མིང་ཚིག་འགའ་ཞིག་གི་རྒྱ་བོད་ཡིག་སྒྱུར་སྐོར་གླེང་བ།
གླེང་སློང་བ།
དེ་ཡང་ཤེས་རིག་དཔལ་འབྱོར་གྱི་རྦ་རླབས་དྲག་པོས་མྱུར་དུ་ས་གཞི་ཆེན་པོ་འགེབ་ལ་ཉེ་བའི་དུས་རབས་ཉེར་གཅིག་པའི་དུས་འགོ་འདིར། འཛམ་གླིང་ས་ཡི་གོ་ལ་ཆེན་པོར་འཚོ་སྡོད་བྱེད་བཞིན་པའི་མི་རྣམས་ཀྱིས་རང་ཤུགས་ཀྱིས་ཤེས་རིག་གི་སྟོབས་ཤུགས་ཚོར་ཡོད་ལ། ཤེས་རིག་གི་དུས་རབས་གསར་པ་བསུ་ལ་མཁོ་བའི་སྒུལ་ཤུགས་རབས་དང་རིམ་པ་བཟོ་བཞིན་མཆིས། ང་ཅག་མདོ་དབུས་མཐོ་སྒང་སྟེང་འཚོ་བ་རོལ་བཞིན་པའི་བོད་རིགས་མི་དམངས་ལ་མཚོན་ནའང་། འདས་པའི་ལོ་ངོ་ཆིག་སྟོང་ལྷག་གི་སྔ་རོལ་དུ་ཤེས་རིག་གི་བསྒྲུན་ཏུ་མེད་པའི་ནུས་སྟོབས་མཐོང་ནས་དེ་ལ་མཐོང་ཆེན་དང་གསར་སྐྲུན་བླ་མེད་མཛད་པའི་དབང་གིས། ད་ལྟའི་དུས་ལ་ང་ཚོར་ངོམ་དུ་རུང་བའི་སྲོལ་རྒྱུན་ཤེས་རིག་གི་རྩ་བ་ལྡན། འོན་ཀྱང་ལོ་རྒྱུས་དང་ཕྱི་ཡུལ་གྱི་རང་བྱུང་ངམ་སྤྱི་ཚོགས་ཁོར་ཡུག་གི་ཆ་རྐྱེན་སོགས་ཀྱི་རྐྱེན་པས་རང་ཅག་རྣམས་དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་གང་གི་ཐད་ནས་ཀྱང་ད་དུང་རྗེས་ལུས་ཀྱི་གནས་སུ་བསྡད་ཡོད། རང་མི་རིགས་ཀྱི་རིག་གནས་ཆུ་ཚད་མཐོར་འདེགས་དང་མི་རིགས་ཀྱི་མ་འོངས་བགྲོད་ལམ་འཛམ་གླིང་ལ་ཁ་ཕྱོགས་པར་བྱེད་དགོས་ན། ང་ཚོས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་གསར་པ་རྣམས་ཚུར་ལེན་བྱེད་དགོས་པ་ནི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ལགས་ཤིང་། དེ་ཡང་གཙོ་བོ་ཡིག་སྒྱུར་གྱི་བྱ་བར་བརྟེན་དགོས་པ་ནི་སྨྲོས་མེད་ཡིན།
འོན་ཀྱང་ད་ལྟའི་ཆར། ཡིག་སྒྱུར་ལ་མྱོང་ཆ་ཡོད་མེད་ཅི་རིགས་ཀྱིས་རང་སྣང་གང་ཤར་དང་མཁས་མདོག་ཁ་པོས་རང་གཅིག་པུས་རྟོགས་པའི་“མན་ངག་”ལ་བརྟེན་ནས་ཡིག་སྒྱུར་གྱི་བྱ་བ་སྒྲུབ་བཞིན་ཡོད་ལ། དེ་ལས་ཀྱང་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་དོན་ཞིག་ནི། དེང་མདོ་དབུས་ཁམས་གསུམ་གྱི་འབྲེལ་ཡོད་ཡིག་སྒྱུར་ཚན་པ་སོ་སོས་ཕན་ཚུན་རམ་འདེགས་དང་འབྲེལ་ལམ་མི་འཛུགས་པར་རང་སར་བསྡད་དེ་མིང་ཚིག་མང་པོ་སྒྱུར་སྤེལ་བྱེད་བཞིན་པ་འདིས། ང་ཚོའི་སྲོལ་རྒྱུན་གྱི་ཡིག་སྒྱུར་སྲོལ་བཟང་ལ་ངན་ཤན་ཐེབས་ཡོད། གོ་བ་ལོན་མི་ལོན་དང་དོན་ལ་འགྲོ་མིན་གྱི་མིང་ཚིགས་མང་པོ་ང་ཚོའི་དུས་དེབ་དང་ཚགས་པར་མང་པོར་འགོད་བཞིན་ལགས་པས། དེ་ལྟར་ན་ཕྱིས་ཀྱི་ཤེས་རིག་སྒྲོག་སྤེལ་ལ་ཤན་ཞུགས་ངན་པ་ཐེབས་པར་སྙམ་ནས། རྒྱ་བོད་མིང་ཚིག་ཡིག་སྒྱུར་ཁྲོད་མངོན་པའི་གནད་དོན་འགའ་ཞིག་འདིར་དཔྱད་གཞིར་བཀོད་པ་ལགས།
དངོས་གཞི།
ཀ 爱情--བརྩེ་དུང་--འདོད་བརྩེ།
རྒྱ་བོད་ཚིག་མཛོད་དང་བོད་རྒྱ་ཚིག་མཛོད། དེ་མིན་དུས་དེབ་དང་ཚགས་པར་སོགས་གང་མང་གི་སྟེང་དུ། རྒྱའི་མིང་ཚིག་(爱情)ཞེས་པར་“བརྩེ་དུང་”ཞེས་བསྒྱུར་ཡོད་ལ།
ད་སྐབས་“བརྩེ་དུང་”ཞེས་པའི་མིང་ཚིག་འདི་(爱情)ཞེས་པའི་བརྡ་རུ་བྱས་ནས་གང་སར་བཀོལ་བཞིན་ཡོད། ཡིན་ནའང་སྒྱུར་བ་པོ་དེས་ཐོག་མར་སྒྱུར་དུས་ཐུགས་མཉམ་མ་བཞག་པ་ཞིག་ལ། བོད་དུ་“བརྩེ་དུང་”ནི་ཕོ་མོའི་བར་གྱི་བརྩེ་བ་དེ་ཁོ་ན་ལ་གོ་བ་མིན་པར། ཕ་མ་བུ་ཕྲུག་དང་སྤུན་མཆེད་བར། དེ་བཞིན་གྲོགས་པོ་ཕན་ཚུན་བར་དང་ཐ་ན་དགེ་སློབ་སོགས་ཡོད་ཚད་དབར་གྱི་མཛའ་བརྩེ་དེར་གོ་བ་ཡིན། རྒྱས་ཕོ་མོའི་བར་གྱི་མཛའ་འབྲེལ་དེ་ཁོ་ནར་(爱情)ཞེས་འབོད་པ་དང་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད། དེ་ཡང་བརྩེ་དུང་ཞེས་པ་དེ་ནི་ཁྱབ་ཆེ་སྟེ། རྒྱའི་(感情)ཟེར་བ་དང་ཕལ་ཆེར་གཅིག་འདྲ་ཡིན། དེར་བརྟེན་བདག་གི་ལྟ་བར་(感情)ལ་“་བརྩེ་དུང་”དང་། (爱情)ལ་“འདོད་བརྩེ་”ཞེས་བསྒྱུར་ན་འཐད་པར་འདོད་དེ། འདོད་བརྩེ་ནི་ཕོ་མོའི་བར་ལ་ཐུན་མིན་དུ་གྲུབ་པའི་བརྩེ་དུང་གི་རིགས་ཤིག་ཡིན་པ་འདི་རྒྱའི་(爱情)ཞེས་པའི་མིང་ཚིག་དེ་ཕོ་མོའི་བར་གྱི་ཐུན་མིན་གྱི་འབྲེལ་བ་དེ་ཁོ་ན་ལས་གཞན་ལ་སྦྱོར་དུ་མེད་པ་ལྟར་“འདོད་བརྩེ་”ཞེས་པའི་མིང་ཚིག་དེ་ཡང་ཕ་མ་སྤུན་མཆེད་བར་དང་དགེ་སློབ་གྲོགས་པོའི་བར་ལ་གང་འདོད་དུ་སྦྱོར་བའམ། ཚོགས་པར་རང་སྣང་གིས་དབྱུང་དུ་མི་རུང་།
གཞན་“བརྩེ་དུང་”གི་གོ་དོན་དང་སྒྲ་བཤད་ལ་བསམ་པས་ཀྱང་“འདོད་བརྩེ་”དང་མི་འདྲ་སྟེ། “བརྩེ་དུང་”ནི་རང་ཡུལ་ལ་སྤྲོ་ཞིང་དགའ་བའམ་དེ་ལ་བརྩེ་བས་འཇུག་ཅིང་དུང་བ་ཟབ་པ་ལ་བྱ་བ་དང་། “འདོད་བརྩེ་”ནི་འདོད་པའི་ལས་ལ་བརྩེ་བས་འཇུག་པ་ལ་གོ་བའོ།
ཁ 物质--དངོས་པོ་---གཟུགས་ཅན།
རྒྱས་འདུས་བྱས་ཀྱི་དངོས་པོ་རྣམས་( 物质)དང་(精神)གཉིས་སུ་དབྱེ་སྟེ་གོ་བ་ལེན་ལ། (物质)ནི་ཐོགས་རེག་གི་ཆ་དང་ལྡན་པའི་འདུས་བྱས་དང་། (精神)ནི་མཐོང་སྣང་དུ་མེད་པའི་ཤེས་པའི་རང་བཞིན་ཞིག་ཏུ་འདོད། བོད་ཀྱིས་“དངོས་པོ་”ཞེས་པའི་མིང་ཚིག་དེར་མཚན་ཉིད་རིག་པའི་ཁྲོད་གཟུགས་དང་ཤེས་པ། ལྡན་མིན་འདུ་བྱེད་བཅས་ཀྱི་སྤྱིའི་བདག་ཉིད་ཅིག་ཏུ་བཞེད་པ་རེད།
དེང་གི་ཆར་ནོར་བ་རྒྱུན་འབྱམས་སུ་སོང་བ་ཞིག་ལ། རྒྱའི་(物质)ཞེས་པའི་མིང་ཚིག་དེ་བོད་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས་“དངོས་པོ་”ཞེས་ཡིན་མདོག་ཁ་པོས་བསྒྱུར་འདུགཡིན་ནའང་བོད་ཀྱི་“དངོས་པོ་”ཞེས་པའི་མིང་ཚིག་དེར་ཤེས་པའི་རང་བཞིན་གྱི་འདུས་བྱས་ཀྱང་འདུས་པས་ན། ཞིབ་མོས་དཔྱད་ཚེ། རྒྱ་ཡི་(物质)དང་བོད་ཀྱི་“གཟུགས་”ཞེས་པའི་མིང་ཚིག་གཉིས་དོན་གཅིག་མཚུངས་ཡིན་པ་སྟེ། གཉིས་ཀ་མིག་ལ་སྣང་ཐུབ་ཅིང་ཐོགས་རེག་ཡོད་པའི་འབྱུང་བའི་རྫས་ཤིག་ལ་གོ་བ་ཡིན། དེར་བརྟེན། (物质)ལ་“དངོས་པོ་”ཞེས་བསྒྱུར་ན་ནི་ཆ་འགྲིག་ཏུ་མི་འགྲོ་བར་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཁས་པའི་མི་ཞིག་ལ་མཚོན་ན་ལྷག་པར་དཀའ་ངལ་འཕྲད་སྲིད། དེར་བརྟེན། “གཟུགས་ཅན་”ཞེས་བསྒྱུར་ཚེ་མིང་ཚིག་འདིའི་ཡིག་འབྲུ་མཐོང་བ་དང་གོ་བ་བདེ་བླག་ཏུ་རྙེད་ཐུབ་ལ། དོན་ཡང་གནད་ལ་འཁེལ་ཡོད་པ་ཡིན།
ག 万物有神论--དངོས་པོ་ཐམས་ཅད་ལ་ལྷས་ཁྱབ་པར་སྨྲ་བ་--སྣང་སྲིད་ལྷའི་རྣམ་རོལ་ཏུ་སྨྲ་བ།
ལྷ་སྒྲུང་ལ་ཞིབ་འཇུག་དང་གནའ་རབས་རིག་གནས་ལ་ཤེས་རྟོགས་བྱུང་བ་དང་བསྟུན་ནས། རྒྱར་(万物有神论)ཞེས་པའི་ཐ་སྙད་བྱུང་ཞིང་། དེ་དང་ལྷན་དུ་བོད་མི་ནང་འདྲེན་ལ་མཁས་པ་དེ་དག་གིས་ཀྱང་མིང་ཚིག་དེ་“དངོས་པོ་ཐམས་ཅད་ལ་ལྷས་ཁྱབ་པར་སྨྲ་བ་”དང་“ཕྲ་རགས་དངོས་པོ་མཐའ་དག་ལྷའི་སྲོག་ཞུགས་སྨྲ་བ་”“དངོས་པོ་ཡོད་ཚད་ལ་ལྷའི་འདུ་ཤེས་ལྡན་པར་སྨྲ་བ་”སོགས་མང་དུ་བསྒྱུར་ཡོད་པ་རེད། དེ་ལྟར་བསྒྱུར་བ་ལ་དོན་གྱི་ཆ་ནས་འགལ་བ་ཅི་ཡང་མེད་ཀྱང་། རང་རེའི་བོད་ཀྱི་བསྟན་བཅོས་སྔ་མ་དག་(གཙོ་བོ་བོན་གྱི་བསྟན་བཅོས་)ན་“སྣང་སྲིད་ལྷའི་རྣམ་རོལ་དུ་སྨྲ་བ་”ཞེས་པའི་མིང་ཚིག་ཅིག་ཡོད། མིང་ཚིག་དེར་ཇི་ལྟར་དཔྱད་ནའང་ད་ལྟ་རྒྱའི་(万物有神论)ཟེར་བ་དང་དོན་གཅིག་མཚུངས་ཡིན་པར་སྣང་། དེ་ཡང་(万物有神论) ཞེས་པ་ནི་འཇིག་རྟེན་གྱི་ཕྲ་རགས་རྫས་(གཟུགས་ཅན་)མཐའ་དག་ལ་ལྷ་སྲོག་ཞུགས་ཡོད་པ་དེར་བཤད་པ་སྟེ། དཔེར་ན་ཆུ་ལྷ་དང་མེ་ལྷ། རླུང་ལྷ། ཉི་མའི་ལྷ། གཞི་བདག གནས་བདག ཁྱིམ་གྱི་ལྷ་སོགས་ཀྱི་ཤོད་རྒྱུན་ཡོད་ཅིང་། “སྣང་སྲིད་ལྷའི་རྣམ་རོལ་དུ་སྨྲ་བ་”ཞེས་པ་ཡང་དེ་མཐུན་གྱི་དོན་ལས་མ་འདས་པས། (万物有神论)ལ་“སྣང་སྲིད་ལྷའི་རྣམ་རོལ་དུ་སྨྲ་བ་”ཞེས་བསྒྱུར་ན་བོད་སྔ་རབས་པའི་ཤོད་ལུགས་དང་མཐུན་པ་མ་ཟད། མིང་ཚིག་གཅིག་གྱུར་བཟོ་བའི་དོན་ལའང་ཕན་པར་འདོད་དོ།
ང 超人---རྣལ་འབྱོར་བ་--འཕགས་མི།
རྒྱའི་མིང་ཚིག་ཏུ་རྒྱུན་པར་མཐོང་བའི་(超人)དང་། དེང་གི་གློག་བརྙན་དང་གློག་པྲ་སོགས་སུ་མཐོང་བའི་(超人) ཞེས་པའི་མིང་ཚིག་དེ་བོད་སྐད་དུ་སྒྱུར་སྐབས། མི་མང་ཆེ་བས་“རྣལ་འབྱོར་བ་”ཞེས་བསྒྱུར་ཡོད་ལ། སྒྱུར་སྟངས་དེ་འདྲ་ཆགས་པོ་ཞིག་བྱུང་བ་ལྟ་བུའང་འདུག འོན་ཀྱང་མིང་ཚིག་དེར་ཞིབ་ཏུ་དཔྱད་ཚེ། “འཕགས་མི་"ཞེས་བསྒྱུར་ན་ཡང་དག་པར་འདོད།
འབྲོང་བུ་ཚེ་རིང་རྡོ་རྗེས་བརྗོད་པའི་“རྣལ་འབྱོར་ཤེར་རྟོགས་རིག་པ་”ཞེས་པའི་མིང་ཚིག་དེར་བསམས་པ་ན། (超人)ལ་“རྣལ་འབྱོར་བ་”ཞེས་བསྒྱུར་ན་དོན་ལ་འབབ་མིན་ཤེས་སླ་སྟེ། དེ་ཡང་རང་རེས་བརྗོད་པའི་རྣལ་འབྱོར་བ་ནི། མངོན་རྟོགས་ཀྱི་རིམ་པ་མཐོན་པོར་འཕགས་ཤིང་། མི་ཕལ་པའི་སྣང་ངོར་ཆ་ལུགས་གཞན་དུ་མཆིས་ལ། རྫུ་འཕྲུལ་གྱི་སྟོབས་ཀྱང་འཛོམས་པའི་མི་དེ་དག་ལ་གོ་བ་ཡིན་མོད། (超人 )ཞེས་པ་དེ་སྐབས་འགར་དེ་འདྲ་ལ་གོ་རྒྱུ་ཡིན་(གློག་བརྙན་སོགས་སུ་མངོན་པའི་超人)ཡང་མཐའ་གཅིག་ཏུ་དེ་ལྟ་བུར་མི་གོ་བ་གོང་གི་“རྣལ་འབྱོར་ཤེར་རྟོགས་རིག་པ་”" ལྟ་བུས་མཚོན། དེར་བརྟེན། (超人)ལ་“རྣལ་འབྱོར་བ་”ཞེས་བསྒྱུར་ཚེ་དོན་ཆ་མཉམ་དུ་བབས་མེད་ལ། “འཕགས་མི་”ཞེས་ཕབ་སྒྱུར་བྱས་པ་ཡིན་ན། ད་གཟོད་དོན་དང་མཐུན་པར་འདོད་དེ། འཕགས་མི་ནི་སོ་སྐྱེའི་ས་ལས་རིང་དུ་འཕགས་ཤིང་ནུས་སྟོབས་ཆེན་པོ་འཛོམས་པའི་མིར་གོ་ལ་རྒྱའི་(超人)ཡང་དེ་ལྟ་བུ་ཞིག་ཡིན་པས་འགལ་བ་མེད་པར་སྙམ་པ་དང་། (超人)ནི་མི་ལ་རས་པ་ལྟ་བུར་བཞག་ཚེ་དོན་ལ་འབབ་དཀའ་འོ།
ཅ 电视 --བརྙན་འཕྲིན་--གློག་པྲ།
སྒྲ་གཟུགས་ཕབ་སྒྱུར་གྱིས་ལྟད་མོར་རུང་བའི་གློག་ཆས་དེར་རྒྱས་(电视)ཞེས་འབོད་ཅིང་། བོད་དུའང་“བརྙན་འཕྲིན་”ཞེས་བསྒྱུར་ཏེ་ད་ལྟ་གཏན་ཆགས་ཀྱི་རྣམ་པར་སོང་ནས་མི་ཚང་མས་དོན་གང་ཞིག་སྟོན་པ་གསལ་པོར་ཤེས་ཐུབ།
འོན་ཀྱང་སྔ་རབས་བོད་ཀྱི་ཡིག་སྒྱུར་རྩ་དོན་ལ་བསྟུན་ཚེ་“གློག་པྲ་”ཞེས་བསྒྱུར་ན་ལེགས་སྙམ། རྒྱུ་མཚན་ནི། པྲ་ཞེས་པ་པྲ་ཕབ་པ་ལྟ་བུ་སྟེ་གཟུགས་བརྙན་འཆར་དུ་བཅུག་པ་དེར་བྱ་ཞིང་། འདིར་གློག་ཆས་ཡིན་པས་ཐད་ཀར་དུ་“གློག་པྲ་”ཞེས་བཏགས་ན་དོན་ལ་མཐུན་ཞིང་རྒྱུ་མཚན་ཡོད་པར་འདོད།
ཆ 数学--རྩིས་རིག་-གྲངས་རིག
བོད་ལ་གནའ་སྔ་མོ་ནས་གྲངས་རིག་པ་དར་བའི་སྐོར་“ཐག་ལ་མདུད་པ་དང་། ཤིང་ལ་རྟགས་བུ་བཏབ་སྟེ་རྩིས་བྱེད་”ཅེས་པ་ལས་རྟོགས་ཐུབ་ལ། ཕྱིས་ནང་བསྟན་བོད་ལ་དར་བའི་ཤུགས་རྐྱེན་དང་རྒྱའི་རྩིས་གཞུང་བོད་ལ་འཆད་སྤེལ་མཛད་པའི་དབང་གིས། བྱེད་རྩིས་དང་གྲུབ་རྩིས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩིས་རིག་པ་བྱུང་། ཉེ་རབས་ལོ་རྒྱུས་ནང་འཛམ་གླིང་དུ་རྒྱས་(数学)ཞེས་འབོད་པའི་རིག་པ་དེ་དར་རྗེས། རང་རྐྱ་ཐུབ་པའི་རིག་ཚན་ཞིག་ཏུ་གྲུབ་ལ་བོད་ཀྱིས་ཀྱང་“རྩིས་རིག་”ཅེས་བསྒྱུར་འདུག
དོན་ལ་( 数学) ལ་“རྩིས་རིག་” ཅེས་བསྒྱུར་ན་མི་འཐད་དེ། བདག་གིས་སྙམ་ན་རྩིས་རིག་ཏུ་(数学)ལ་མེད་པའི་ཆ་དུས་གཟེར་རྩི་ཚུལ་དང་ཉི་ཟླའི་འཆར་ནུབ། ཆར་པ་འབབ་ཞོད་ཀྱི་མང་ཉུང་རྩི་ཚུལ་སོགས་རིག་པ་ཡིད་ལ་མི་ཤོང་བ་མང་རབ་ཅིག་འདུས་པས། རྒྱས་(数学)ཟེར་བའི་རིག་པ་དེ་དང་མི་མཚུངས་པ་ཡིན། (数学)ནི་གཙོ་བོ་གྲངས་ཀའི་འཕྲི་སྣོན་སོགས་གཞི་རྩར་བྱས་ཏེ་འཇིག་རྟེན་པའི་བྱ་དངོས་ཀྱི་འགྱུར་ལྡོག་ལ་རྩིས་བྱེད་པ་ཡིན་རྐྱེན། (数学) དང་“རྩིས་རིག་”གཉིས་གྱི་འབྲེལ་བ་ནི། རྩིས་རིག་数学ཡིན། དེར་བརྟེན་(数学)ལ་“གྲངས་རིག་”ཅེས་བསྒྱུར་ན་འཐད་པར་མཐོང་ངོ་།
ཇ 图腾--ཐོ་ཐེམ་--བླ
(图腾)ནི་དབྱིན་ཇིའི་སྐད་ཀྱི་ཐོ་ཐེམ་(totem)ཞེས་པ་སྒྲ་སྒྱུར་བྱས་པ་ལས་བྱུང་ཞིང་། རང་རེས་ཀྱང་རྒྱ་སྐད་ཀྱི་སྒྲ་སྒྱུར་དེ་གཙོར་བཟུང་ནས་“ཐོ་ཐེམ་”ཞེས་བསྒྱུར་ཡོད་པ་རེད། "totem”ནི་གཉེན་ཉེ་དང་མེས་པོ། སྲུང་མ། རུས་རྟགས་བཅས་ཀྱི་བདག་ཉིད་ཅན་ལ་གོ་བ་དང་། རང་རེར་སྔ་མོ་ནས་དེའི་ཕྱོགས་ལ་“བླ་”ཞེས་པའི་བརྡ་ཆད་རྒྱུན་བཀོལ་དུ་ཡོད། དེ་ནི་ཆོས་ལུགས་ཀྱི་ཤོད་ཚུལ་ནང་བཞིན་མི་རྣམས་གསོན་དུས་ལུས་ལ་གནས་ཤིང་འདས་དུས་ལུས་དང་བྲལ་ནས་གནས་ཐུབ་པའི་བདག་ཉིད་ཅན་དེར་གོ་ན་ཁྱབ་ཆུང་སྟེ། རྒྱལ་རབས་དེབ་ཐེར་དག་ན་“སྒ་ནི་ཤིང་ཁམས་ལུག་ལ་བླ། ། སྒོ་ནི་མེ་ཁམས་ར་ལ་བླ། ། ལྡོང་ནི་ས་ཁམས་ཤ་བར་བླ། ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། ། འབྲི་ནི་ཆུ་ཁམས་གཡག་ལ་བླ། ། ”ཞེས་འབྱུང་བ་ལས་ཀྱང་“totem”དང་དོན་མཚུངས་པ་གསལ་པོར་ངེས་ཐུབ་ལ། “བླ་”ཞེས་བརྡ་ཆད་ཡོད་བཞིན་དུ་“ཐོ་ཐེམ་”ཞེས་གཡར་ཚིག་བཀོལ་དགོས་དོན་མེད་དོ།
ཉ 市场--ཚོང་ར་--ཁྲོམ་ར།
སྤྱི་ཚོགས་ཀྱི་ལས་བགོས་ཇེ་ཞིབ་དང་གཟུགས་ཅན་དཔལ་འབྱོར་བླ་ལྷག་གིས་གོང་དུ་འཕེལ་བ་དང་བསྟུན་ནས། རང་རྒྱལ་དུ་འཆར་གཞིའི་དཔལ་འབྱོར་གྱི་ཚབ་བྱས་པའི་(市场经济)ཞེས་པ་བྱུང་ཞིང་། ཚགས་པར་ལས་རིགས་ཁག་ནས་དེ་ལ་“ཚོང་རའི་དཔལ་འབྱོར་”ཞེས་བསྒྱུར་ནས་བཀོལ་བཞིན་ཡོད་པ་རེད། ཡིན་ནའང་(商场) ཞེས་པར་ཡང་“ཚོང་ར་”ཞེས་བསྒྱུར་ཡོད་པས། དོན་ལ་གང་ཞིག་ལ་“ཚོང་ར་”ཞེས་འོས་སམ་ཞེ་ན། (商)ནི་ཚོང་ལ་འཇུག་པས་ཚོང་ར་ཞེས་དང་། (市)ནི་གྲོང་ཁྱེར་ཏེ་ཁྲོམ་གྱི་འདུ་འཛི་ལྡན་པ་ཅན་དུ་གོ་བས་(市场) ལ་“ཁྲོམ་ར་” ཞེས་བསྒྱུར་ན་དོན་མཐུན་དུ་གྱུར་པ་ཡིན། གཞན་ཡང་དེ་སྔ་ཏུན་ཧོང་ཁུལ་དང་མཚོ་སྔོན་ཤར་ཁུལ་དུ་ཚོང་ཟོག་བརྗེ་རེས་བྱེད་པ་དེར་ཡང་“ཁྲོམ་”ཞེས་ཡིག་ཚང་དག་ན་ཡོད་པས། (市场)ལ་“ཁྲོམ་ར་”དང་(市场经济)ལ་“ཁྲོམ་རའི་དཔལ་འབྱོར་”ཞེས་བསྒྱུར་ན་ནོར་བ་མེད་ཅིང་། “ཚོང་ར་”ནི་འོས་མཐུན་གྱིས་(商场)ལ་བཀོལ་དགོས་པ་ཡིན།
ཏ 青藏高原--མཚོ་བོད་མཐོ་སྒང་--མདོ་དབུས་མཐོ་སྒང་།
མཚོ་སྔོན་དང་བོད་དཀྱིལ་སྙིང་ཡིན་པའི་མཐོ་སྒང་(འདི་ལྟར་བསྒྱུར་ཚུལ་ཡང་དོན་མཐུན་ཡིན་མིན་མི་ཤེས་) འདིར་རྒྱས་(青藏高原)ཞེས་འབོད་ཅིང་། དེར་ཡང་ལ་ལས་“མཚོ་བོད་མཐོ་སྒང་”ཞེས་ཐད་སྒྱུར་བྱས་ཡོད་པ་རེད།
སྔ་རབས་བོད་ཀྱི་ས་ཁམས་དབྱེ་ལུགས་ལྟར་ན། མཐོ་སྒང་དེ་ཏག་ཏག་དབུས་དང་ཨ་མདོ་དཀྱིལ་སྙིང་དུ་བྱས་ནས་ཆགས་ཡོད་རྐྱེན། ང་ཚོས་འདིར་གཞིར་བཟུང་ནས་(青藏高原)ལ་“མདོ་དབུས་མཐོ་སྒང་”ཞེས་དོན་བསྒྱུར་བྱས་ན་གོ་བདེ་ལ་སྲོལ་རྒྱུན་འབོད་ལུགས་དང་ཡང་མཐུན་པར་འདོད།
ཐ万岁--ཁྲི་ལོར་བརྟན་པ་ཤོག--བསྐལ་བརྒྱར་བརྟན་པར་སྨོན།
ད་ལྟའི་བོད་རིགས་ན་གཞོན་ཤེས་ཡོན་ཅན་དང་ལོ་ཆུང་གཞོན་ནུ་རྣམས་ལ་མཚོན་ན། རྒྱའི་(万岁)ཞེས་པ་ནི་ཡིག་སྒྱུར་ལོ་རྒྱུས་ཁྲོད་ཀྱི་མིང་ཚིག་སྔར་མེད་པ་(བོད་ལ་)ཞིག་ཏུ་སྙམ་པས། ཚང་མས་“ཁྲི་ལོར་བརྟན་པ་ཤོག་”ཅེས་ཐད་སྒྱུར་འདྲ་ཆགས་པོ་ཞིག་བཀོལ་ཡོད་པ་རེད།
ང་ཚོས་སྔོན་བྱོན་མཁས་དབང་དག་གི་གསུང་འབུམ་དང་དེབ་ཐེར་དག་ལ་ཞིབ་མོས་མཇལ་ཚེ། “བསྐལ་བརྒྱར་བརྟན་པར་སྨོན་”ཞེས་པ་ནི་(万岁)དང་དོན་མཐུན་ཆ་འགྲིག་ཡིན་པ་བསྙོན་མེད་ཡིན་ཞིང་། དེ་ནི་ཡང་ན་བོད་ནས་ཕར་བསྒྱུར་བའམ་དེ་མིན་ན་རྒྱ་ནས་ཚུར་བསྒྱུར་བ་ཞིག་ཡིན་ཀྱང་སྲིད། དེར་བརྟེན་(万岁)ལ་“ཁྲི་ལོར་བརྟན་པ་ཤོག་” ཅེས་མིང་ཚིག་གསར་པ་བཀོལ་བ་ལས། “ བསྐལ་བརྒྱར་བརྟན་པར་སྨོན་”ཞེས་སྔར་ཡོད་ཡིག་ཚང་དུ་འཁོད་པ་རང་སོར་བཞག་ན་ལེགས་པར་སྙམ་མོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com