ན་ཆུང་རྩེན་པའི་སྐྱོ་གླུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-08-03 10:20:56 ཀློག་གྲངས།:

གླེང་གཞི།

ན་ཆུང་རྩེན་པའི་སྐྱོ་གླུ་ཞེས་པ་འདི་ལས་རྒྱུ་དབང་ཐང་ཅན་གྱི་དཔོན་པོ་དག་དང༌། ང་ཚོའི་རྒན་རབས་པ་རྣམས་ཀྱི་བསམ་བློ་རྨོངས་དད་དང་གོམས་སྲོལ་རྙིང་བའི་འཆང་རྒྱ་ལས་འགྲོལ་ཐུབ་པར་རམ་འདེགས་ཙམ་དང༌། མ་མཐའ་ཡང་རང་རིགས་ཀྱི་མི་རབས་རྗེས་མ་ཚོར་གཞོན་ནུ་འདི་གཉིས་ཀྱི་སྐྱོ་གདུང་དེ་ལྟ་བུ་མི་འབྱུང་བའི་བློ་བརྡ་ཙམ་བྱེད་ཐུབ་པར་སྙམ་སྟེ། 1975ལོར་ཕ་ཡུལ་ཆབ་འགག་ནས་བྲིས་མོད་ཀྱི། འོན་ཏེ། སྐབས་དེར་དུས་ཀྱི་དབང་གིས་ཀློག་པ་པོ་རྣམས་ཀྱི་འདྲེན་བྱེད་སྤྱོད་ཡུལ་དུ་འགྱུར་མ་ཐུབ། རྗེས་སུ་གཞོན་ནུ་མི་ཉུང་བ་ཞིག་གིས་འདོད་བློ་ལྟར1983ལོར་གྲོང་ཁྱེར་ཆེན་པོ་ལན་གྲུ་ནས་ཞུ་དག་བྱས།

 

དང་པོ།

 

དགུང་སྔོན་པོ་འཁོར་ལོ་རྩིབས་བརྒྱད། །

རྩིབས་བརྒྱད་པོ་བསྐོར་བའི་གནས་ལྷ། །

གནམ་ཨ་ནེ་གོང་སྨན་རྒྱལ་མོ། །

སྟེང་ལྷ་ཆེན་ཚངས་པ་དཀར་པོ། །

བོད་མགོ་ནག་ཡོངས་ཀྱི་ཕ་མ། །

སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ། །

ས་དོག་མོ་པད་མ་འདབ་བརྒྱད། །

ས་པད་མ་འདབ་བརྒྱད་སྟེང་ནས། །

བོད་ཁ་བ་ཅན་གྱི་ཕ་ས། །

སྟོད་གན་ན་མངའ་རིས་སྐོར་གསུམ། །

བར་དེ་ན་དབུས་གཙང་རུ་བཞི། །

སྨད་འདི་ན་མདོ་ཁམས་སྒང་དྲུག །

སྨད་མདོ་ཁམས་སྒང་དྲུག་དཀྱིལ་ནས། །

ཕོ་ང་ཡི་ཕ་ས་ཕ་ཡུལ། །

ཡུལ་གངས་ཅན་བོད་ཀྱི་ས་ཆ། །

སྨད་ཨ་མདོ་ཡུལ་གྱི་ལྟེ་བ། །

གསེར་རིན་ཆེན་གཏེར་ཁའི་འབྱུང་གཞི། །

རྟ་ནོར་ལུག་གསུམ་གྱི་ཕ་ས། །

ཟས་འབྲུ་དྲུག་ནོར་བུའི་བང་མཛོད། །

ས་ཕྱུག་མོ་ཆབ་འགག་གཡང་ར། །

སྐྱིད་ཉི་མ་དགུང་ནས་ཤར་ས། །

སྡུག་མུན་པ་མཐའ་ནས་དྭངས་ས། །

བན་སེར་མོའི་དགོན་པ་ཆགས་ས། །

མགོ་གསེར་ཞྭའི་བླ་མ་འཁྲུངས་ས། །

ཆོས་དཀར་པོའི་བསྟན་པ་དར་ས། །

སྙན་ལྷང་ལྷང་མགུར་མ་གསུང་ས། །

ལྷ་ལྷ་མོས་མགོན་སྐྱབས་བྱེད་ས། །

ཡུལ་ཆོས་སྐྱོང་སྲུང་མ་དགའ་ས། །

རྒན་ལོ་ལོན་སེམས་རྒྱ་ཆེ་ས། །

ཆུང་བྱིས་པས་རྩེད་དགོད་བྱེད་ས། །

སྟག་ཤ་རར་དཔའ་རྩལ་རྒྱས་ས། །

མ་བུ་མོས་གཡུ་བྱུར་འདོགས་ས། །

མི་མཁས་པའི་ཁ་ལྕེ་བདེ་ས། །

རྟ་འདོ་བའི་གོམ་ལག་འཛོམ་ས། །

ལུག་འཚེར་མོའི་བལ་ཁ་འཇམ་ས། །

མཛོ་ཁྱུང་དཀར་རྭ་ཁ་གོར་ས། །

འབྲི་ཐོའུ་མའི་ནུ་ཁ་ཡངས་ས། །

ལྷོ་གཡུ་འབྲུག་སྔོན་མོ་གྲགས་ས། །

དགུང་སྦྲང་ཆར་ཟིལ་མ་འབབ་ས། །

སྤང་མེ་ཏོག་ལོ་འདབ་རྒྱས་ས། །

འབུ་བུང་བས་གླུ་དབྱངས་ལེན་ས། །

ཟས་འབྲུ་དྲུག་འབྲས་བུ་སྨིན་ས། །

བྱ་ཁུ་ལོས་གསུང་སྙན་སྒྲོག་ས། །

སྐྱིད་འཇིག་རྟེན་སྣང་བ་མཐུན་ས། །

ས་ཕྱུག་མོ་ཆབ་འགག་གཡང་ར། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།