སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་གནད་བཞི་རགས་གླེང་།

རྩོམ་པ་པོ།:ཚེ་རིང་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-12-11 10:42:00 ཀློག་གྲངས།:

སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་གནད་བཞི་རགས་གླེང་།
         རྔ་བ་རྫོང་མཁར་གྲོང་སློབ་ཆུང་གཉིས་པའི་དགེ་རྒན་རྣམས་དང་བགྲོ་གླེང་གི་ཚུལ་དུ།
གཅན་ཚ། ཚེ་རིང་བཀྲ་ཤིས།

     སྐད་ཡིག་བསླབ་ཚན་ཚད་གཞིར་གཏན་ཁེལ་བྱས་པའི་བསླབ་ཚན་སྤྱིའི་དམིགས་ཚད་དང་དུས་རིམ་སོ་སོའི་བྱེ་བྲག་གི་དམིགས་ཚད་སོགས་ཞིབ་ཏུ་བཤད་པ་ཡིན་ན་ང་ཚོའི་དགེ་རྒན་མང་པོ་ཞིག་ལ་མགོ་ཉོག་པའི་དཀའ་ཁག་འབྱུང་སྲིད་རྒྱུ་རེད། སློབ་ཐུན་གཅིག་གི་དུས་ཚོད་ནང་སྐད་ཡིག་གི་ཕྱོགས་སོ་སོའི་དམིགས་ཚད་དང་རེ་འདུན་ཁག་ཡོངས་སུ་འགྲུབ་ཐབས་བྱས་པ་ཡིན་ན་དཀའ་ཁག་ཀྱང་འབྱུང་ངེས་ཡིན་ལ། སློབ་ཁྲིད་དེ་ཆོ་མེད་དང་སྤྲོ་སྣང་མེད་པ་ཞིག་ཏུ་འགྱུར་བར་ཡང་ཐེ་ཚོམ་མེད། ང་ཚོའི་དགེ་རྒན་མང་པོ་ཞིག་གིས་ཧུར་ཐག་གིས་སློབ་ཁྲིད་བྱས་བྱས་པའི་འབྲས་བུར། ཚིག་གསུམ་བྲིས་ན་དག་ཆ་མེད་པ། དོན་ལོག་པ། དོན་མེད་པ། སྨྲ་མི་དག་པ། ཀློག་བྱང་མེད་པ་བཅས་ཀྱི་གནད་དོན་འབྱུང་བཞིན་པའང་གཙོ་བོར་སློབ་ཁྲིད་ཀྱི་མདོ་འཛིན་མ་ཤེས་པ་འདིས་ལན་འདུག་སྙམ།
གཅིག སློབ་ཁྲིད་སྔོན་གྱི་སྦྱོར་བ་བཞི།
     སྤྱིར་ན་སྐད་ཡིག་ནི་སྣ་འཛོམས་ཀྱི་བསླབ་ཚན་ཞིག་ཡིན་པས། ཁྲིད་ཁུར་དགེ་རྒན་དག་གིས་གཟབ་ནན་གྱིས་སློབ་ཁང་སློབ་ཁྲིད་དང་འབྲེལ་ཡོད་ཀྱི་གནད་དོན་ཁག་ལ་ཞིབ་འཇུག་དང་སློབ་སྦྱོང་གང་ལེགས་མ་གནང་ཚེ། དེའི་སློབ་ཁྲིད་ཀྱི་ལས་ཀ་ནམ་ཡང་གོལ་ལམ་དུ་འགྲོ་སླ་བ་ཞིག་རེད། དེ་བས་སྐད་ཡིག་དགེ་རྒན་ཞིག་ཡིན་ཕྱིན་ཐོག་མར་སྐད་ཡིག་བསླབ་ཚན་ཚད་གཞི་ལ་སློབ་སྦྱོང་གང་ལེགས་གནང་སྟེ། ལོ་རིམ་སོ་སོའི་སློབ་ཁྲིད་དམིགས་ཚད་ལ་རྒྱུས་ལོན་གང་ལེགས་གནང་དགོས་པས་མི་ཚད། ལོ་རིམ་མི་འདྲ་བ་སོ་སོའི་སློབ་ཁྲིད་ལག་བསྟར་གྱི་གྲོས་གཞི་ལའང་ཞིབ་འཇུག་གང་ལེགས་གནང་རྒྱུ་ནི་གལ་ཆེན་རེད། དེའི་འཕྲོ་ནས་བསླབ་ཚན་ཚད་གཞིའི་མཚོན་བྱར་གྱུར་བའི་སློབ་དེབ་ལ་ཞིབ་འཇུག་གནང་སྟེ་དེས་སློབ་ཆུང་སློབ་མའི་སྐད་ཡིག་གི་ཡོན་ཚད་དག་ཟུར་ཚད་ཇི་འདྲ་ཞིག་ནས་མཚོན་ཡོད་པ་དང་། ང་ཚོས་སློབ་ཁྲིད་དངོས་གཞིའི་ཁྲོད་ཁྲིད་བྱའི་ནང་དོན་ཁག་ཇི་ལྟར་གཏན་ལ་འབེབས་ཚུལ་རྟོགས་རྒྱུ་ཡང་གལ་ཆེན་ཞིག་རེད། སྐད་ཡིག་སློབ་དེབ་ནི་སློབ་དེབ་སྒྲིག་མཁན་དག་གིས་སྐད་ཡིག་བསླབ་ཚན་ཚད་གཞིའི་དམིགས་ཚད་དག་གི་མཚོན་བྱེད་དུ་སྒྲིག་པ་ཡིན་པས། དེའི་སློབ་ཚན་སོ་སོའི་སྔ་རྗེས་ཀྱི་གོ་རིམ་དང་སྡེ་ཚན་གྱི་སྡེབ་སྟངས། ཐ་ན་མཇུག་གི་སྦྱང་གཞིའི་དྲི་བ་འདོན་སྟངས་ཚུན་ཆད་ཀྱིས་བསླབ་ཚན་གྱི་ལྟ་བ་དག་ཚང་ལ་མ་ནོར་བའི་སྒོ་ནས་མཚོན་ཡོད་པས། དགེ་རྒན་གྱིས་དེ་མཚུངས་ཀྱིས་ཞིབ་འཇུག་དང་རྒྱུས་ལོན་གསལ་བོ་ཞིག་མ་གནང་ན་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་ལོ་རིམ་སོ་སོའི་དམིགས་ཚད་ཀྱི་རེ་འདུན་ཚད་གཞི་ལ་སླེབས་དཀའ་འོ། །
     སློབ་ཁྲིད་ཀྱི་ནང་དོན་ལེགས་པོར་གཏན་ལ་ཁེལ་དགོས་ན་དེའི་ཁྲིད་ཡུལ་དུ་གྱུར་བའི་སློབ་མའི་ལོ་ཚོད་ཀྱི་ཆོས་ཉིད་དང་། ཤེས་རྟོགས་ཀྱི་ཆོས་ཉིད། རིག་སྟོབས་ཀྱི་ཁྱད་ཆོས་སོགས་ལ་རྒྱུས་ལོན་གང་ལེགས་བྱ་རྒྱུ་ཡང་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་རེད་ལ། དེ་དག་གིས་ཆེས་མཐའ་མཇུག་གི་ཁྲིད་ཐབས་གཏན་ཁེལ་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད་པ་རེད། སློབ་ཁྲིད་ཀྱི་ནང་དོན་ལེགས་པོར་གཏན་ལ་ཁེལ་ཡང་ཁྲིད་ཐབས་མ་འགྲིག་ན་སློབ་མའི་སྐད་ཡིག་གི་ནུས་པ་དང་སློབ་སྦྱོང་གི་ཐབས་ཤེས་དང་གོམས་གཤིས་སོགས་ཕན་འབྲས་ལྡན་པའི་སྒོ་ནས་སྐྱེད་སྲིང་བྱེད་དཀའ་བས་ཁྲིད་བྱའི་ནང་དོན་དང་ཁྲིད་ཡུལ་སློབ་མར་འཚམས་པའི་ཁྲིད་ཐབས་ལེགས་པོ་ཞིག་གཏན་ལ་ཁེལ་རྒྱུ་ཡང་སློབ་ཁྲིད་མ་བྱས་གོང་ཐག་གིས་གཅོད་དགོས་པའི་དོན་དག་གལ་ཆེན་གྲས་ཀྱི་གཅིག་རེད།
གཉིས། “ཅི་ཞིག་ཁྲིད”དང“ཇི་ལྟར་ཁྲིད”།
     སློབ་ཁྲིད་སྔོན་གྱི་ཞིབ་འཇུག་བྱ་བ་ལེགས་པོར་བྱས་པ་ཡིན་ན། སློབ་ཁྲིད་དངོས་གཞི་རུ་“ཅི་ཞིག་ཁྲིད”རྒྱུ་དང་“ཇི་ལྟར་ཁྲིད”རྒྱུའི་གནད་དོན་འདི་ཡང་ཐག་གཅོད་སླ། “ཅི་ཞིག་ཁྲིད”ཟེར་བ་ནི་སློབ་ཁྲིད་ནང་དོན་གཏན་ལ་ཁེལ་སྟངས་སྐོར་གྱི་གནད་དོན་རེད། དེ་ཡང་སྐད་ཡིག་བསླབ་ཚན་ཚད་གཞི་རུ་བསླབ་ཚན་གྱི་ལྟ་བའི་སྐོར་གླེང་སྐབས། “ཆ་ཡོངས་ནས་སློབ་མའི་སྐད་ཡིག་གི་ཡོན་ཚད་ཇེ་མཐོར་གཏོང་བ”ཞེས་པའི་ཚིག་འདིས་གཙོ་བོར་ཅི་ཞིག་ཁྲིད་དགོས་པའི་གནད་དོན་གླེང་ཡོད་པ་རེད།  དེ་ཡང་གསལ་བོར་བཤད་ན། སྐད་ཡིག་སློབ་ཁྲིད་ཁྲོད་གཙོ་བོར་སློབ་མའི་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་ལ་དགའ་ཞེན་བྱེད་པའི་བསམ་པ་སྐྱེད་སྲིང་བྱེད་དགོས་པ་དང་། རང་གི་མི་རིགས་ཀྱི་སྐད་ཡིག་ལ་ཇི་ལྟར་གོ་བ་ཡང་དག་པར་ལེན་པ་དང་བཀོལ་སྤྱོད་ཡང་དག་པར་བྱེད་པར་མཛུབ་ཁྲིད་བྱས་ཏེ། མིང་བརྡ་ཐ་སྙད་དང་ཕྲད་དང་ཚེག  ཤད་ཀྱི་སྦྱོར་ལུགས། བྱ་བའི་ཚིག་གི་འགྱུར་ལུགས་ཚུད་པའི་སྐད་བརྡའི་ཤེས་བྱ་ཕུན་སུམ་ཚོགས་པར་གསོག་པ་དང་། སྐད་ཚོར་སྐྱེད་སྲིང་། བསམ་གཞིག་གི་ནུས་པ་གོང་འཕེལ་དུ་བཏང་ནས། སློབ་མ་ལ་དོན་དངོས་ཀྱི་དགོས་མཁོ་དང་འཚམ་པའི་འབྲི་ཀློག་ཉན་བཤད་བཞིས་མཚོན་པའི་སྐད་ཡིག་གི་ནུས་པ་ལྡན་པར་བྱ་རྒྱུ། དེས་མི་ཚད་ད་དུང་སློབ་མའི་གཤིས་སྤྱོད་བློ་སྦྱོང་དང་མཛེས་རྟོག་གི་འདོད་འདུན། རིག་གནས་བློ་སྦྱོང་ཇེ་མཐོར་གཏོང་བར་མཐོང་ཆེན་དང་། སློབ་སྦྱོང་གི་སྤྲོ་སྣང་དང་འགན་ཁུར་ལྡན་པ། འཚོ་བའི་རྣམ་འགྱུར་དང་བདེན་འཚོལ་གྱི་ཚན་རིག་རྣམ་འགྱུར། དཀྱེལ་ཡངས་ཀྱི་མི་ཚེའི་རྣམ་འགྱུར།   སློབ་སྦྱོང་གི་གོམས་གཤིས་སྐྱེད་སྲིང་བཅས་བྱས་ཏེ།  ཁོ་ཚོ་ལ་རིམ་བཞིན་རང་གཤིས་ལེགས་པོ་ཞིག་དང་མི་གཤིས་འཐུས་སྒོ་ཚང་བ་ཞིག་འགྲུབ་ཏུ་འཇུག་པར་སྐུལ་འདེད་བྱེད་དགོས་ཚུལ་བཤད་ཡོད་པ་རེད།
     “ཅི་ཞིག་ཁྲིད”ཀྱི་གནད་དོན་ལེགས་པོར་ཐག་གིས་བཅད་རྗེས་དེ་མ་ཐག་ང་ཚོའི་མདུན་དུ་ལྷགས་ཡོད་པའི་གནད་དོན་ནི“ཇི་ལྟར་ཁྲིད”རྒྱུ་དེ་རེད། དེ་ལའང་སྐད་ཡིག་བསླབ་ཚན་ཚད་གཞིའི་བསླབ་ཚན་ལྟ་བ་གླེང་བའི་ཐད་དུ། “ཧུར་བརྩོན་གྱིས་རང་ཚུགས་དང་མཉམ་ལས། འཚོལ་དཔྱད། དོན་སྙིང་ལྡན་པ་བཅས་ཀྱི་སློབ་སྦྱོང་བྱེད་ཚུལ་སྐུལ་སྤེལ་བྱེད་དགོས”ཞེས་བཤད་པ་ཡོད་པ་རེད། འདིས་བྱེ་བྲག་གི་ཁྲིད་ཐབས་འདི་དང་གན་ལྟ་བུ་ཞིག་གསལ་བར་གསུངས་མེད་ནའང་། ང་ཚོས་ཁྲིད་ཐབས་གཏན་ཁེལ་བྱེད་སྐབས་གཞི་འཛིན་སའི་ཚད་གཞི་ཅི་ཞིག་ཡིན་པ་གསལ་བར་གསུངས་ཡོད་པ་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་འདིས་ང་ཚོར་སྐད་ཡིག་སློབ་ཁྲིད་ནི་ཤེས་བྱ་བརྒྱུད་སྒྲོག་བྱེད་པ་ཁོ་ན་ཙམ་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སློབ་མའི་ནུས་པ་སྣ་ཚོགས་སྔོག་འདོན་དང་། རིག་གནས་བློ་སྦྱོང་མཐོར་འདེགས་གཏོང་བའི་ཕྱོགས་ལ་ཤུགས་རྒྱག་དགོས་པར་བསྟན་པ་དེ་རེད། དེ་མཚུངས་སྐད་ཡིག་སློབ་ཁྲིད་དེ་དགེ་རྒན་གྱིས་ཅི་ཞིག་ཤེས་པ་ནས་མགོ་འཛུགས་པ་མ་ཡིན་པར། སློབ་མར་ཅི་ཞིག་མཁོ་བ་ནས་མགོ་རྩོམ་དགོས་པ་དང་། ཁྲིད་ཐབས་དེ་ཡང་དགེ་རྒན་གྱིས་འཆད་ཁྲིད་རྐྱང་བ་མ་ཡིན་པར། སློབ་མའི་ལུས་སེམས་འཕེལ་རྒྱས་དང་སྐད་ཡིག་སློབ་སྦྱོང་གི་ཁྱད་ཆོས་གཞིར་བཟུང་སྟེ། སློབ་མའི་སྒེར་གྱི་ཁྱད་པར་དང་སློབ་སྦྱོང་གི་རེ་མཁོ་མི་འདྲ་བར་དོ་སྣང་། ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དོ་ཁུར་གྱིས་འདམ་ག་བྱེད་དགོས་པར་བསྟན་ཡོད་པས། ང་ཚོས་ཀྱང་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་ཕྱོགས་འདི་དག་ལ་གཟབ་རྒྱུ་ནི་གལ་ཆེན་རེད་འདོད། །
གསུམ། “ཅི་ཞིག་བཤད”དང“ཇི་ལྟར་བཤད”།
     གོང་དུ་ང་ཚོས“ཅི་ཞིག་ཁྲིད”ཀྱི་ནང་དོན་གླེང་སྐབས། སློབ་ཁྲིད་ཀྱི་ནང་དོན་དེ་སྐད་ཡིག་གི་ཡོན་ཚད་སྐྱེད་སྲིང་བྱེད་པའི་ཐད་ལ་འཇོག་དགོས་པར་བཤད་པ་རེད། སློབ་དེབ་ལས་བརྡ་སྤྲོད་སོགས་རྨང་གཞིའི་ཤེས་བྱའི་སློབ་ཚན་ཁག་ཁྲིད་སྐབས་སློབ་ཁྲིད་ནང་དོན་ཅུང་གསལ་བོ་ཡིན་ནའང་། ནམ་རྒྱུན་ང་ཚོའི་སློབ་ཁྲིད་ཀྱི་དཔེ་བརྗོད་དག་ནི་བསླབ་ཚན་ཚད་གཞིའི་མཚོན་བྱེད་དུ་གྱུར་པའི་རྩོམ་དཔེ་ཁོ་ན་ཡིན་ལ།  ནང་དོན་གྱི་ཆ་ནས་ཀྱང་སུམ་རྟགས་དག་གསུམ་དང་། ལོ་རྒྱུས་ས་ཁམས། ཚན་རིག་སྐྱེ་དངོས། རིག་གནས་རྩོམ་རིག་སོགས་ཀྱི་ནང་དོན་སྣ་ཚོགས་དང་འབྲེལ་ཡོད་པས། ངང་བས་ཆུ་ལས་འོ་མ་བཞིན་གང་ཞིག་སྐད་ཡིག་སློབ་ཁྲིད་ཀྱི་ནང་དོན་དག་གཞན་དངམ་འདྲེས་བར་འབྱེད་དགོས་ན་ཅུང་དཀའ་བའི་ལས་ཤིག་རེད།
     དེ་ལྟ་ནའང་། བསླབ་ཚན་ཚད་གཞིར་གཏན་ལ་ཁེལ་བའི་དམིགས་ཚད་གཞིར་བཟུང་གིས་བརྟག་ཅིང་དཔྱད་ན། ང་ཚོས་ལས་སླ་བོའི་སྒོ་ནས་སྐད་ཡིག་སློབ་ཁྲིད་ཀྱི་ནང་དོན་དག་འབྱེད་ཐུབ་སྟེ། སྐད་ཡིག་སློབ་ཁྲིད་ནི་བརྡ་སྤྲོད་དང་ལོ་རྒྱུས་ས་ཁམས། ཚན་རིག་སྐྱེ་དངོས། རིག་གནས་རྩོམ་རིག་སོགས་འདུས་པའི་སྣ་འཛོམས་ཀྱི་བསླབ་ཚན་ཞིག་ཡིན་ཡང་། དེ་དག་ལས་ལོ་རྒྱུས་ཀྱི་བྱུང་བ་དང་སྐྱེ་དངོས་འཕེལ་འགྱུར་དང་རིགས་དབྱེ་སོགས“ཅི་ཞིག་བཤད”ཡོད་པ་དེ་ཁོའི་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་མ་ཡིན་པར། སྐད་ཡིག་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་ནི་སྐད་ཆའི་ཚོར་བ་སྐྱེད་སྲིང་སྟེ“ཇི་ལྟར་བཤད”ཡོད་པའི་སྟེང་དུ་ཡོད་པ་རེད། རྒྱུ་མཚན་ནི་སྐད་ཡིག་གི་ཤེས་བྱ་གསོག་འཇོག་དང་ནུས་པ་སྐྱེད་སྲིང་ཐམས་ཅད“ཇི་ལྟར་བཤད”དང་དེ་ཇི་ལྟར་ཁྲིད་ཚུལ་གྱི་སློབ་ཁྲིད་བརྒྱུད་རིམ་དང་ཐབས་ཤེས་ལ་འབྲེལ་ཡོད་པས་སོ། ། དཔེར་ན་སློབ་ཆུང་གི་སློབ་ཚན་ཨ་ཅེ་གསེར་མོ་མཚོ་དང་དངུལ་མོ་མཚོ་ཞེས་པ་ལྟ་བུར་མཚོན་ན། གཏམ་རྒྱུད་ཀྱི་བྱུང་རིམ་ཁོ་ན་ཡིད་ལ་ངེས་རྒྱུ་དེ་སྐད་ཡིག་དགེ་རྒན་གྱིས་མ་ཁྲིད་ཀྱང་འཇིག་རྟེན་རྒན་པོ་ཚོས་ཀྱང་ནུས་མོད། སློབ་མར་དེ་ཙམ་གྱིས་སྐད་ཡིག་གི་བྱང་ཚད་མཐོར་འདེགས་གཏོང་མི་ནུས་པར། མིང་བརྡ་ཐ་སྙད་གསོག་འཇོག་དང་། ཚན་པ་སྔ་ཕྱིའི་འབྲེལ་བ། མིང་དང་ཚིག་གི་སྤྱོད་སྟངས། རིན་ཐང་ལྟ་བ་ཆགས་རྒྱུ་དང་བརྩེ་སེམས་འགྱུར་ཉམས་སྐུལ་སྤེལ་སོགས་ཡོད་ཚད་སྐད་ཡིག་དགེ་རྒན་གྱི་ཞིབ་ཚགས་པའི་སློབ་ཁྲིད་ཀྱི་བརྒྱུད་རིམ་དང་ཐབས་ཤེས་མ་བརྒྱུད་ན་ཡོང་ཐབས་མེད་ལ། དེ་དག་ཀྱང་གཙོ་ཆེར་སློབ་ཚན་གྱི་ནང་དོན་དེ་དག“ཇི་ལྟར་བཤད”ཡོད་པ་དང་འབྲེལ་བའི་ཤེས་བྱ་རྐྱང་བ་ཡིན་པས་སོ། ། གཞན་ཡང་ཐོན་མི་སམ་བྷོ་ཊ་ལྟ་བུའི་སློབ་ཚན་ལ་མཚོན་ན། མི་སྣའི་ལོ་རྒྱུས་རྐྱང་བ་ཤེས་རྒྱུ་ནི་ལོ་རྒྱུས་སློབ་ཁྲིད་ཀྱིས་ཀྱང་འཇོན་པས་ན། དེའི་ཕན་གྱི་སྐད་ཡིག་སློབ་ཁྲིད་ཀྱི་ཆར་གཏོགས་པའི་ཐུན་མོང་མ་ཡིན་པའི་ནང་དོན་ཁག་སྟེ་སློབ་མའི་འབྲི་ཀློག་ཉན་བཤད་ཀྱི་ནུས་པ་སྐྱེད་སྲིང་དང་། མིང་བརྡ་ཐ་སྙད་ཀྱི་གོ་དོན་དང་བེད་སྤྱོད་སྟངས། ཚིག་གི་སྦྱོར་སྟངས། ལོ་སྣའི་ལོ་རྒྱུས་འབྲི་སྟངས་ཀྱི་རྒྱུན་ཤེས་ངེས་པ་སོགས་ནི་སྐད་ཡིག་གི་སློབ་ཁྲིད་ནང་དོན་ཐུན་མོང་མ་ཡིན་པ་དང་། སློབ་ཚན་གྱི་རྣམ་པའི་ཆར་གཏོགས་པའི“ཇི་ལྟར་བཤད”ཀྱི་ནང་དོན་ཁག་ཡིན་པས་ན། སྐད་ཡིག་དགེ་རྒན་རྣམ་པས་ཀྱང་བསླབ་ཁག་གཞན་དག་གི་དགེ་རྒན་ནང་བཞིན་རང་གི་སློབ་ཁྲིད་ནང་དོན་གྱི་ཁྱབ་ཁོངས་ལས་མ་བརྒལ་བར་སྐད་ཡིག་སློབ་ཁྲིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདོན་སྤེལ་གང་ལེགས་གནང་རྒྱུ་ནི་གལ་ཆེན་རེད་འདོད་དོ། །
བཞི། སློབ་ཆུང་སྐད་ཡིག་གི་མདོ།
     སྐད་ཡིག་བསླབ་ཚན་ཚད་གཞིར་གཏན་ཁེལ་བྱས་པའི་བསླབ་ཚན་སྤྱིའི་དམིགས་དམིགས་ཚད་དང་དུས་རིམ་སོ་སོའི་བྱེ་བྲག་གི་དམིགས་ཚད་སོགས་ཞིབ་ཏུ་བཤད་པ་ཡིན་ན་ང་ཚོའི་དགེ་རྒན་མང་པོ་ཞིག་ལ་མགོ་ཉོག་པའི་དཀའ་ཁག་འབྱུང་སྲིད་རྒྱུ་རེད། སློབ་ཐུན་གཅིག་གི་དུས་ཚོད་ནང་སྐད་ཡིག་གི་ཕྱོགས་སོ་སོའི་དམིགས་ཚད་དང་རེ་འདུན་ཁག་ཡོངས་སུ་འགྲུབ་ཐབས་བྱས་པ་ཡིན་ན་དཀའ་ཁག་ཀྱང་འབྱུང་ངེས་ཡིན་ལ། སློབ་ཁྲིད་དེ་ཆོ་མེད་དང་སྤྲོ་སྣང་མེད་པ་ཞིག་ཏུ་འགྱུར་བར་ཡང་ཐེ་ཚོམ་མེད། ང་ཚོའི་དགེ་རྒན་མང་པོ་ཞིག་གིས་ཧུར་ཐག་གིས་སློབ་ཁྲིད་བྱས་བྱས་པའི་འབྲས་བུར། ཚིག་གསུམ་བྲིས་ན་དག་ཆ་མེད་པ། དོན་ལོག་པ། དོན་མེད་པ། སྨྲ་མི་དག་པ། ཀློག་བྱང་མེད་པ་བཅས་ཀྱི་གནད་དོན་འབྱུང་བཞིན་པའང་གཙོ་བོར་སློབ་ཁྲིད་ཀྱི་མདོ་འཛིན་མ་ཤེས་པ་འདིས་ལན་འདུག་སྙམ།
     དེས་ན་ང་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་མཁས་པའི་གསུངས་སྟངས་གཞི་ལ་བཞག་ནས་བཤད་པ་ཡིན་ན། ས་སྐྱ་བསོད་ནམས་རྩེ་མོས་ཡི་གེ་བཀླག་ཐབས་བྱིས་པ་བདེ་འཇུག་ཏུ་ང་ཚོ་བོད་ལ་བཀླག་པར་བྱར་ཡོད་པའམ་བརྗོད་དུ་རུང་ཚད་ཀྱི་ཡི་གེ་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་ཡོད་པར་གསུངས་པ་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གིས་ཐོན་མིའི་བཞད་སྒྲ་རུ་གོང་གསལ་གྱི་ཡིག་གྲངས་དག་ལས་ད་དྲག་ཅན་སོགས་ད་ལྟ་བེད་སྤྱོད་མེད་པའི་ཁག་རྣམས་དོར་བ་ཡིན་ན་བཞི་སྟོང་བརྒྱ་མེད་ལྔ་བཅུ་ང་གསུམ་ཡོད་པར་གསུངས་པ་ནི་ད་ལྟ་ང་ཚོས་སྐད་ཡིག་བསླབ་ཚན་ཚད་གཞི་རུ་གླེང་བཞིན་པའི་རྒྱུན་བཀོལ་གྱི་ཐ་སྙད་ཅེས་པའི་ནང་དོན་མིན་ན་ཡང་། བཀླག་པར་བྱར་ཡོད་པ་ཙམ་དུ་མ་ཟད། མིང་ངམ་མིང་གི་ཐོག་མཐའ་ཅི་རིགས་པར་འཇུག་ཏུ་ཡོད་པའི་ཡི་གེ་འབའ་ཞིག་ཡིན་པས་ན། སློབ་ཆུང་དུས་རིམ་གྱི་ཀློག་དང་དག་ཆ་ངོས་འཛིན་གྱི་གྲངས་སུ་བགྲང་ཆོག་ཆོག་ཡིན་ལ། གོང་གི་ཡི་གེ་དེ་དག་ལས་གྲུབ་པའི་རྒྱུན་བཀོལ་གྱི་ཐ་སྙད་ཀྱང་སྐད་ཡིག་བསླབ་ཚན་ཚད་གཞི་རུ་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཐ་སྙད་བརྒྱད་བརྒྱ་དང་། གསུམ་བཞི་གཉིས་ལ་བརྒྱད་བརྒྱ། ལྔ་དྲུག་གཉིས་ལ་བརྒྱད་བརྒྱ་བཅས་ཁྱོན་ཐ་སྙད་ཉིས་སྟོང་བཞི་བརྒྱ་གཏན་ལ་ཁེལ་ཡོད་པ་བཞིན། ང་ཚོས་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་ཐ་སྙད་འདི་དག་གི་ཀློག་སྟངས་དང་དག་ཆ། སློབ་ཚན་དང་འབྲེལ་ནས་སྐད་ཆའི་ཁོར་ཡུག་མི་འདྲ་བའི་ཁྲོད་དུ་ཐ་སྙད་འདི་དག་ལ་གོ་བ་ལེན་སྟངས་དང་བེད་སྤྱོད་སྟངས་སོགས་ལེགས་པར་ཁྲིད་པ་ཡིན་ན། སློབ་ཆུང་དུས་རིམ་གྱི་འགན་ཁུར་གཙོ་ཆེ་བ་འགྲུབ་ཡོད་པར་འདོད་པས། གཟུར་གནས་དགེ་རྒན་དག་གིས་རང་རང་གི་སློབ་ཁྲིད་དོན་དངོས་དང་ཟུང་དུ་འབྲེལ་ནས་དཔྱད་པར་འཚལ་ལོ། །

སློབ་གསོའི་ཐ་སྙད་རྒྱ་བོད་ཤན་སྦྱར།
教育术语藏汉对照


སློབ་གསོ།   教育
སློབ་ཁྲིད།   教学
བསླབ་ཚན།   课程
བསླབ་གཞི།  教材
བསླབ་དེབ།  课本
སློབ་ཁང་སློབ་ཁྲིད། ཐུན་ཐོག 课堂教学
སློབ་ཁྲིད་སྨྱན་ཆས།   教学媒体
བསླབ་ཚན་ཐོན་ཁུངས།   课程资源
བསླབ་ཚན་ཚད་གཞི།  课程标准
སློབ་ཁྲིད་ཇུས་འགོད།   教学设计
ཁྲིད་ཡིག།   教案
ཁྲིད་ཆས།  教具
སློབ་ཁྲིད་གྲ་སྒྲིག 备课
སློབ་རིམ།  学段
ལོ་རིམ།  年级
ཐུན་ཕྱིའི་ལྟ་ཀློག 课外阅读
གྱེར་ཀློག 朗读
ལྟ་ཀློག 阅读
ཁོག་འདོན།  默读
སྐད་ཚོར། 语感
ཤེས་བྱ་དང་ནུས་རྩལ། 知识与技能
བརྒྱུད་རིམ་དང་ཐབས་ཤེས། 过程与方法
ཚོར་འདུའི་རྣམ་འགྱུར་དང་རིན་ཐང་ལྟ་བ། 情感态度与价值观
རང་ཚུགས། 自主
མཉམ་ལས། 合作
འཚོལ་དཔྱད། 探索
ཕྱོགས་བསྡུས་རང་བཞིན་གྱི་སློབ་སྦྱོང་། 综合性学期


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།