རིན་པོ་ཆེ་བརྟག་ཐབས་མདོར་བསྡུས་བཞུགས་སོ། ། ཀློང་རྡོལ་བླ་མས་མཛད།

རྩོམ་པ་པོ།:ཀློང་རྡོལ་བླ་མས་མཛད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-05-13 09:00:49 ཀློག་གྲངས།:
༈གཡུ་སྤྱང་གྲུ་དཀར་གྲུ་དམར་བར་གཡུ་དང་། །
མཆིན་ཁ་ལ་སོགས་གཡུ་ལ་གཏོགས་ཙམ་ལྔ། །
སུལ་མེད་དྲེག་མེད་གྲུ་དཀར་གྲུ་དམར་གཉིས། །
ཟིལ་གནོན་གཡུ་སྤྱང་ནོར་བུ་སྤུག་ཅེས་གྲགས། །
སུལ་མང་དྲེགས་ལྡན་གཡུ་སྤྱང་མདོག་འདྲ་ཡང་། །
རིན་ཐང་ཆུང་ཞིང་གྲུ་དཀར་གྲུ་དམར་ཟེར། །
འབྱུང་ཁུངས་གངས་ཅན་བོད་ཀྱི་བྲག་མ་གཏོགས། །
འཛམ་གླིང་ཡུལ་གྲུ་ཀུན་ལས་མི་འབྱུང་བཤད། །
འབྲིང་དང་ངན་པ་ཡུལ་གྲུ་ཀུན་ནས་ཐོན། །

༈སངས་རྒྱས་བྱང་སེམས་ཉ་རུ་སྤྲུལ་བ་ཡི། །
ཁོག་པའི་ནང་ནས་མུ་ཏིག་དམར་པོ་འབྱུང་། །
དེ་ལ་རཀྟ་མུ་ཏིག་ཅེས་སུ་གྲགས། །
ཝ་ལུ་མུ་ཏིག་ག་ཙ་མུ་ཏིག་དང་། །
སི་ཀ་མུ་ཏིག་རམ་པ་མུ་ཏིག་དང་། །
སརྦ་མུ་ཏིག་སྨད་ཀྱི་མུ་ཏུག་དང་། །
རྨ་ལུ་མུ་ཏིག་བཅས་ཏེ་རིགས་བདུན་ནི། །
གླང་ཆེན་སྦྲུལ་གྱི་ཀླད་པ་ལས་བྱུང་དང་། །
རྒྱ་གར་ལྷོ་ཕྱོགས་ཤིང་གི་འདབ་མ་ལ། །
ལྷ་ཡི་ཆར་རྒྱུན་ཕབས་ལས་བྱུང་བ་འམ། །
ཡང་ན་ཆར་བ་ཉ་ཡི་ཡིས?༽བཏུང་ལས་བྱུང་། །
ཁ་དོག་སྣ་ཚོགས་མུ་ཏིག་རབ་ཡིན་ནོ། །
ཕལ་ཆེར་རྒྱ་མཚོའི་འགྲམ་གྱི་སྲོག་ཆགས་ནི། །
ཉ་ཕྱིས་རུས་པ་ཡོད་པའི་ཁོག་ནས་ཐོན། །
ཆ་ཡང་རྩེ་ཞེས་མུ་ཏིག་འབྲིང་པོ་ཡིན། །
ཀུན་གྱི་ཐ་མ་ཆུ་སྦུར་ལས་བྱུང་བ། །
ཆུ་ཡི་མུ་ཏིག་ཁོག་སྟོང་གསོབ་པ་ཡིན། །
མདོག་དབྱིབས་མཚུངས་པའི་ཉ་ཕྱིས་བརྫུས་པའང་ཡོད། །

༈བྱུ་རུ་རྒྱ་མཚོའི་འགྲམ་གྱི་བྱེ་མ་ལ། །
ཉལ་ཐབས་སུ་ནི་སྐྱེས་པ་ཡིན་ཞེས་གྲགས། །
བྱི་བའི་རྭ་ཡིན་ཟེར་བ་བླུན་སྐད་ཡིན། །
དབྱེ་བ་བྱུར་ནག་བྱུར་དཀར་བྱུར་དམར་གསུམ། །
བྱུར་ནག་བྱ་རོག་མིག་འདྲ་འོད་ཟེར་འཕྲོ། །
བྱུར་དཀར་དུང་གཉིས་ཆེ་ཆུང་མཉམ་ན་ཡང་། །
བྱུ་རུ་ཡང་ལ་དུང་ནི་ལྕི་བ་ཡིན། །
བྱུར་དམར་མཚལ་ཁ་མ་དང་དམར་སྐྱ་དང་། །
ཁྲག་མདོག་ཁྲ་ཚག་ཅན་དང་རིག་རིགས?༽གསུམ་ཡོད། །
སྔ་མ་བཟང་ཞིང་ཕྱི་མ་རིན་ཐུང་ཆུང་། །
ཡན་ལག་རྒྱས་ཤིང་དབྱིབས་ལེགས་ནོར་བུ་ཡིན། །
བད་ཀན་སྨུག་པོའི་ནད་ལ་ཕན་པར་བཤད། །

༈མུ་མེན་བྲག་དང་ཆུ་ཆེན་རི་ལས་བྱུང་། །
སྔོ་ནག་སྔོན་པོ་གསེར་དང་འདྲེས་པ་བཟང་། །
ཐ་མ་དཀར་གོང་ཤས་ཆེ་ཤིན་ཏུ་ཆེ། །
ལག་པས་ཐེག་ཚད་ཀླ་ཀློའི་ཕྱོགས་ནས་འབྱུང་། །
རྫུས་མ་རྒྱ་ནས་ཐོན་དང་ནོར་དོགས་ཡོད། །

༈དུང་ནི་སྲོག་ཆགས་དུང་རྣམས་རྗེས་བཟུང་ཕྱིར། །
སྐྱེ་བ་ལྔ་བར་བྱང་སེམས་དུང་ལ་སྐྱེས། །
གཡས་འཁྱིལ་གསུང་སྐད་ཐོས་པས་ནད་རིགས་སེལ། །
ཁྱིམ་དུ་བཅང་ན་འཐབ་རྩོད་མེད་ཅིང་མཐུན། །
གཡོན་འཁྱིལ་དུང་ཁྲ་ཚེར་མ་ཅན་སོགས་ཡོད། །
དུང་སྐད་ཡིན་ཕྱིན་རོལ་ཆ་ཀུན་ལས་མཐོ། །
ཉ་ཕྱིས་བཟང་བ་བཟའ་བཏུང་གད་བྱས་རྣམས། །
དུག་ཏུ་མི་འགྱུར་རིན་ཆེན་སྣོད་དང་ནི། །
དུང་ཀར་དཀར?༽དབྱིབས་སོགས་རབ་འབྲིང་ཐ་གསུམ་ཡོད། །

༈གསེར་ནི་ཀླུ་རྒྱལ་ཉ་དང་ཚེ་རིང་བྱ། །
བྲུན་ལས་འཛམ་བུ་ཆུ་བོའི་གསེར་ནི་ཐོན། །
རྒྱ་མཚོ་ཆེན་པོའི་འགྲམ་གྱི་བྱེ་གསེར་དང་། །
གུ་ལང་རྡོ་བཞུས་གསེར་དང་བྱང་འབྲོག་གསེར། །
ཁམས་གསེར་བོད་གསེར་ཡུལ་གྲུ་ཀུན་ལས་བྱུང་། །
ས་ལས་ཐོན་པ་ཐིག་པོ་ཆེ་བྱུང་ན། །
ས་ལེ་སྦྲམ་ཟེར་བྱེ་མ་གསེར་ལ་མིན། །
བསྲེག་ན་དམར་ཞིང་བརྡར་ན་སེར་བ་དང་། །
བཅད་ན་དཀར་ཞིང་སྔ་གྲོདྲོདམར་བ་དང་། །
ཉིན་གུང་སེར་ཞིང་དགོངས་མོ་དཀར་ན་བཟང་། །
རྒྱ་དངུལ་སྐྱོན་མེད་འོ་མ་ཁ་དང་ནི། །
ཧོར་དངུལ་ཤིང་ཁ་ཁམས་དངུལ་ཞོ་ཁ་མ། །
རྒྱ་སེར་རྒྱ་གར་བལ་བོའི་སྐྱོན་ཅན་དང་། །
ར་དངུལ་ལུག་དངུལ་རྡོ་ཡི་ཁྱད་སོ་ཡིན། །
ཡི་གེ་བྲི་དང་དངུལ་དཔྱད་རྒྱུ་ལ་ནི། །
སྣུམ་ཞག་ཕོག་ནས་བཀྲུས་ན་ཤིན་ཏུ་དཀར། །
འོ་ཁ་ཞོ་ཁ་བཟང་ཞེས་མེས་པོའི་གཏམ། །
སྤོས་ཤེལ་སྦུར་ལེན་ཁ་ཆེ་མོང་གོལ་དང་། །
མངའ་རིས་མཚོ་དང་མོན་གྱི་ཡུལ་ནས་འབྱུང་། །
ཁ་ཆེ་གུར་གུམ་མདོག་འདྲ་བཟང་བ་དང་། །
དཀར་སྐྱ་ཆུ་སྦུར་འདྲ་དང་མར་དམར?༽ནག་ངན། །
རྫུས་མ་ག་བུར་སྤོས་དཀར་བསྡུས་པས་བཅོས། །
ཕྱི་ཡི་རྒྱ་མཚོའི་བཅུད་བསྡུས་བཟང་ཤོས་ཡིན། །
འདམ་སོགས་དུག་ཆུ་ལས་ཐོན་ངན་པ་ཡིན། །
སྤོས་ཀྱི་རིགས་ཡིན་བཅང་ན་གྲིབ་ལ་ཕན། །
ཨོ་ཌིའི་ཤ་ལས་བྱུང་བའི་ལྕགས་ནག་ནི། །
ཤ་རུས་མ་ལུས་ཤིང་བཞིན་གཅོད་པར་བྱེད། །
ལན་ཅིག་བསྣུན་པས་གླང་ཆེན་ཕྱེད་ཚལ་གཅོད། །
རིན་པོ་ཆེ་ཡི་གསེར་དང་རིན་ཐང་མཚུངས། །
རྒྱ་ནག་ལྕག་ལྕགས?༽བཟང་རྣོ་ཞིང་གྱོང་མཉེན་འཛོམ། །
ལྕགས་ངན་ངར་མེད་བཟོ་རིག་སྣ་ཚོགས་གྲུབ། །
བོད་ལྕགས་དཀར་མཉེན་ལྷུང་བཟེད་རྒྱུ་ལ་བཟང་། །
ཁམས་ཀོང་ལྕགས་ངར་སོ་ནམ་ལག་ཆ་ཡིན། །
ས་འོག་གསེར་བཞིན་ཐོན་པ་རང་འབྱུང་ཟང་ཟངས?༽། །
ནོར་བུ་ཛྷཻ་ཀྵིཾ་གྲགས་པ་དེ་ལའང་ཡོད། །
གསེར་དངུལ་ཟངས་དང་ལྕགས་དཀར་དང་། །
རྡོ་ཤེལ་ཞ་ཉེ་དཀར་ནག་དང་། །
དངུལ་ཆུ་བརྒྱད་པོ་བཞུ་བཏུལ་གྱི། །
བཅོས་མའི་ཛྷཻ་ཀྵིཾ་ཞེས་སུ་གྲགས། །
ལི་དཀར་ལི་དམར་ལི་སེར་དང་། །
ལི་ཁྲ་ལི་སྨུག་རོལ་མོ་བཅོས། །
སྐད་སྙན་བྱུང་ན་བཟང་བ་ཡིན། །
སྐད་མེད་མདོག་ནག་བལ་པོ་དང་། །
ཁམས་བོད་ལི་བརྫུས་སྣ་ཚོགས་འབྱུང་། །
རིན་ཆེན་བསྲེས་པས་གསེར་ཞག་ཁ་དོག་བརྟག །
ཟངས་ནི་བལ་པོ་ཕྱོགས་ནས་ཐོན་པ་དང་། །
ཚ་ལ་མ་འདྲེས་སྣོད་དཔྱད་རྙིང་པ་དང་། །
གཞན་འདྲེས་མེད་ན་མཉེན་ཅིང་སུལ་མེད་བཟང་། །
ཕྱིས་སུ་གསར་འཐོན་སུལ་མང་གྱོང་ཞིང་ངན། །
མོ་རག་རྡོ་རག་གསེར་ཞིང་གྱོང་མཉེན་ལེགས། །
ཕོ་རག་རག་སྐྱ་བཅོས་པའི་རག་ཡིན་ངན། །
པད་སྟོང་དངུལ་འདྲ་ངན་པ་མཁར་བ་འདྲ། །
ལྗོན་དམར་ཟངས་འདྲ་སྟོང་དཀར་ལྕགས་དཀར་འདྲ། །
ཁྲོ་ནག་ལྕགས་གཉིས་མ་གཏོགས་ཕྱོགས་གཅིག་བསྲེས། །
དེ་ལ་མཁར་བ་ཟེར་བ་ཀུན་གྱི་ཐ། །
ཕྱི་མ་འདི་ཀུན་དོང་རྩེ་བཅོས་པ་ཡིན། །
དབུས་སུ་བུག་པ་བརྟོལ་བས་ཁྱེར་བདེ་ཞིང་། །
རྒྱ་དཀར་རྒྱ་ནག་ཚོང་ཆས་རྒྱ་ནོམ་རྩི། །
ལྟོ་གོས་གཏམ་གསུམ་བསྒྲུབ་པའི་ཆ་རྐྱེན་ཡིན། །
       དགེ་བཅུ་ཚང་བའི་ཡུལ་ཕྱོགས་ནི། རྩམ་པ་འཐག་རྡོ། ཁང་པའི་རྩིགས་རྡོ། ཞིང་འདེབས་པའི་ས། ཁང་པ་བཟོ་རྒྱུའི་ས། མེ་ཤིང་། ཁང་ཤིང་། འཐུང་ཆུ། ཞིང་ཆུ། ཁང་པའི་ཉེ་སྐོར་དུད་འགྲོ་འཇོག་ཐུབ་པ་གམ་འབྲོག། ཐག་རིང་སར་རྟ་ཕྱུགས་སྟོབས་ཆེན་འཇོག་ཐུབ་པ་རྒྱང་འབྲོག་སྟེ། འཐག་རྡོ་ཁང་རྡོ། ཁང་ས་ཞིང་ས། ཁང་ཤིང་བུད་ཤིང་། འཐུང་ཆུ་ཞིང་ཆུ། གམ་འབྲོག་རྒྱང་འབྲོག། དེ་ལྟར་ཚང་ན་མིག་ཡུལ་དུ་གཟུགས་མཛེས་པ། རྣ་བར་སྒྲ་སྙན། སྣ་ལ་དྲི་ཞིམ། ལྕེ་ལ་རོ་མངར། ལུས་ལ་རེག་བྱ་འཇམ་པ་འདོད་ཡོན་ལྔ་ལ་ཅི་འདོད་དུ་ལོངས་སྤྱོད་པ་གསེར་དངུལ་རྟ་གླང་འབྲུ་གོས་དར་འཁོར་གཡོག་མངའ་ཐང་རིགས་རྒྱུད་རྒྱས་པས་ནོར་ཆེ་བ། འཁོར་གཡོག་གཉེན་འབྲེལ་ཐམས་ཅད་ཀྱི་ཀྱིས?༽མི་དགེ་བ་ངོ་ཤེས་ཤིང་སྤངས་པས་ཕྱི་མ་དམྱལ་བ་ཡི་དྭགས་དུད་འགྲོ་སོགས་མི་འཁོམ་པའི་གནས་བརྒྱད་ལ་མི་སྐྱེ་བས་ཆོས། མཐར་ཐུག་ཡུན་རིང་སོང་ཚེ་རང་ལྟོས་བཅས་ཁྱིམ་བདག་མགོན་མེད་ཟས་བྱིན་བཞིན་ཐ་མ་ཉན་རང་། འབྲིང་བྱང་སེམས། རབ་སངས་རྒྱས་ཀྱི་སར་འགྲོ་ངེས་པའི་ཐར་བ་སྟེ། རྒྱལ་བ་བསྐལ་བཟང་རྒྱ་མཚོས་གསང་འདུས་དབང་ཆེན་གནང་སྐབས་རིན་ཆེན་འབྱུང་ལྡན་གྱི་དབང་གི་སྐབས་སུ། ཐར་བ་ཆོས་ནོར་འདོད་པ་་་་་་་སྔར་མཛད་རྒྱལ། ཞེས་པའི་བཤད་པ་གནང་སྐབས་འདི་ནི། སྙན་ངག་མཁན་རྣམས་ཀྱིས་དཔལ་ལྡན་ཚངས་པ་སྡེ་བཞིའི་བང་མཛོད་འཛིན་གསུངས་པ་དང་དོན་གཅིག་པས་དགེ་བཅུ་ཚང་བའི་ཡུལ་དུ། འདོད་པ། ཆོས། ནོར། ཐར་པ་ཡོངས་སུ་ཚང་བའོ། །ཞེས་གསུངས་སོ། །འདི་ཡང་དགེ་སློང་ངག་དབང་བློ་བཟང་གིས་རྗེད་བརྗེད?༽ཐོར་བྲིས།

རྩོམ་ཁུངས། ཀུན་བདེ་གླིང་བླ་བྲང་གི་དཔར་མའི«ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་འབུམ»ལས་བཏུས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།