། གལ་ཏེ་ཤ་སོགས་སྣུམ་རིགས་མ་སྤང་ན་སྲིན་འབུ་གསོད་མི་ཐུབ་པ་དང་། དར་མའི་རིགས་ཀྱི་སྲིན་འབུ་ལའང་གོང་གི་དེ་ལྟར་བཅོས་དགོས་ཤིང་། ཕན་སྐྱེད་ཀྱང་མངོན་གསལ་ཡིན།ཞེས་གསུངས་ཡོད་པ་དང་། འགྲོ་བའི་སྲོག་འཛིན་བདུད་རྩིའི་ཆར་རྒྱུན་ལས། རྒྱུ་ནི་འདོད་ལོག་སྤྱོད་པའི་འོག་ནས་ཟིན།། རེག་པས་ལུས་ཀྱི་སྲིན་འབུམ་དལ་དུ་འདུས།། (16)ཞེས་པ་དང་། ཡང་དེ་ཉིད་ལས། ཁྱད་པར་ལྷ་སྲིན་སྡེ་བརྒྱད་གཟའ་ཀླུ་གཉན།། འཁྲུགས་པའི་རྐྱེན་གྱིས་རེག་དུག་རྒྱུ་གྱུར་མང་།། སྦྱོང་དྲགས་དྭངས་ཟད་སྙིགས་མ་ཁྲག་ཏུ་འཛག། ཕོ་ཡི་འབྲས་བུ་གཉིས་དང་མཁལ་མ་གཉིས།།འགྲམས་འཁྲུགས་ཁྲག་དང་སྙིགས་མ་ལོག་དུག་གྱུར།། དེ་ཡིས་སྲིན་ཁྲོས་སྦྱོར་དུག་ཅེས་བྱ་བ།། ཞེས་དང་། ཡང་། སྲིན་འབུ་དུག་ཟིན་ལུས་པོ་ཀུན་ཏུ་རྒྱུ།། ཞེས་མཁས་དབང་བྱང་ཆུབ་རྡོ་རྗེ་ཚང་གིས་ཀྱང་མཚན་མའི་འགོས་ནད་རེག་དུག་ཅེས་པ་འདི་ནི་རྒྱུ་སྲིན་གྱིས་བསྐྱེད་པའི་ན་ཚ་ཞིག་ཡིན་པ་ངོས་འཛིན་གསལ་པོར་མཛད་འདུག་པ་དང་། འདི་ནི་དེང་དུས་ཀྱི་ན་ཚ་དང་ངོ་བོ་འཕྲོད་ཅིང་། ནུབ་ལུགས་ཀྱི་ངོས་འཛིན་དང་གཅིག་པ་གཅིག་རྐྱང་ཡིན་པ་རེད།

གཉིས་པ། རྒྱུད་ཀྱི་རེག་དུག་གམ་བསེ་དུག་དང་ཕྱིས་ཀྱི་འགོས་ནད་རེག་དུག(梅毒)ཅེས་པ་གཉིས་ཀྱི་གསོ་བཅོས་ཀྱི་གཉེན་པོ་མི་འདྲ་བའི་སྐོར།

གཅིག སེ་ཤིང་གི་གསོ་བཅོས།
     དེས་ན་རྒྱུད་ཀྱི་དུག་ནད་སྐབས་སུ། ར་ཤ་ར་ཁྲག་དྲི་ཆུས་སེ་ཤིང་འཇོམས།། ཞེས་པ་དང་། འཚོ་བ་ཟས་ཀྱི་སྐབས་སུ། ར་ཤ་ལྕི་བསིལ་ཉེས་པ་གསུམ་སློང་ཞིང་།། བསེ་དུག་འབྲུམ་ནག་མེས་འཚིག་རྨ་ལ་ཕན།། ཞེས་པ། སྦྱོར་བ་སྨན་གྱི་སྐབས་སུ། ར་ཡི་ཁྲག་གིས་རེག་དུག་འབྲུམ་ནག་སེལ།། ཞེས་པ་སོགས་ནི་མཐར་གཏུགས་ན་བསེ་དུག་ཅེས་ནའང་འདྲ།སེ་ཤིང་ཞེས་ན་ཡང་རེད། རེག་དུག་ཅེས་ནའང་རུང་། དེ་དག་དོན་གཅིག་ཡིན་པ་དང་དེ་ཡི་བཅོས་ཐབས་རེད། དེ་ཡང་ཀརྨ་ངེས་ལེགས་བསྟན་འཛིན་གྱིས། རྒྱུད་ལས། ར་ཤ་ར་ཁྲག་དྲི་ཆུས་སེ་ཤིང་འཇོམས།། ཞེས་བཅོས་ཐབས་དེ་ཙམ་ལས་མ་གསུངས། འོན་ཀྱང་བསེ་མོག་ནི་ཆགས་སྤྱོད་ལ་བརྟེན་ནས་བྱུང་བ་མཚན་མའི་དུག་དུ་ཟད་ལ།རྒྱུད་དུ་སེ་ཤིང་གི་དུག་བཅོས་གསུངས་པ་འདི་ནི་སེ་ཤིང་གི་དུ་བ་དང་གྲིབ་མ་ཕོག་པས་ཀྱང་ཤུ་ཐོར་འབྱུང་བ་འདི་ཡིན་པར་འདུག་པ་དངོས་གསལ་ལོ།། ཞེས་པ་འདི་ལ་གོ་བ་ཆེན་པོ་འདུག་པ་དང་། དེ་ལས་སེ་ཤིང་ངམ་བསེ་ཤིང་གི་དུ་བ་དང་གྲིབ་མ་ཕོག་པས་ལུས་ལ་ཤུ་ཐོར་འབྱུང་བ་འདི་རྒྱུད་ཀྱི་སེ་ཤིང་ངམ་རེག་དུག་བསེ་དུག་ཅེས་པ་རེད་གསུངས་པ་ནི་མཁས་པའི་ལེགས་བཤད་དེ། རྒྱུད་འགྲེལ་གཞན་དུ་མཁས་དབང་འདི་ལྟར་གསུངས་མཁན་ཞིག་ལར་ནས་མཐོང་མ་མྱོང་ངོ་།། ཁོ་བོས་ཀྱང་སྨན་པ་འགའ་ལ་བོད་ལྗོངས་ཀོང་པོ་སོགས་སུ་མཆིས་པའི་བསེ་ཤིང་གི་རྒྱུ་མཚན་རྩད་གཅོད་བྱེད་མྱོང་པ་དང་། དེ་ལས་འགའ་ཤས་ཀྱིས་ཤིང་དེའི་གྲིབ་མའི་ནང་དུ་བསྡད་ན་ཡང་ལུས་ལ་དུག་ཕོག་ནས་རྨ་འབྲུམ་འབྱུང་བ་ཞིག་རེད་ཟེར། ས་གནས་དེ་གའི་གཞིས་སྡོད་མི་དང་བསྡུར་ན་ཡུལ་གཞན་ནས་ཡོང་བའི་མི་ལ་དུག་ཕོག་སླ་བ་ཞིག་འདུག་ཟེར།
གཉིས། དེང་དུས་ཀྱི་རེག་དུག(梅毒)གི་གསོ་བཅོས།
     རེག་དུག་དུང་འཁྱིལ་གཟུགས་ནི་གཉན་སྲིན་དུ་གཏོགས་པས་དེ་ལ་དུག་གམ་བཟི་ཡི་གཉེན་པོ་བཏང་ཚེ་ཕན་པར་འདོད།དེས་ན་ཀོང་སྤྲུལ་ཟིན་ཏིག་ལས་ཀྱང་།སྨན་བཟི་ཡོད་གཏན་ནས་འགྲོ་མི་རུང་།ཞེས་པ་དང་།བྱེ་བ་རིང་བསྲེལ་ལས།སྨན་པ་ལ་ལས་གཉན་ཡིན་ཟེར།།དུག་སྣའི་སྦྱོར་བ་བཏང་ན་འཆི།།ཞེས་པ་གཉིས་ནི་སེ་ཤིང་དུག་གི་བཅོས་ཚུལ་སྨྲས་པ་ལས་རེག་དུག(梅毒)གི་གསོ་བཅོས་བསྟན་པ་མ་ཡིན་པར་འདོད།
     རེག་དུག(梅毒)ལ་སྨན་བཟི་ཅན་ནམ་བོང་ནག་ཅན་གྱི་སྦྱོར་བ་བཏང་ནའང་ལོས་ཕན་སྙམ་པའི་གདེང་ཚོད་རང་ལ་ཡང་སྔ་མོ་ནས་ཡོད་པ་དང་།དེ་ནི་གཙོ་བོ་ནད་གྱི་རྒྱུ་ལ་བསམ་བློ་བཏང་བ་ཡིན་ལ། ལག་ལེན་དུའང་གཏོང་མྱོང་པ་མ་ཟད། དེ་ནི་ནད་འདི་ལ་ཕན་པ་ལས་གནོད་པ་ཞིག་ལར་ནས་མཐོང་མ་མྱོང་ངོ་།། ཕྱིས་ཀྱི་མཁས་པའི་ཉམས་ཡིག་ཏུའང་། རེག་དུག་དངོས “梅毒”ལ་སྨན་བཟི་ཅན་གཏོང་མཁན་ཡང་མང་པོ་འདུག་སྟེ། དཔེར་ན། གཙང་སྨན་ཡེ་ཤེས་བཟང་པོའི་ཞལ་གདམས་མན་ངག་གནད་འགག་དོ་ཤལ་མཛེས་རྒྱན་ལས། རེག་དུག་གི་སྨན་ཁྱད་མཚར་འབིག་བྱེད་བཅུ་བར།དངུལ་ཆུ། མུ་ཟི། སེང་ལྡེང་ཁཎ་ཌ། ཆུ་སེར་སྨན་གསུམ། བྱི་ཏང་ཀ  གུལ་ནག མ་གྷི་ཏ། སྨན་ཆེན་ནོ།། ཞེས་སྦྱོར་བ་འདིར་སྨན་ཆེན་ཏེ་བཟི་ཞེས་ནའང་འདྲ། དུག་སྣ་ཞེས་ན་ཡང་རུང་བ་དེ་ཉིད་དངོས་སུ་ཁོང་གིས་སྦྱར་འདུག  གཞན་ཡང་། བློ་བཟང་ཡེ་ཤེས་བསྟན་འཛིན་དབང་རྒྱལ་གྱི་གསོ་དཔྱད་རྒྱ་མཚོ་ལས་དྲངས་པའི་ཕན་པ་ཉུང་བསྡུས་བྱུ་རུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།། ཞེས་པ་ལས།བསེ་དུག་མཛེ་ནད་གླང་ཤུ་ཆུ་སེར་རྨ།། གཉན་རིགས་ལ་ནི་ཐུ་ཕུ་ལིང་གི་ཚད།། རྒྱ་མ་གསུམ་པོ་ཆུར་སྤངས་སྲབ་གཏུབས་ཏེ།། ཅིན་ཡིན་ཧྭ་སྲང་གསུམ་དང་བ་ལེ་ཀ བ་ཤ་ཀ་དང་ཧས་ཀུས་བས་ཀས་གཉིས།། སྤོས་དཀར་ཐལ་རྡོར་སོ་མ་ར་ཛཱ་དང་།། སྨན་ཆེན་ཤུ་དག་རུ་རྟ་གུར་གུམ་དང་།། ཞེས་ཡང་སྨན་ཆེན་རེག་དུག(梅毒)གི་གཉེན་པོར་བཏང་འདུག  ད་དུང་བློ་གསལ་དབང་པོ་པདྨ་དཀར་པོའི་རེག་དུག་གི་བཅོས་ཐབས་ལག་ལེན་གཅིག་སྒྲིལ་ཟབ་ཁྱད་བཀའ་རྒྱ་མ་ཞེས་པ་རུ། སྔོན་མོ་སྟག་ཤམ་ཅན(སྟག་ཤ)གྱིས་ཁ་བསྒྱུར་བཏང་།། ཞེས་དུག་སྣ་སྟེ་སྔོ་སྟག་ཤ་བསྟན་པ་དང་། ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱི་སྤོས་ཁྱུང་བཅུ་དགུ་རུའང་། འབིག་བྱེད་སྨན་ཆེན་སེ་འབྲུ་གསེར་ཕྱེ་དང་།། ཞེས་རེག་དུག་གི་གཉེན་པོར་སྨན་ཆེན་བཏང་པ་གསལ་པོར་བསྟན་འདུག་པ་དང་། ཡང་སྦྱོར་བ་དེའི་མཇུག་ཏུ། ཚ་བའི་བསེ་དུག་འབམ་ནད་རིགས་ཀུན་ལ།། མཆོག་ཏུ་ཕན་པ་ཁོ་བོའི་མྱོང་གྲུབ་ཡིན། ཞེསགསུངས་འདུག་པ་རེད། ཡང་བསྟན་བཅོས་དེ་རུ།བསེ་མོག་གི་བཅོས།ཞེས་པའི་སྦྱོར་བ་རུ་ཐང་ཕྲོམ། ལང་ཐང་རྩེ་རྣམས།ཞེས་ཐང་ཕྲོམ་ཡོད་པ་དང་ཐང་ཕྲོམ་ནི་དུག་རིགས་མི་རྒྱུ་བའི་ཁོངས་གཏོགས་ཏེ། རྒྱུད་ལས། མི་རྒྱུ་བོང་ང་བཙན་དུག་སྤྱང་དུག་དང་།། ར་དུག་སེ་ཤིང་ཐང་ཕྲོམ་རྟ་སྤུ་སོགས། ཞེས་བསྟན་པའི་དངོས་དུག་མིན་ནམ། དེས་ན་དུག་རིགས་ཐང་ཕྲོམ་སྦྱར་བས་ཕན་པ་འདིས་ནི་སྐབས་འདིའི་བསེ་མོག་ཅེས་པ་རེག་དུག་དངོས(梅毒)ཡིན་པའང་ཤིན་ཏུ་གསལ་པོ་རེད། དེ་ལྟར་མ་ཡིན་པར་བསེ་དུག་དངོས་ཡིན་ན། བཟི་གཏན་ནས་འགྲོ་མི་རུང་བ་དང་། དུག་སྣའི་སྦྱོར་བ་བཏང་ན་འཆི་སྙམ་མོ།། ཐང་ཕྲོམ་དང་ལང་ཐང་རྩེ་གཉིས་ཀྱི་ཕན་ནུས་ནི། རྒྱུད་ལས།ཐང་ཕྲོམ་ལང་ཐང་རྩེ་ཡིས་སྲིན་ནད་སེལ།། ཞེས་གསུངས་པ་བཞིན་ནོ།། ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ལགས་ཀྱིས་ཐང་ཕྲོམ་དང་ལང་ཐང་རྩེ་རེག་དུག(梅毒)གི་གཉེན་པོར་བཏང་པ་དང་། འདིས་རེག་དུག(梅毒)ལ་ཕན་པ་དེས་ནི། རེག་དུག(梅毒)གི་རྒྱུ་རེག་དུག་དུང་འཁྱིལ་གཟུགས་དེ་སྲིན་ནམ་གཉན་སྲིན་དུ་གཏོགས་པའང་ལས་སླ་མོར་རྟོགས་ཐུབ་པ་མ་ཡིན་ནམ།ཀོང་སྤྲུལ་ཚང་གིས་ཀྱང་དེ་ལྟར་བ་རུ་བཞི་སྦྱོར་རྣམས་ཀྱང་འཕྲོད། ཅེས་པའི་འཕྲོར་མཐུད་ནས། བཅོས་ཚུལ་ཟབ་ཁྱད་ཅན་ལག་བླངས་མ་ནི།ཐོག་མར་ཐང་ཆེན་ཉེར་ལྔའམ། བྱང་ལུགས་མིང་ཅན་ནག་པོའི་གཅིག་ཐང་ལན་ཁ་ཡར་བཏང་རྗེས། རྒྱའི་སྲེག་སྨན་རིལ་བུ་གསུམ་རེ་ཐོ་རེངས་སྔ་བར་ཐང་གར་སླ་སྙོམས་པ་བྱ་སྒོང་དོ་ཙམ་ལོང་ལོང་ཁོལ་བ་དེས་ཕུལ།ཞེས་དཔའ་གདེངས་ཆེན་པོས་རྒྱའི་སྲེག་སྨན་རིལ་བུའམ་རེག་དུག་སྲེག་སྨན་གྱི་སྟེང་དུ་བབས་འདུག་པ་མ་ཟད། འདི་ནི་ཁོང་གི་བཅོས་ཚུལ་ཁྱད་པར་ཅན་ཡིད་ཆེས་བྱས་ཆོག་པའི་ལག་ལེན་མན་ངག་ཟབ་མོ་ཡིན་པ་དང་། ཐང་ཆེན་ཉེར་ལྔ་དང་མིང་ཅན་ནག་པོའི་ཆིག་ཐང་ནི་གཙོ་བོ་དུག་ལ་དམིགས་ནས་བཏང་བ་ལོས་ཡིན་སྙམ་པས།རང་གི་འདོད་ཚུལ་ལ་དེ་གཉིས་ཡོད་ན་ལེགས་ལ་མེད་ཀྱང་རུང་སྙམ་པ་དང་། དོན་དུ་རེག་དུག་སྲེག་སྨན་ནམ་དངུལ་ཆུའི་རིལ་བུ་དེས་ནི་རེག་དུག(梅毒)གི་ནད་པ་ཚབས་ཆེན་སྣ་ཕྲོམ་བརྡོལ་བ་སོགས་ཀྱང་གསོ་ཐུབ་པ་གནའ་ནས་ད་ལྟའི་བར་གྱི་ལག་ལེན་ཡིན་པ་མ་ཟད།ཨ་མདོ་ས་ཁུལ་གྱི་རོང་འབྲོག་མི་མང་ལ་ཐོབ་པའི་རེག་དུག་བཅོས་ཐབས་ཡིད་ཆེས་བྱས་ཆོག་པ་ཞིག་ཡིན་པ་ནི་ཀུན་གྱིས་ཤེས་གསལ་བཞིན་ནོ།། ཨ་མདོའི་ས་ཆ་འདིར་རེག་དུག(梅毒)ལ་རོང་འབྲོག་མི་མང་གིས་སེ་ཤིང་། བསེ་མོག་དང་བསེ་དུག་དང་རེག་དུག་ཅེས་པ་སོགས་ཀྱི་མིང་མེད་པར་རྒྱ་རྨའམ་སྦྱར་རྨ།རྨ་ངན་ཞེས་འབོད་ཀྱིན་འདུག  དེ་བས་ཕྱིས་ཀྱི་མཁས་པའི་ཉམས་ཡིག་ཏུའང་བཤད་སྲོལ་འདི་དང་ཆ་འདྲ་བ་མང་སྟེ། མན་ངག་རིན་འབྱུང་གནས་ལས། རྒྱ་ཐོར་ཞེས་བྱ་སེ་དུག་རིགས།། ཞེས་པ་དང་། གཅེས་བསྡུས་སྙིང་ནོར་ལས།བསེ་དུག་ཅེས་སམ་རྒྱ་ནག་རྨ་ཟེར་ཞིག།  ཅེས་བསེ་དུག་ཟེར་རམ་དོན་དུ་རྒྱ་ནག་གི་རྨའམ། རྒྱ་རྨ་ཟེར་བ་ཞིག་ཅེས། བསེ་དུག་ཡིན་མིན་ཁ་ཚོན་གཅོད་དཀའ་ཡང་རྒྱ་རྨ་ཞེས་པའི་ན་ཚ་ཡིན་པ་ཉམས་ཡིག་ཏུ་གསལ་པོར་བྲིས་ཡོད་པ་མིན་ནམ། དེས་ན་འདི་ནི་ང་རང་གི་དོགས་གཞི་དང་ཡང་ཤིན་ཏུ་མཐུན་པ་མིན་ནམ།བོད་ལུགས་གསོ་རིག་གི་ཚིག་མཛོད་ཆེན་མོ་རུའང་། རྒྱ་ནད། ཅེས་བཀོད་ཡོད་པ་སོགས་ཨ་མདོའི་དམངས་ཁྲོད་ཀྱི་བཤད་སྟངས་དང་ཇི་མ་ཇི་བཞིན་འདུག་ལ།འདི་ལས་ང་ཚོས་ཤེས་ཐུབ་པ་ནི་སྤྱི་ལོ1505ལོར་རེག་དུག་རྒྱ་གར་ནས་རྒྱ་ནག་ཏུ་ཐོག་མར་འགོས་ཁྱབ་བྱུང་པ་དང་། དེའི་རྗེས་སུ་ཡུལ་མཚམས་ཀྱི་འབྲེལ་བ་དང་འགྲིམ་འགྲུལ་གྱི་དབང་གིས་ཨ་མདོའི་བོད་ཡུལ་དུ་རྒྱ་ནག་བརྒྱུད་དེ་འགོས་མཆེད་བྱུང་བ་བསྙོན་མེད་འདུག་ལ། དེ་བས་བསེ་དུག་ལ་ཕན་མིན་མི་ཤེས་མོད། རེག་དུག(梅毒)ལ་རེག་དུག་སྲེག་སྨན་ཏེ་དངུལ་ཆུའི་སྦྱོར་བ་ཕན་པ་ནི་གཅིག་མིན་ཀུན་གྱི་ཉམས་མྱོང་རེད། དེ་བས་མཁས་དབང་ཀརྨ་རྒྱལ་མཚན་གྱི་ཡང་ཏིག་ཏུའང་། རེག་དུག་སྨན་སྦྱོར་ཟིན་ཏིག་གཞུང་གི་རྒྱ་ནག་བསྲེགས་སྨན་ཟབ། ཅེས་གསུངས་ཡོད་པར་མ་ཟད། ད་དུང་ཁོང་གིས། རེག་དུག་ལ་ཟིན་ཏིག་གཞུང་གི་རྒྱ་ནག་ལུགས་ཀྱི་བསྲེགས་སྨན་ལས་ལྷག་པར་རྒྱུད་མན་ངག་གང་ཡང་མེད་པ་ཞལ་འཕང་གཞན་རྣམས་འདིར་མ་བྲིས།ཞེས་གསུངས་པ་ནི་མངོན་སུམ་ཚད་མའི་ཞིབ་འཇུག་གི་ཉམས་མྱོང་དམར་རྗེན་དུ་བསྟན་པ་མིན་ནམ།མཁས་དབང་འདིས་རྒྱུད་དང་ཉམས་ཡིག་དག་ཏུ་གསུངས་པའི་བསེ་དུག་ཅེས་པ། བསེ་མོག་ཟེར་བ།རེག་དུག་ཏུ་འབོད་པ་སོགས་ཀྱི་བཅོས་ཐབས་མི་འདྲ་བ་མང་པོ་ལག་ལེན་དུ་བསྟར་ཏེ་སྐབས་དེའི་ཁམས་ཁུལ་དུ་འགོས་མཆེད་བྱུང་བའི་རེག་དུག(梅毒)ལ་དངོས་སུ་ཞིབ་འཇུག་བྱས་པ་ལས། ར་ཁྲག་ལྔ་བ་སོགས་སྨན་སྦྱོར་མང་པོ་ཞིག་དང་བསྡུར་ཚེ་དངུལ་ཆུའི་བསྲེག་སྨན་གྱི་ཕན་སྐྱེད་མངོན་གསལ་ཡིན་པས་ན།ཁོང་གིས་ད་གཟོད་ཕྱི་རབས་སྨན་པ་རྣམས་ལ་འདི་ལྟ་བུའི་མན་ངག་གི་ལེགས་བཤད་བསྩལ་བ་མིན་ནམ།དེ་ལས་ང་ཚོས་ཡང་བསྐྱར་བསམ་བློ་ཞིག་བཏང་ཚེ། རྒྱུད་སོགས་སུ་བསྟན་པའི་བསེ་དུག་དང་ཕྱིས་སུ་མཆེད་པའི་རེག་དུག(梅毒)གཉིས་ནི་ངོ་བོ་མི་འདྲ་བའི་ནད་གཉིས་ཡིན་པའང་གསལ་པོ་མིན་ནམ།དཔེར་ན། རྒྱུད་སོགས་སུ་བསེ་མོག་ལ་ར་ཁྲག་ཕན་ཞེས་སྨྲ་བ་དང་། ཟིན་ཏིག་དང་ཡང་ཏིག་ཏུ་རྒྱའི་སྲེག་སྨན་རིལ་བུ་སྟེ་དངུལ་ཆུའི་སྦྱོར་བ་ཕན་པ་མྱོང་གྲུབ་ཡིན་པ་གཉིས་བསྡུར་ཚེ། སྤྱིར་དངུལ་ཆུ་དུག་ཡིན་པས་དེའི་དུག་སེལ་དུ་ར་ཤ་ཟ་དགོས་པ་ནི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྐབས་དང་། རེག་དུག་བསྲེག་སྨན་བསྟེན་དུས་ཡིན་པ་སུས་ཀྱང་ཤེས་པ་ལྟར་རོ།། དེས་ན་དངུལ་ཆུ་དུག་ཡིན་ན། བྱེ་བ་རིང་བསྲེལ་དུ། དུག་སྣའི་སྦྱོར་བ་བཏང་ན་འཆི། ཞེས་པ་དང་ཡང་ནང་འགལ་བྱུང་འདུག་པ་མིན་ནམ། དངུལ་ཆུ་སྟེ་དུག་སྣའི་སྦྱོར་བ་བཏང་བས་གནོད་པ་ལྟ་ཅི།  དེ་ལས་ལྷག་པའི་གཉེན་པོ་མེད་པ་འདིས་ནི། ཡང་བསྐྱར་རྒྱུད་དང་ཉམས་ཡིག་རྣམས་སུ་བཤད་པའི་བསེ་དུག་གམ་བསེ་མོག་དང་ཕྱིས་སུ་མཆེད་པའི་མཚན་མའི་འགོས་ནད་རྒྱ་རྨའམ་སྦྱར་རྨ། རྨ་ངན་ཞེས་པ་དང་། དེང་སྐབས་རེག་དུག(梅毒)ཏུ་འབོད་པ་གཉིས་ནི་རྒྱུ་མི་འདྲ་བའི་ནད་ཁ་ཁ་སོ་སོ་བ་ཡིན་པ་བདེན་དཔང་བྱས་པ་མ་ཡིན་ནམ། ད་དུང་ང་ཚོས་གསལ་པོར་རྟོགས་པ་བཞིན་དུ། ནུབ་ལུགས་གསོ་རིགས་ཀྱིས་ཀྱང་མཚན་མའི་འགོས་ནད་འདི་ལ་སྲིན་འཇོམས་པའི་སྨན་སྤྱོད་ཀྱིན་ཡོད་པ་མ་ཡིན་ནམ། སྨན་རྫས་རྒྱུན་ཤེས་སུ།ཕེ་ནི་སི་ལེནG རེག་དུག་དུང་འཁྱིལ་གཟུགས་སོགས་ལ་སྲིན་འགོག་གི་ནུས་པ་ཆེན་པོ་ལྡན། ཞེས་པ་དང་། རྒྱལ་ཡོངས་མཐོ་རིམ་སློབ་ཆེན་སློབ་དེབ།པགས་པ་མཚན་ནད་རིག་པ《皮肤性病学》ལས། རེག་དུག(梅毒)གི་རྒྱུན་བཀོལ་སྨན་ལ་ཕེ་ནི་སི་ལེན་རིགས(青霉素类)ནི་གཙོར་འདེམས་དགོས་པའི་གཉེན་པོའི་སྨན་ཏེ། དྭངས་ཁྲག་གར་ཚད་ངེས་པར་དུ་ཉིན་བཅུ་ལྷག་ལ་བདེ་འཇགས་རྒྱུན་མཐུད་བྱུང་པ་ཡིན་ན།ལུས་སྟེང་གི“TP”དེ་ད་གཟོད་རྩ་བ་ནས་སེལ་ཐུབ། རྒྱུན་བཀོལ་སྨན་ནི་ཕེ་ནི་སི་ལེན་པེན་སྐར(苄星青霉素)དང་།ཆུ་སྦྱོར་ཕེ་ནི་སི་ལེནG(水剂青霉素G)སོགས་ཡིན། ཞེས་ཕྲ་སྲིན་རིགས་དུང་འཁྱིལ་གཟུགས་ཀྱིས་བསྐྱེད་པའི་མཚན་མའི་འགོས་རིམས་རེག་དུག“梅毒”ལ་ནུབ་ལུགས་གསོ་རིག་གིས་སྲིན་འཇོམས་སྨན་བསྟེན་གྱིན་པ་གསལ་པོར་བསྟན་པ་དང་། ད་དུང་ལག་ལེན་དངོས་ཀྱི་ཁྲོད་དུའང་།དེང་དུས་ཀྱི་རེག་དུག“梅毒”ཅེས་པའི་མཚན་མའི་འགོས་ནད་འདི་ལ་ནུབ་ལུགས་ཀྱི་སྲིན་འཇོམས་སྨན་པེན་སྐར་ཕེ་ནི་སི་ལེན”苄星青霉素“ཀྱི་དཔྱི་ཁབ་རྒྱག་བཞིན་ཡོད་པ་མིན་ནམ། དེང་དུས་ཀྱི་རེག་དུག“梅毒”ཅེས་པའི་མཚན་མའི་འགོས་ནད་འདིའི་རྒྱུ་དུག་དངོས་བསེ་ཤིང་སོགས་མ་ཡིན་པར།རེག་དུག་དུང་འཁྱིལ་གཟུགས་ཞེས་པའི་སྲིན་རིགས་ཤིག་ཡིན་པས་ན། དེའི་གཉེན་པོར་སྲིན་འཇོམས་སྨན་ཕེ་ནི་སི་ལེན་སྤྱད་པ་མིན་ནམ།སྲིན་འཇོམས་སྨན་གྱིས་ཕན་སྐྱེད་འབྱུང་བ་འདིས་ནི་འདི་ནི་དུག་དངོས་ཤིག་མིན་པར་ཡིད་ཆེས་བྱས་ཆོག་པ་མིན་ནམ།བསེ་ཤིང་ཞེས་པ་དེའི་ཚི་བའམ་ཐང་ཆུ་སོགས་ནི་རྒྱ་ནག་གིས་ཤིང་སྒམ་སོགས་ཤིང་གི་ཁྱིམ་སྤྱོད་ཅ་ལག་དག་ལ་བྱུག་པའི་རྩི་དེ་རེད་ཟེར་བ་དང་། དེ་ལས་ཁང་པ་གསར་པ་མཛེས་སྤྲས་བྱས་པར་བསྡད་པའམ་ཡང་ན་ཤིང་སྒམ་གསར་པ་སོགས་ལས་མིའི་ལུས་ལ་ཚོར་ལོག་ལྟ་བུའི་ཟ་འཕྲུག་ལངས་པའམ་ཡང་ན་རྨ་འབྲུམ་ལྟ་བུ་འབྱུང་པ་ནི་བསེ་ཤིང་གི་བསེ་རྩིའི་དུག་ཕོག་པ་རེད་ཟེར། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས་ཀྱང་། འདི་དེང་དུས་བཟོ་ལས་ཐོག་ཤིང་ལ་སོགས་པར་གཏོང་པའི་ཚོན་རྩི་དང་། འོད་རྩི་བཟོ་བའི་རྒྱུ་ཆ་ཡིན། རྫས་འགྱུར་ལས་སྣོན་བྱས་ནས་ཕལ་ཆེར་དུག་མེད་པར་བྱས་ཡོད་ཀྱང་། མི་འགའ་ཞིག་ལ་རྩི་དུག་འབྱུང་པའི་རྒྱུ་མཚན་ཀྱང་ངོ་བོའི་དབང་གིས་སོ།། ཞེས་གསུངས་པ་ལྟར་རོ།།

མཇུག་སྡུད་པ།

      དེ་ལྟར་ལུང་དང་རིགས་པ།ལག་ལེན་བཅས་ཀྱི་སྒོ་ནས་དཔལ་ལྡན་རྒྱུད་བཞི་རུ་འཁོད་པའི་སེ་ཤིང་དང་རེག་དུག་ཅེས་པ་དང་།ཕྱིས་སུ་མཆེད་པའི་འགོས་ནད་རེག་དུག་གཉིས་ནི་རྒྱུ་དང་ནད་རྟགས་བཅོས་ཐབས་བཅས་མི་འདྲ་བའི་ནད་གཞི་ཁ་ཁ་སོ་སོ་བ་ཡིན་པའི་སྐོར་རབ་དང་རིམ་པ་བྱས་ཏེ་བསྒྲུབས་ཡོད་དོ།།
     ཧྲོང་བོ་ཚེ་བརྟན་རྒྱལ། དར་མཚོ་རྫོང་བོད་སྨན་ཁང་གི་འགོ་གཙོ་གཞོན་པ། སྨན་པ་འབུམ་རམས་གཞོན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དར་མཚོ་དཔལ་ཁའི་མི། སྔ་རྗེས་སུ་དཔལ་ཁ་བཅའ་སྡོད་སློབ་ཆུང་དང་དར་མཚོ་རྫོང་བོད་ཡིག་སློབ་འབྲིང་། མཚོ་ལྷོ་འཕྲོད་བསྟེན་སློབ་གྲྭ་དང་མཚོ་སྔོན་གསོ་རིག་སློབ་གླིང་སོགས་འགྲིམ། 2013ལོར་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་ནས་གསོ་རིག་རབ་འབྱམས་པའི་དམ་བཅའ་བཞག
     སྤྱི་ལོ1999ལོའི་ཟླ7པ་ནས་ད་ལྟའི་བར་དུ་དར་མཚོ་རྫོང་བོད་སྨན་ཁང་གི་སྨན་པ་དང་ཡོན་ཀྲང་གཞོན་པའི་ལས་ཀ་གཉེར། 2004ལོར་ཁོ་དང་དོན་གྲུབ། རྟ་མགྲིན་ཚེ་རིང་གསུམ་གྱིས་དར་མཚོ་རྫོང་བོད་སྨན་ཁང་མི་དམངས་སྨན་ཁང་ལས་བཀར་ཏེ་བསྐྱར་དུ་བཙུགས།སྤྱི་ལོ2006ལོར་མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་ན་གཞོན་བཅུ་ཡི་རྟིང་སྐུལ་བྱ་དགའ་ཐོབ། སྤྱི་ལོ2006ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐེན་གྱི་རྫོང་རིམ་པའི་ནད་ཐོག་ཕུལ་བྱུང་སྨན་པའི་ལག་རྟགས་ཐོབ། སྤྱི་ལོ2008ལོར་དར་མཚོའི་རྫོང་ཡོངས་ཀྱི་འཕྲོད་བསྟེན་སྡེ་ཁག་གི་ཕུལ་བྱུང་སྨན་པའི་མིང་རྟགས་ཐོབ། སྤྱི་ལོ2009ལོར་མཚོ་ལྷོ་ཁུལ་གྱི་འཕྱི་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྣའི་གཟེངས་རྟགས་ཐོབ། སྤྱི་ལོ2015ལོར་དར་མཚོའི་རྫོང་ཡོངས་ཀྱི་འཕྲོད་བསྟེན་སྡེ་ཁག་གི་ཕུལ་བྱུང་མི་སྣའི་གཟེངས་རྟགས་ཐོབ།ཏུན་ཧོང་གསོ་རིག་ཡིག་ཆ་དང་འབྲེལ་ནས་བོད་ཀྱིས་གསེར་དངུལ་གྱི་སོ་ཤན་པ་ནི་སྦྱར་དུག་འགོག་བཅོས་ཀྱི་ཆེད་དུ་དར་ཚུལ་ལ་དཔྱད་པ་སོགས་ཆེད་ལས་དཔྱད་རྩོམ་སུམ་ཅུ་ལྷག་ཀྲུང་གོའི་བོད་ཀྱི་གསོ་རིག་དང་ཀྲུང་གོའི་མི་རིགས་གསོ་རིག་སོགས་གསོ་རིག་དུས་དེབ་དུ་སྤེལ། སྤྱི་ལོ2015ལོའི་ཟླ་དང་པོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས《གསོ་རིག་དཔྱད་རྩོམ》ཞེས་པའི་གསོ་བ་རིག་པའི་ཆེད་རྩོམ་ཡིག་འབྲུ་ཁྲི་ཉེར་བརྒྱད་ཅན་གྱི་དེབ་ཅིག་པར་དུ་བཏབ། 2017ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས《རེག་དུག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐབས་བརྗོད་པ་དུས་རབས་གསར་བའི་ཅོང་བརྡ》ཞེས་པའང་པར་དུ་བཏབ། ནད་མེད་ཚེ་བསྲིང་རིག་པའི་བསྟན་བཅོས་ཀྱི་རྩོམ་སྒྲིག་གི་བྱ་བར་ཡང་ཞུགས། རྒྱལ་སྤྱིའི་གསོ་རིག་ཚོགས་འདུ་འགའ་ཤས་སུའང་ཆེད་རྩོམ་སྒྲོག་སྦྱོང་བྱེད་མྱོང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།