ངོས་དང་པོ > ལོ་རྒྱུས། > ས་གནས་ལོ་རྒྱུས། > མདོ་སྨད་ཁྲི་ཀའི་ལྡོང་མི་ཉག་གི་ལོ་རྒྱུས་སྐོར་ཕྲན་ཙམ་གླེང་བ།
མདོ་སྨད་ཁྲི་ཀའི་ལྡོང་མི་ཉག་གི་ལོ་རྒྱུས་སྐོར་ཕྲན་ཙམ་གླེང་བ།
རྩོམ་པ་པོ།:སྐལ་བཟང་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-13 08:35:54
ཀློག་གྲངས།:
མདོ་སྨད་ཁྲི་ཀའི་ལྡོང་མི་ཉག་གི་ལོ་རྒྱུས་སྐོར་ཕྲན་ཙམ་གླེང་བ།
སྐལ་བཟང་བཀྲ་ཤིས།
ནང་དོན་གནད་བསྡུས། ཁྲི་ཀའི་ལྡོང་མི་ཉག་ནི་མདོ་སྨད་ཁྲི་ཀའི་ཡུལ་དུ་གནའ་སྔ་མོ་ནས་གཞིས་ཆགས་པའི་ལྡོང་སྤྱང་གི་རུས་ཤིག་ཡིན་པས། རུས་དེ་ལ་མི་ཉག་དང་མེ་ཉག མི་ནག་ཅེས་འབོད་པའི་སྡེ་བ་དང་ཚོ་བའི་སྐོར་གྱི་ཐ་སྙད་དག་ངག་རྒྱུན་དང་ད་ལྟའི་ཡིག་ཚང་རེ་གཉིས་ན་ཡོད་ཚུལ་བསྟན་པ་དང་། དེའི་ཡུལ་ཁོངས་དང་ཆོས་ལུགས་དད་མོས། རིག་དངོས་སོགས་ལས་མི་ཉག་གི་མཆེད་ཁུངས་དང་། མི་ཉག་རྒྱལ་བོའི་དད་རྟེན། མཆོད་ཡོན་གྱི་འབྲེལ་བ། ཡང་ན་བོད་བཙན་པོའི་རྒྱལ་རབས་སིལ་བུར་མ་འཐོར་གོང་དང་སིལ་བུར་རྗེས་ནས་ད་ལྟའི་བར་ཁྲི་ཀ་རུ་བོད་ཀྱི་ནང་བའི་བསྟན་པ་ལ་བློ་དཀར་ཞིང་རྒྱུན་ཡུན་དུ་བསྐྱངས་པར་བཀའ་དྲིན་ཤིན་ཏུ་ཆེ་བ་མཐོང་ཞིང་། དེ་བས་ཁྲི་ཀའི་ལྡོང་མི་ཉག་ནི་ཡུལ་འདིའི་ས་སྐྱེས་རྡོ་སྐྱེས་ཀྱི་གནའ་བོའི་མི་ཉག་གི་ཚོ་བ་ཞིག་ཡིན་ཚུལ་གླེང་བརྗོད་བྱས་ཡོད།བརྡ་ཆད་གཙོ་བོ། ཁྲི་ཀ ལྡོང་མི་ཉག མེ་ཉག མི་ནག
དེ་ཡང་མདོ་སྨད་ཁྲི་ཀའི་ཡུལ་འདིར་གཉུག་མར་གནས་པའི་གནའ་བོའི་བོད་ཀྱི་རུས་ཆེན་ནམ་རུས་རྒྱུད་ཚོ་བ་ཞིག་གི་མིང་ལས་ཐོགས་པའི་མི་ཉག་གམ་མེ་ཉག་ཏུ་འབོད་པ་ཡོད་ལ། དེ་ལྟར་བོད་བཙན་པོའི་རྒྱལ་རབས་སིལ་བུར་མ་འཐོར་བའི་གོང་གི་མི་ཉག་དང་སིལ་བུར་འཐོར་བའི་རྗེས་སུ་རྒྱ་ཧོར་སོགས་ཕལ་ཆེར་གྱི་བདག་པོ་བྱས་ཏེ་རྒྱལ་རབས་ཤིག་བཙུགས་ཟིན་པའི་མི་ཉག་དང་འབྲེལ་བའི་ཐད་ནས་བསམས་ནའང་ཁྲི་ཀའི་ལྡོང་མི་ཉག་འདི་ཉིད་བོད་རིགས་ལས་གཞན་ཞིག་མ་ཡིན་པ་དང་། དེ་ལ་ད་ལྟའི་ས་ཁོངས་རང་བཞིན་གྱི་རྣམ་པ་གཞིར་བཟུང་སྟེ་མི་ཉག་གི་འཚོ་གནས་དང་དར་རྒུད་གསལ་བའི་མེ་ལོང་ལྟ་བུ་ཞིག་ཅིས་ཀྱང་བདེན་པ་ལྟར་སྣང་དུ་བརྗོད་རྒྱུ་ལས་ཁུངས་མེད་ཧོལ་རྒྱུགས་སུ་མི་འཕྱན་པ་ནི་རེ་བ་ཉག་ཅིག་ཏུ་འཁུམས་ཤིང་། «གཉགས་སྟོན་གདུང་རབས།»སུ། གཞན་ཡང་མི་ཉག་དང་། སོག་པོ་དང་། མོན་དང་། བལ་བོ་ལ་སོགས་པ་འཛམ་བུ་གླིང་གསུམ་གཉིས་ཆབ་སྲིད་དུ་ཆུག་པ་དང་།ཞེས་བཙན་པོ་རལ་པ་ཅན་གྱི་མཛད་རྗེས་བརྗོད་ཡོད་པས། བོད་བཙན་པོ་འདིའི་རིང་ལ་མདོ་སྨད་ཁྲི་ཀའི་ཡུལ་དུ་ནང་བསྟན་དར་ཞིང་འཕེལ་བའི་རྟགས་སུ་རྒྱལ་པོ་རང་གི་རལ་བ་མཆོད་རྟེན་དཀར་པོའི་ནང་བཞུགས་ཀྱི་རྟེན་དུ་ཕུལ་བ་མི་ཉག་རྒྱལ་བོས་ཁུར་མཛད་དེ་བཞེངས་པས་ན་མི་ཉག་མཆོད་རྟེན་ཞེས་གྲགས་སྙན་ཆེ་བ་བྱུང[1]། ཡིན་ན་ཡང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་རྒྱལ་རབས་ཆོས་འབྱུང་དེབ་ཐེར་རྣམས་སུ་མི་ཉག་ལ་མི་ཉག་དང་ལྡོང་མི་ཉག མི་ཉག་གྷ། མེ་ཉག མི་གཉག མི་ནག་སོགས་བཀོད་པའི་ཐ་སྙད་མང་པོ་འདུག་ཀྱང་མི་ཉག་གི་ལོ་རྒྱུས་དང་རྒྱལ་རབས་རྒྱས་པ་ཞིག་ནི་བོད་ཡིག་ནང་མཇལ་རྒྱུ་ཉིན་མོའི་སྐར་མ་བཞིན་མཐོང་དཀོན་པར་གྱུར། ད་ལྟ་ད་དུང་ཁྲི་ཀར་མཚོན་ན་ཡུལ་སྐད་ལ་བོད་སྐད་དུ་བོད་མིས་མི་ཉག་དང་རྒྱ་སྐད་དུ་རྒྱ་མིས་ཤིས་ཞ་མི་འབོད་པར(乜纳)ཞེས་འབོད་པར་བྱེད། དེས་ན་མདོ་སྨད་ཁྲི་ཀའི་ལྡོང་མི་ཉག་ནི་དུས་ཕྱིས་ཧོར་རྒྱལ་པོས་མི་ཉག་བཅོམ་པས་མི་ཉག་པ་རྣམས་ཡུལ་ལ་ལུང་དུ་ཐོར་བའི་ལྷག་མ་ལུས་པའི་མི་ཉག་བྱེས་པ་ཡིན་མིན་ལའང་ཡང་སྙིང་འབྲེལ་བ་གང་ཡོད་འདོད་པ་སོགས་དང་བསྟུན་ནས་ཅུང་ཟད་བརྗོད་པར་བྱ་སྟེ།
དང་པོ། ཁྲི་ཀའི་ལྡོང་མི་ཉག་གི་རུས་ཁུངས་སྐོར་བཤད་པ།
དེ་ལ་བོད་ཀྱི་མི་རྒྱུད་ཀྱི་སྐོར་ནས་བོད་རིགས་ཤིག་ཡིན་ན་ངེས་པར་དུ་མི་དེའི་སྡེ་མིང་དང་ཚོ་མིང་། ས་མིང་དང་ཆུ་མིང་། དགོན་མིང་དང་རྟེན་མིང་སོགས་གང་རུང་ལ་རུས་མིང་འཇོག་པ་ཡོད་སྲིད་པ་དང་། མི་རྒྱུད་དམ་རིགས་རུས་ཀྱི་མཆེད་ཁུངས་འཁྲུལ་མེད་ཅིག་གླེང་རྒྱུ་ནི་གནད་ཀྱི་དོན་པོ་ཞིག་ཏུ་འདོད་པས། ཐོག་མར་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་ཉེ་རབས་བགྲེས་པོའི་ངག་རྒྱུན་ལས་འབྲེལ་ཡོད་ཁྲི་ཀའི་ལྡོང་མི་ཉག་གི་རུས་ཀྱི་མཆེད་ཁུངས་སྐོར་གང་ཡིན་པར་ངོས་འཛིན་པ་ལ།
གཅིག ལོ་རྒྱུས་ཡིག་ཚང་དུ་འཁོད་པའི་སྐོར།
དེ་བཞིན་དུ་བོད་ཀྱི་ལོ་རྒྱུས«བཀའ་ཆེམས་ཀ་ཁོལ་མ»དང་། «ཆོས་འབྱུང་མཁས་པའི་དགའ་སྟོན» «ལྡེའུ་ཆོས་འབྱུང» «རུས་མཛོད་མེ་ཏོག་སྐྱེད་ཚལ»སོགས་ལས་བོད་ཀྱི་རུས་ཆེན་བཞིའམ་དྲུག་ཏུ་གྱེས་ཚུལ་གསུངས་པ་རྣམས་འབྲི་སུམ་པ་དང་ལྡོང་མི་ཉག་དག་མདོ་སྨད་ཀྱི་ཡུལ་གྲུ་རུ་ཁྱབ་ཡོད་པར་བསྟན་ལ། དེ་ཡང་ཆེ་རྒྱུད་གོང་ནས་མ་ཤོར་བ་ནི་ཕུ་བོ་ལྡོང་གི་བུ་རྒྱུད་ཡིན་ཞིང་། ད་ནས་ཡར་བརྩིས་ན་མི་ལོ་བཞི་ཁྲི་ལྔ་སྟོང་གི་དུས་སུ་ཕུ་བོ་ལྡོང་གི་མི་རྒྱུད་རྣམས་སྨད་མདོ་ཁམས་སྒང་དྲུག་གི་ཡུལ་དུ་ཁྱབ་ཡོད་པ་ས་འོག་ནས་ཐོན་པའི་གནའ་རྫས་ཀྱིས་མངོན་པར་མཚོན་པ[2]དང་། ལྡོང་གི་རུས་ཁུངས་ལྟར་བཤད་ཚེ། ཕོ་བོ་ལྡོང་གི་རྒྱུད་པ་ཡུལ་ཆེན་པོ་པ་མ་ལེ་པང་དུ་གནས་ཤིང་། དོན་ལ་པ་མ་ལེ་པང་ཞེས་བྱ་བའི་ཡུལ་འདི་དེང་སང་གི་མཚོ་སྔོན་དང་ཀན་སུའུ། ཧྲའན་ཞི། སི་ཁྲོན་གྱི་ཤར་རྒྱུད་སོགས་འདུས་པའི་ཡུལ་ལ་གོ་དགོས་པར་སྣང་། ཕོ་བོ་ལྡོང་གི་རྒྱུད་ལས་མི་ཉག་དང་གྱི་ཐན་སོགས་བྱུང་ཞེས[3]བཀོད་པར་མི་ཉག་ནི་ལྡོང་གི་རུས་ལས་ཕོ་བོ་ལྡོང་གི་རྒྱུད་ལས་མཆེད་པའི་ཚོ་བ་ཡིན་པ་བཤད་ཡོད། དེ་ན་མི་ཉག་གི་རུས་ཁུངས་ཟེར་དུས། མི་ཉག་ནི་བོད་ཀྱི་མིའུ་རིགས་དྲུག་གི་ནང་ཚན་ལྡོང་གི་རྒྱུད་ལས་མཆེད་པ་ཡིན་ཞིང་། དེ་ཡང་ལྡོང་པ་འགའ་ཞིག་དུས་ཕྱིས་སུ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་ས་ཞིག་ཏུ་གནས་སྤོས་ཏེ་གཞི་ཆགས་པར་བཤད་པ[4]ལ་བསམས་ན་རྒྱའི་ཡིག་ཚང་དུ་ལྡོང་བྱང(党项羌、党羌)ཞེས་འབོད་པ་དེ་རེད་འདོད། ཡུལ་མི་ཉག་ནས་ལྡོང་རིགས་དང་།ཞེས་བཀོད་པ་ལྟར་མདོ་ཁམས་འདི་ནི་ལྡོང་གི་རིགས་རྒྱུད་དུ་ངེས་ཤིང་། དེའང་རྒྱ་སྐད་དུ་ཏང་ཞང(党项)ཞེས་སྒྲ་བསྒྱུར་ཙམ་འབོད་པ་དེ་ཡིན་ལ། ཡུལ་ནི་མདོ་སྨད་ཀྱི་ཤར་དང་ཀན་སུའུ་དང་སི་ཁྲོན་བཅས་ཀྱི་ཡུལ་མཚམས་འདི་དག་ཏུ་འཁོད་པ་དང་བོད་ཆེན་པོའི་སྐབས་སུ་ལ་ལ་རིམ་གྱིས་ཡུལ་གཞན་ལ་ཆད་དེ། དུས་ཕྱིས་བོད་སིལ་བའི་སྐབས་དེང་གི་ཉིན་ཞ(宁夏)ལྗོངས་ནས་མི་ཉག་རྒྱལ་རབས(西夏王朝)བཙུགས་པ་དེའང་གཙོ་བོ་ལྡོང་རིགས་ཡིན་ནོ་ཞེས[5]བཀོད་ཡོད་པས་ཤེས་ནུས་ཤིང་། མཚམས་ཀྱི་མིའུ་ཐུང་རིགས་བཞི་ནི། གམ་ཤང་རྒྱ། གྱིམ་ཤང་ཧོར། ཧ་ལེ་མོན། སྤུ་རྒྱལ་བོད་དང་བཞིའོ། །ནང་གི་མིའུ་རིགས་བཞི་ནི། སྒྲ་ཞང་ཞུང་། གཏོང་གསུམ་པ། ལྡོང་མེ་ཉག སེ་ཞ་དང་བཞིའོ། །[6]ཞེས་ལྡོང་མེ་ཉག་ཅེས་བཀོད་པ་མཐོང་བ་དང་། གཞན་མི་ཉག་ཅེས་པ་ནི་མི་ནག་ཅེས་པའི་སྒྲ་འགྱུར་བ་ཡིན་པར་བཤད་པ་བདེན་ཡང་སྲིད་ལ། གང་ལྟར་ཁྲི་ཀའི་ལྡོང་མི་ཉག་ནི་བོད་ཀྱི་མིའུ་རིགས་དྲུག་གི་ནང་ཚན་ལྡོང་ལས་མཆེད་པ་ཡིན་ཏེ། «རྒྱ་བོད་ཡིག་ཚང་ཆེན་མོ།»ལས། ད་ཕོ་བོ་ལྡོང་ལ་ཆེ་དྲུག་ཡོད། སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛེ་རག་ཤི་གཉིས། །སྨད་ན་མི་ཉག་གྱི་ཐང་གཉིས། །[7]ཞེས་མི་ཉག་ནི་ལྡོང་གི་ཆེ་དྲུག་གི་ནང་ཚན་ཞིག་ཡིན་པ་གསལ་བོར་བསྟན་ཡོད་པ་རེད། དེ་ལས་ཁྲི་ཀའི་ལྡོང་མི་ཉག་ཏུ་འབོད་པ་དེ་ནི་བོད་ཀྱི་གནའ་བོའི་རུས་རྒྱུད་ལྡོང་ལས་མཆེད་པ་ཞིག་ཡིན་པར་གྲགས་པ་ལ་ཁུངས་ངོ་འདི་ལྟར་འཕྲོད་དགོས་པར་སྙམ་མོ། །
གཉིས། བགྲེས་པོའི་ངག་རྒྱུན་དང་འབྲེལ་བའི་སྐོར།
(༡) མི་ནག་གི་སྐོར།
ཡུལ་འདིའི་རྒན་པོ་རྣམས་ཀྱི་ངག་རྒྱུན་ལ། མི་ནག་ཅེས་པ་ནི་བོད་བཙན་པོའི་སྐབས་ཀྱི་བུ་རྒྱུད་བྱད་བཞིན་ནག་པོ་ཅན་ཞིག་གི་རུས་རྒྱུད་ལས་གྱེས་པའི་བོད་ཀྱི་རིགས་རུས་ཤིག་གི་མིང་ལ་དང་ཐོག་མི་ནག་ཏུ་འབོད་པ་ཡིན་ཀྱང་། ཕྱིས་སུ་མི་ནག་ཅེས་པའི་ནག་གི་མིང་གཞི་ན་ཡི་སྒྲ་ཟུར་རིམ་གྱིས་ཉམས་པའི་མཇུག་ཏུ་དེང་སང་མི་ཉག་ཏུ་གྲགས་པའི་འབོད་ཚུལ་འདི་བྱུང་བར་བཤད།[8] གཞན་ཡང་ཕོ་བོ་ལྡོང་གི་མི་རྒྱུད་ཁག་ཅིག་གླེང་དུས། བར་སྐབས་ཤིག་ལ་ཤ་མདོག་ནག་ཅིང་། ལུས་རིང་ལ་གུག་པ་དང་། ར་སྐད་ལྷང་ལྷང་དུ་འབྱིན་པའི་མི་ཞིག་བྱུང་བ་ལ་ལྡོང་ཕུར་བ་ཐར་ཟེར་ཡང་། ཕྱིས་སུ་མི་རྣམས་ཀྱིས་ཁོའི་མཚང་མིང་ལ་ལྡོང་མི་ནག་གུག་གུ་ར་སྐད་དུ་འབོད། ཁོས་རྨ་ཁོག་ར་རྒྱ་ཆུ་ཁ་སོགས་ཀྱི་ས་ཆ་བདག་ཏུ་བཟུང་ནས་སྲིད་ལ་ཁ་ལོ་བསྒྱུར། དེ་ནས་རིང་ཞིག་འདས་པ་ན་ཕོ་བོ་ལྡོང་གི་རྒྱུད་པ་ལྡོང་མི་ནག་དང་ཨ་ལྕགས་འབྲུའི་གདུང་རྒྱུད་གཉིས་མ་འཆམ་པར་གཡུལ་བཤམས། ལྡོང་མི་ནག་གུག་གུ་ར་སྐད་ལ་བསམ་ཚོད་ཀྱི་རལ་གྲི་རྩེ་དགུ་བ་ཞིག་ཡོད། ཁོས་རལ་གྲི་དེ་ཉིད་བཟུང་ནས་དཔུང་ལ་བཀོད་འདོམས་བྱེད་བཞིན་འཇིགས་པ་མེད་པར་གཡུལ་འཐབ་པས། ཨ་ལྕགས་འབྲུའི་གདུང་རྒྱུད་ཀྱི་ཧྲག་དམག་སྟོབས་དང་ལྡན་པ་རྣམས་བླ་ནས་ཕབ། ལྡོང་མི་ནག་གི་དམག་དཔུང་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་པ་གསུམ་གྱི་རྩེ་མོ་དག་ཏུ་བསྒྲེངས་པར་མཛད། དེའི་རྗེས་སུ་ལྡོང་མི་ནག་གུག་གུ་ར་སྐད་དང་། དེའི་བུ་གེ་ལི་དང་། དབལ་ཤུལ་དཔོན་རིགས་ཨ་སྐྱབས་དང་། དེའི་བུ་དང་། དབལ་ཤུལ་གྱི་འབངས་མི་དང་བཅས་པ་སྨར་རོལ་རོང་གི་སག་ཏུ་ཞེས་བྱ་བའི་གནས་སུ་འོངས་ནས་གཞི་ཆགས་ཏེ་བསྡད་ཅེས[9]བཀོད་པ་སོགས་ལས་ལྡོང་མི་ནག་གུག་གུ་ར་སྐད་ཀྱི་མི་རྒྱུད་སྔོན་དུས་མཚོ་སྔོན་དུ་ཧ་ཅང་མང་བར་བཤད་ཡོད། དོན་དུ་མི་ཉག་ནི། སྔོན་བོད་རྒྱལ་ལ་སྤུན་གསུམ་ཡོད་པའི་གཅིག་ནི་བོད་ཀྱི་རྒྱལ་པོ་དང་། གཅིག་ནི་འབྲུག་པའི་རྒྱལ་པོ་དང་། གཅིག་ནི་བཞིན་ནག་པོ་ཅན་ཞིག་ཡིན་པ་མངའ་རིས་དང་བཅས་པ་ལོགས་སུ་བསྡད་པ་ལ་མི་ནག་ཟེར་བ། ཕྱིས་སུ་བརྡ་འགྱུར་ནས་མི་ཉག་ཅེས་གྲགས་མོད་རྩ་བ་བོད་ཡིན[10]པར་གསུངས་པ་དེའོ། །
(༢) མེ་ཉག་གི་སྐོར།
མེ་ཉག་ཅེས་པའི་རུས་མེ་ཉག་ཚོ་བའི་འབྱུང་ཁུངས་ལའང་དེ་སྔ་ཁྲི་ཀའི་མི་ཉག་དགོན་པ་གཙོ་སྐྱོང་བྱེད་མཁན་མེ་ཧྲིན་ཧྭ(乜生华)ཟེར་བས་རང་གི་ཕྱི་རབས་པ་ཚོར་ཁ་ཆེམས་ལྟ་བུ་བཞག་པའི་ངག་རྒྱུན་ཞིག་འདུག་པ་ནི། ལྡོང་མེ་ཉག་གི་འགོ་བ་བུ་གཡོག་ཡོན་ཅཱན(无弋爰剑)གྱི་བུ་རབས་ཚ་རྒྱུད་རྣམས་ཁྲི་ཀ་རུ་ཆེས་སྔ་མོར་སླེབས་པའི་དུས་སུ། ཁྲི་ཀའི་གནས་འདི་རྨ་ཆུས་བསྣུབས་ཤིང་། རྨ་ཆུ་ཆེ་རུ་རྒྱས་པས་མི་རྣམས་འཚོ་སྡོད་བྱེད་དཀའ་བར་གྱུར། དེ་ནས་མེ་ཉག་པ་རྣམས་སྲིན་པོ་རྫ་རིའི་འདབས་ཀྱི་མེ་ལོང་ཞིང་ཁ་རུ་བསྡད་པ་དང་། ལོ་མང་པོ་ཞིག་འགོར་བའི་རྗེས་སུ་རྨ་ཆུ་རིམ་གྱིས་བྲི་ནས་ཇེ་ཆུང་དུ་སོང་བ་ན། མེ་ཉག་གི་ཚོ་བ་ཕྱེད་ཀ་ཤིག་ད་ལྟའི་བ་ཡན་རྫོང་གི་མངའ་ཁོངས་སུ་སྤོས་པ་དང་། ཕྱེད་ཀ་ཁྲི་ཀའི་གནས་འདིར་སྤོས་ནས་བསྡད་པར་བཤད[11]ཡོད། ལྡོང་རིགས་བུ་གཡོག་ཡོན་ཅཱན་ནི་ཆིན་ལི་ཀུང་གི་དུས་སྐབས་སུ་ཆིན་རྒྱལ་ཁབ་ཀྱིས་བཙན་བཀག་བྱས་ཏེ་བྲན་གཡོག་ཏུ་བཅུག་པ་དང་། འཛིན་བཟུང་བྱེད་སྐབས་མི་རིགས་གང་ཡིན་པ་མ་ཤེས་ཤིང་། ཕྱིས་སུ་ཁོང་བཙོན་ནས་ཤོར་བས་ཆིན་དམག་གིས་བདའ་འདེད་དྲག་པོ་བྱུང་བས་ཁོང་བྲག་ཕུག་ཏུ་ཡིབ་ནས་ཐར་བར་གྱུར། ལྡོང་མི་ཚོས་བཤད་པ་ལྟར་ན། ཁོང་དང་ཐོག་བྲག་ཕུག་ཏུ་ཡིབ་པར་ཆིན་དམག་གིས་བྲག་ཕུག་མེར་བཏང་བ་ན། སྐབས་དེར་མེ་ལྕེ་དེ་ནི་སྟག་ཅིག་ཏུ་སྤྲུལ་ནས་འགེབས་སྐྱོབ་བྱུང་བས་ཁོང་འཆི་མ་དགོས་པར་གྱུར། དེ་ནས་སྣ་བཅད་པའི་བུ་མོ་ཞིག་དང་འཕྲད་ནས་ཁྱོ་ཤུག་ཏུ་གྱུར། བུད་མེད་ངོ་ཚ་བར་ངོ་གདོང་སྐྲ་ཡིས་བཀབ་པ་ནི་ལྡོང་རིགས་ཀྱི་གོམས་སྲོལ་དུ་གྱུར། དེ་ནས་མཉམ་དུ་རྨ་ཙོང་ཆུ་བོ་གསུམ་གྱི་སར་བྲོས་བྱོལ་དུ་སླེབས་པར་བཤད། ལྡོང་རིགས་ཀྱི་ལྟ་ཚུལ་ལ་བུ་གཡོག་ཡོན་ཅཱན་ལ་མེར་བཏང་ནས་མ་འཆི་བས་ཁོང་ལྷ་རུ་བཀུར་པ་དང་། ཁོང་གི་བྱ་བཞག་ཀུན་ལ་ཧང་སངས་སུ་བཅུག་པ་དང་འཇོན་ཐང་ཀུན་ལ་གཟི་བརྗིད་དུ་ངོམ་པར་བྱེད། རྨ་ཙོང་ཆུ་བོའི་འགྲམ་དུ་འབྲུ་རིགས་སྣ་ལྔ་ཉུང་ཞིང་། གཅན་གཟན་རི་དྭགས་དང་འདབ་ཆགས་མང་པོ་ཡོད་པས། རྔོན་རྒྱག་གི་ལས་ཀ་གཉེར། བུ་གཡོག་ཡོན་ཅཱན་གྱིས་ཞིང་ཕྱུགས་སྐྱོང་ཐབས་བསྟན་པས་ཁོང་ལ་ལྷག་ཏུ་དད་མོས་སྐྱེས་ཤིང་། ཚོ་མི་སྡོད་སར་ལོག་རུང་འཚོ་བརྟེན་དང་རྒྱབ་བརྟེན་མཁན་གྱི་འབངས་མི་ཉིན་རེ་བཞིན་ཇེ་མང་དུ་སོང་། ལྡོང་མིས་ཁོང་ལ་བུ་གཡོག་ཟེར་ཞིང་། ཁོང་བྲན་གཡོག་བྱས་མྱོང་། དེར་བརྟེན་ཁོང་གི་མཚན་སྙན་མི་རབས་ནས་མི་རབས་བར་དུ་གཟི་བརྗིད་ཀྱི་ཏོག་ལྟར་གྱུར།[12]ཅེས་དང་། ཡོན་ཅཱན་ནི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་ནང་ནས་ཆེས་སྔ་མོར་ད་ལྟའི་མཚོ་སྔོན་གྱི་ཁོངས་སུ་བཞུགས་པའི་ལྡོང་རིགས་ཀྱི་གཙོ་འཛིན་རེད།[13]ཅེས་བཤད་འདུག བུ་གཡོག་ཡོན་ཅཱན(无弋爰剑)ནི་བོད་སྐད་དུ་བུ་གཡོག་ཡབ་རྒྱལ་གྱི་སྒྲ་དང་མཚུངས། དེ་ནི་བུ་གཡོག་ཡོན་ཅཱན་ཐོག་མར་ཆིན་མིས་བྲན་གཡོག་ཏུ་བཟུང་བ་དང་། ཕྱིས་སུ་རྨ་ཙོང་ཆུ་བོའི་ས་ཁུལ་སྒེར་བཟུང་བྱས་པ་ལོ་རྒྱུས་དང་འཚམ་པ་རེད།[14]ཅེས་གསུངས་ཤིང་། ཁོང་གིས་དེ་སྔ་འཚོ་བ་སྐྱེལ་མྱོང་བའི་རིགས་རྒྱུད་ཚོ་བའང་ཧ་ལམ་སྔ་ས་ནས་ཕ་རྒྱུད་ཀྱི་རིགས་རྒྱུད་དམ་ཕ་རྒྱུད་ཀྱི་ཚོ་བར་གྱུར་ཡོད་པ་དང་། གཅིག་ནས་ཁོང་སྔོན་ཆད་སྡོད་སའི་ཚོ་བས་ཞིང་ལས་གཉེར་བ་དང་རྨོ་འདེབས་བྱེད་ཤེས་པ་དང་། གཉིས་ནས་ཁོང་གིས་བྲན་གཡོག་བྱེད་སྐབས་ལོ་ཏོག་འདེབས་ཤེས་པ་དང་། རྒྱའི་ཡིག་ཚང་དུ་ལྡོང་སྤྱང་གི་མེས་པོ་དངོས་ནི་ཁོང་ཡིན་པ་ལས་ཡན་ཏི(炎帝)དང་ཁྲི་ཡོ(蚩尤)མ་ཡིན་པ[15]འཁོད་འདུག འདི་རུ་མེ་ཉག་ཅེས་འབོད་པའི་ཐ་སྙད་ལ་དེ་སྔ་ཡུལ་འདིའི་ཞིང་ལས་གཉེར་བའི་བོད་མི་རང་གི་ཁ་སྐད་ཡུལ་སྐད་དུ་མེ་ཉག་ཅེས་འབོད། ད་ལྟ་རྫོང་མཁར་དུ་ཡོད་པའི་མེ་ཉག་ཚོ་བ་བརྒྱ་ཆའི་དྲུག་ཅུ་ལྷག་རྒྱ་མི་རིགས་ཁྲོད་དུ་འདྲེས་ཏེ་རྒྱའི་སྐད་ཡིག་གི་རིག་གནས་ཁོ་ནར་སློབ་སྦྱོང་དང་རྒྱའི་འཚོ་བ་ཁོ་ནར་གོམས་ནས་འགྱུར་ལྡོག་བྱུང་ཡོད་ནའང་བོད་མིང་ལ་བསོད་ནམས་ཚེ་རིང་དང་རྒྱ་མིང་ལ་མེ་ཅོན་ཏི(乜峻德)འབོད་པ་དང་། བོད་མིང་ལ་ནོར་བུ་དང་རྒྱ་མིང་ལ་མེ་ཧྲང་ཏི(乜尚德)ཞེས་བཏགས་ནས་འབོད་པར་རྒྱ་མིང་འདོགས་སྐབས་རང་གི་རུས་མེ(乜氏)ཞེས་པ་འདི་འཇོག་པའི་སྲོལ་རྒྱུན་འབྱམས་སུ་གྱུར་པ་དང་། དེའི་ཕྱིར་མེ་ཉག་ཅེས་པ་ཚོ་བ་དང་སྡེ་བའི་མིང་དུ་ཐོགས་ཤིང་། མེ་ཞེས་པ་མི་རང་ཉིད་ཀྱི་རུས་ཡིན་པ་གསལ་བོར་བསྟན་ཡོད། ད་དུང་ཡུལ་འདིའི་སྐད་དུ་བོད་མིས་མེ་ཉག་དང་མི་ཉག་ཅེས་འབོད་པ་དང་རྒྱ་སྐད་དུ་རྒྱ་མིས་ཤིས་ཞ་ཞེས་མི་འབོད་པར་མེ་ནཱ(乜纳)ཞེས་འབོད་པར་བྱེད་དོ། །མེ་ཉག་གི་མི་རྒྱུད་དེ་རྣམས་ནང་གི་རུས་ཆེན་སྟོང་ལས་ཆད་པར་བཞེད་ནས་གོ་རིམ་དེ་ལྟར་དུ་བཀོད་མཛད་པའམ་ཡང་ན་ཡོངས་གྲགས་ཀྱི་ལུགས་ལྟར་ལྡོང་ལས་མེ་ཉག་དང[16]ཞེས་གསུངས་པ་ལས་བོད་ཀྱི་རུས་ཆེན་ལས་མཆེད་པའི་མི་རྒྱུད་ཡིན་པ་གསལ་བོར་བསྟན་ཡོད།
དེ་ལས་གཞན་ཡུལ་འདི་རུ་ཅིས་ཀྱང་གཏན་སྡོད་བྱས་ཡོད་པའི་ཚུལ་ཡང«བསྟན་འབྱུང་ཡིད་བཞིན་ནོར་བུ་འདོད་འཇོའི་གཏེར་མཛོད»ཅེས་པ་བརྙན་པར་མའི་ཤོག་ངོས༡༨༡པར་གསལ་བའི་བོན་གྱི་བསྟན་འབྱུང་དུ་ཁྲི་དར་མའི་རྗེས་སུ། དེ་ནས་ལོ་བརྒྱད་བརྒྱ་ལོན་པའི་དུས་སུ་མེ་ཉག་གི་རྒྱལ་པོ་རབ་རྩེ་འདུས་ཀྱི་རྟ་རྫི་སོག་པོ་སྤྲེལ་སློག་ཅན་གྱིས་མདོ་སྨད་ཀྱི་རི་ལ་ཉིན་ལ་རྟ་འཚོས་པས་ཞེས་བྲག་རྩ་འདུས་ཀྱི་བྲག་ཁུང་དུ་མི་ཟི་གསལ་བཟང་ངམ་བླ་ཆེན་བྱོན་ཚུལ་སོགས་དང[17]ཞེས་ལས་མེ་ཉག་གི་རྒྱལ་པོ་རབ་རྩེ་འདུས་ནི་ཡུལ་འདིའི་རྒྱལ་པོའམ་ཡུལ་དཔོན་ཞིག་ཡིན་པ་གསལ་ཞིང་། བོད་རྒྱལ་འུ་དུམ་བཙན་པོས་སངས་རྒྱས་ཀྱི་བསྟན་པ་བསྣུབས་རྗེས། སོག་པོའི་ཡུལ་ནས་སྤྱུགས་པའི་སོག་པོ་སྤྲེལ་སླག་ཅན་དེ་ཁྲི་ཀའི་ཡུལ་འདིར་འཁྱམས་ནས་འོང་ཞིང་། མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱི་རྟ་རྫི་བྱས[18]ཞེས་དང་། ཡང་བོན་པོ་གདོང་སྣའི་སྐོར་བརྗོད་པའི་ནང་དུ། ཁྲི་ཀའི་ལྗོངས་འདིར་ཡུལ་དབུས་ཀྱི་གཙོ་བོར་གྱུར་པ་དང་། མདོ་སྨད་ཀྱི་མཁན་བརྒྱུད་རྣམ་ལྔ་ནས་བཟུང་གཤེན་ཆེན་དགུ་རྒྱུད་ཀྱི་རིག་འཛིན་རྣམས་ཀྱང་མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱི་མཆོད་གནས་སུ་བཀུར་ཏེ། གནས་དེར་མཆོད་ཡོན་ཟུང་འབྲེལ་གྱིས་ཀུན་བཟང་གཤེན་ལྷ་འོད་དཀར་གྱི་ལྷ་ཁང་བཞེངས། སྐུ་རྟེན་དུ་ཀུན་བཟང་རྒྱལ་འདུས་ཞལ་ལྔ་ཕྱག་བཅུ་དང་། རྒྱལ་ཡུམ་ཐུགས་རྗེ་བྱམས་མ། ཡུམ་ཆེན་ནམ་མཁའི་ལྷ་མོ། རིགས་དྲུག་འདུལ་བ་གཤེན་དྲུག དུས་བཞིའི་རྒྱལ་མོ་བཞི་ལ་སོགས་པའི་སྐུ་གཟུགས་དང་། གསུང་རྟེན་ལ། འདུལ་བ་རྒྱུད་དྲུག་དང་སྤྱི་སྤུངས་ཁྲོ་བོ་རྒྱུད་དྲུག ཁྲོ་བོ་ངོ་མཚར་རྒྱས་པ། དབལ་རམ་འབུམ་གསུམ་གྱི་གླེགས་བམ་སོགས་བཀའ་དང་བཀའ་རྟེན་སྣ་ཚོགས་བཞུགས། མཁན་ཆེན་མུ་ཟི་གསལ་བཟང་གི་སྐུ་གདུང་རིང་བསྲེལ་རྟེན་དུ་བཞུགས་པའི་ཐུགས་རྟེན་གཡུང་དྲུང་བཀོད་ལེགས་སོགས་སྐུ་གསུང་ཐུགས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་། མདོ་སྔགས་གཉིས་ཀྱི་རྟེན་མཆོག་རྨད་དུ་བྱུང་བ་གནས་པའི་རི་ལ་བོན་པོ་གདོང་སྣ་ཞེས་སུ་བཏགས་པ་ཡིན་ཞེས་ཀུན་གྱིས་ངག་རྒྱུན་ལས་རླུང་ལྟར་གྲགས་པ་བཞིན་ནོ། །[19]ཞེས་བཀོད་པ་སོགས་ལས་ཁྲི་ཀའི་ཡུལ་འདིར་མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱིས་མཆོད་གནས་སུ་བཀུར་ཚུལ་དང་ཕྱིས་སུ་བོན་པོ་གདོང་སྣ་རུ་མཁན་པོ་མུ་ཟི་གསལ་བཟང་གི་སྐུ་གདུང་རིང་བསྲེལ་རྟེན་དུ་བཞུགས་པ་སོགས་བརྗོད་ཡོད་པའི་ཕྱིར་རོ། །
(༣) མི་ཉག་གི་སྐོར།
དེ་ཡང་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ལྷ་སྡེ་ཚོ་བརྒྱད་དུ་གྲགས་པའི་ནང་གི་མི་ཉག་ཚོ་བའི་བགྲེས་པོའི་ངག་རྒྱུན་ལྟར་ན། མི་ཉག་ནི་ཁྲི་ཀར་མངའ་བདག་ཁྲི་རལ་བ་ཅན་གྱི་རལ་བ་ནང་བཞུགས་ཀྱི་མཆོད་རྟེན་དཀར་པོའམ་མི་ཉག་མཆོད་རྟེན་བཞེངས་བའི་དུས་དེ་ནས་བཟུང་ས་འདིར་གནས་གཞི་ཆགས་ཡོད་པས་མཐར་ཚོ་ཁག་གཞན་དག་དང་འདྲ་བར་གོང་བའི་ལྷ་སྡེ་རུ་ཞུགས་པར་གྲགས་ཞེས[20]བཀོད་པར་བོད་བཙན་པོའི་རྒྱལ་རབས་དང་འབྲེལ་བ་ངེས་ཅན་ཞིག་འདུག་པ་ཤེས་ཤིང་། དེས་ན་ཁྲི་ཀའི་མི་ཉག་ཚོ་བའི་རུས་ཁུངས་ལྡོང་མི་ཉག་ཏུ་འདོད་པ་འདི་ཡང་བོད་བཙན་པོའི་རྒྱལ་རབས་དང་འབྲེལ་བ་ཡོད་ཚུལ་ནི་བོད་རྒྱལ་གྱི་སྤུན་ཡིན་པར་བཤད་པ་དང་། བོད་རྒྱལ་སྲོང་བཙན་སྒམ་པོས་བསུས་པའི་བཙུན་མོ་མིང་མི་འདྲ་བ་གཉིས་བྱུང་བ་སྟེ། གཅིག་ནི་རུ་ཡོང་བཟའ་ཞེས་འབོད་པ་མི་ཉག་ཙ་མི་རྒྱལ་པོའི་སྲས་མོ་དང་། གཅིག་ནི་ལྡོང་བཟའ་འམ་མི་ཉག་བཟའ་ཞེས་བྱུང་བ་ལ་མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས་གཉིས་ཀ་གཅིག་ཏུ་སྣང་།[21]ཞེས་གསུངས་པ་དང་། བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་དུས་སུ་མི་ཉག་གི་རྒྱལ་ཁམས་ཞེས་བོད་ལས་གཞན་པའི་རྒྱལ་ཁབ་སྟོབས་འབྱོར་ཅན་དུ་གྱུར་ཡོད་པར་ངེས་ཏེ། ཀ་ཁོལ་མ་ལས། བོད་ཁ་བ་ཅན་གྱི་བྱང་ན་ཧོར་དང་མི་ཉག་གི་རྒྱལ་ཁམས་ཞེས་འབྱུང་བ་དང་། མི་ཉག་ཙ་མི་རྒྱལ་པོའི་སྲས་མོ་རུ་ཡོང་བཟའ་སྲོང་བཙན་གྱི་བཙུན་མོར་བསུས་པ་ལྟར་ན། སྲོང་བཙན་སྒམ་པོའི་སྐབས་སུ་མི་ཉག་ནི་རང་སྐྱ་ཐུབ་པའི་རྒྱལ་ཕྲན་ཞིག་གི་ཚུལ་དུ་འདུག་པས། མི་ཉག་ཙ་མི་རྒྱལ་པོ་དང་ཆོས་ཀྱི་འབྲེལ་བ་དམ་པོ་ཡོད་པ[22]བསྟན་ཡོད་ལ། མི་ཉག་བཟའ་ཁབ་ཏུ་བཞེས་ནས་ཁ་བྲག་གསེར་གྱི་ལྷ་ཁང་བཞེངས་པར[23]བཤད་པའང་གསལ། ད་དུང་ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་བཞེངས་སྐབས་བཟོ་བོའི་ལག་རྩལ་དང་འབྱུང་རྩིས་ཀྱི་འབྱུང་ཁུངས་མི་ཉག་ཡིན་པར[24]གསལ་བ་ནི་ཤར་རྒྱ་དང་། མི་ཉག་གི་ཡུལ་ནས་བཟོ་དང་རྩིས་ཀྱི་དཔེ་བླངས།ཞེས་བཀོད་པ་ལས་ཤེས་ནུས་པས། མི་ཉག་གི་རྒྱལ་རྒྱུད་ལས་བྱུང་བའི་སྲས་མོ་ཡང་ཆོས་ལ་དད་པར་མ་ཟད་ཁ་བྲག་གསེར་གྱི་ལྷ་ཁང་བཞེངས། འདི་མཁར་སྣ་གདོང་ན་ཡོད།[25]ཅེས་བཀོད་ཡོད། དེ་ལྟར་ན་ཡང་ལྡོང་བྱང་ལ་མི་ཉག་ཅེས་ཐོགས་སྟངས་དང་རེ་ཞིག་ཉམས་ཚུལ་ལ་ཡང་། རིང་ཞིག་འདས་པ་ན་ལྡོང་བྱང་གི་ཚོ་བ་ཕལ་མོ་ཆེ་ཞིག་བོད་ལ་ངོ་ལོག་རྒྱུའི་སྟ་གོན་དུ་ཞུགས། ཚུལ་དེ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྙན་དུ་འཁྱོལ་མ་ཐག་ངོ་ལོག་གི་མགོ་གནོན་པའི་ཆེད་དུ་ལྡོང་བྱང་ལ་དམག་དྲངས། ལྡོང་པ་རྣམས་ཀྱིས་སྲོང་བཙན་གྱི་དམག་གི་འཇིགས་ཟིལ་མ་བཟོད་པར་ཚོ་ཆེན་ཉི་ཤུ་རྩ་ལྔ་དེང་སང་གི་ཉིང་ཞ་དང་། ཧྲའན་ཞི། ཧྲན་ཞི་ལ་སོགས་པའི་གནས་སུ་བྲོས་ཏེ་ཁྱིམ་གཞི་ཆགས། ལྡོང་གི་ཚོ་བ་གཞན་རྣམས་མ་བྲོས་པར་རང་ཡུལ་དུ་བདེ་བར་བསྡད་པ་ཀུན་བོད་ཆེན་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་རྩུབ་རེག་མེད་པར་བསྐྱངས་པ་དང་། དེའི་མི་རྣམས་ཀྱི་མགོ་ལ་སྐྲ་ཉག་མའི་ཚོམ་བུ་འགའ་རེ་བཞག་ནས་བོད་ལ་དགའ་བའི་རྟགས་སུ་བྱས་པས། མི་རིགས་དེའི་མིང་ལའང་མི་ཉག་ཐོགས་པར་གྲགས་པ་དང་། མིའི་མགོ་ལ་རལ་པ་འཇོག་པའི་སྲོལ་ཡང་དེ་ལ་བརྟེན་ནས་བྱུང་བར་བཤད། ཕྱིས་བོད་དམག་གིས་མགོ་ན་སྐྲ་ཉག་མ་ཚོམ་བུ་འགའ་རེ་བཞག་ཡོད་པའི་མི་ཉག་པ་མཐོང་ན་གནོད་མི་སྐྱེལ་བ་དང་། དེ་ལྟར་ལྡོང་ཞང་ལ་མི་ཉག་ཅེས་པའི་མིང་ཐོགས་པ་ཡིན་པས་མི་ཉག་ནི་མི་ནག་གི་དོན་མིན་ནོ། །མཐར་གྱིས་མི་ཉག་ཅེས་པ་ལྡོང་ཞང་གི་ཚོ་བ་ཁག་གི་མིང་ངམ་མིའི་རུས་སུ་གྱུར་པ་དང་བསྟུན་ནས་ལྡོང་ཞང་གི་མིང་ཡང་རིམ་པས་ཉམས་པར་གྱུར། རྒྱ་ནག་ཏུ་བྲོས་པའི་བོད་ཀྱི་རིགས་སུ་གཏོགས་པའི་ལྡོང་པ་རྣམས་རིང་ཞིག་འགྱངས་པ་ན་རྒྱ་དང་འབྲེལ་བ་བྱུང་། རྒྱ་རྣམས་ཀྱིས་སྐབས་དེའི་སྡོད་ཡུལ་ལ་བལྟས་ཏེ་ལྡོང་པ་ཀུན་གྱི་མིང་ལ་ཞི་ཞ(西夏)ཞེས་པའི་མིང་བཏགས་པ་དང་། ཞི་ཞ་ཞེས་པའི་མིང་འདི་ལྡོང་པ་རྣམས་ལ་ཐོགས་པའི་རྗེས་སུ་ལྡོང་ཞང་གི་མིང་དེ་ཉིད་འཇའ་ཚོན་ཡལ་བའི་དཔེ་ལྟར་ཡོངས་སུ་ཉམས་པར་གྱུར། དེ་ལྟར་ལྡོང་པ་རྣམས་ལ་སྡོད་ཡུལ་མི་གཅིག་པའི་དབང་གིས་མི་ཉག་དང་ཞི་ཞ་ཞེས་མིང་མི་འདྲ་བ་གཉིས་ཐོགས་ཤིང་། དེ་ནི་ལྡོང་གི་རུས་སམ་མིང་མི་ཉག་དང་ཞི་ཞ་ལ་བསྒྱུར་བའི་དུས་སྐབས་ཡིན་པར་གྲགས།[26]ཞེས་བཀོད་པ་ལས་ཤེས་ཐུབ་ལ། དེའི་ཕྱིར་དུ་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲི་ཀའི་མཆོད་རྟེན་དཀར་པོ་དང་མི་ཉག་ཚོ་བའི་བར་ལ་ཆོས་འབྲེལ་ཟབ་མོ་ཡོད་པ་ཤེས་ཤིང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཡུལ་འདིར་ལྡོང་ཚ་ཆེན་དང་ཤུལ་ཆེན་བཅོ་བརྒྱད་ཀྱི་དམག་མི་རྣམས་སོ་སྲུང་དུ་ཡུལ་བགོས་བྱས་ཡོད་པར་གཞིགས་ན། ཕལ་ཆེར་ཁྲི་ཀའི་ཡུལ་འདིའི་ལྡོང་མི་ཉག་གིས་ཁྲི་ཀའི་མཆོད་རྟེན་དཀར་པོ་བཞེངས་ཡོད་པར་འདོད་ལ། ཕྱིས་སུ་མངའ་བདག་ཁྲི་རལ་བ་ཅན་བྱང་དུ་དམག་སྐྱོད་དུ་ཕེབས་དུས་ཁྲི་ཀའི་མཆོད་རྟེན་དཀར་པོ་ཞིག་གསོ་བྱས་ཏེ་རང་གི་རལ་བ་ནང་བཞུགས་སུ་ཕུལ་བའང་མི་ཉག་པ་རྣམས་ཆོས་ལ་ཤིན་ཏུ་དད་པའི་ཚུལ་དེ་ད་ལྟའི་ཁྲི་ཀའི་མི་ཉག་མཆོད་རྟེན་དང་མི་ཉག་དགུ་ཐོག མི་ཉག་མགོན་ཁང་། མི་ཉག་ལྷ་ཁང་། མི་ཉག་དགོན་པ་སོགས་ཀྱིས་བསྟན་པ་སྔ་དར་དང་ཕྱི་དར། ཡང་དར་བཅས་ཀྱི་སྐབས་སུ་ཉམས་མེད་དུ་བསྐྱངས་དང་སྐྱོང་བཞིན་པའང་ཤེས་ནུས་པས། ཕྱིས་ཀྱི་ཧོར་ཇིང་གར་གྱིས་བཅོམ་པས་ལ་ཐོར་ལུང་ཐོར་དུ་གྱར་པའི་མི་ཉག་བྱེས་པ་ཁོ་ན་ཡིན་པའི་ཚུལ་དེ་ལྟ་བུ་ཞིག་མིན་པར་འདོད། བོད་རྒྱལ་སྲོང་བཙན་སྒམ་པོས་ལྡོང་པ་རྣམས་བོད་རིགས་གཅིག་གྱུར་གྱི་ཁོངས་སུ་བསྡུས་པའི་རྗེས་སུ་ལྡོང་པ་རྣམས་ལ་མི་ཉག་གི་ཐ་སྙད་བྱས་ཡོད་པར་གསལ་མོད། དམིགས་བསལ་དུ་མི་ཉག་གི་ཐ་སྙད་འདི་བྱུང་ཡོད་པའི་རྒྱུ་མཚན་ཞལ་མི་གསལ་ནའང་མི་ཉག་ནི་ལྡོང་གི་རུས་ཚན་ཞིག་ཡིན་པ་སྟེ། བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་སྔོན་ཙམ་ན་ཞང་ཞུང་གི་ཡུལ་དུ་བྱུང་བའི་མཁས་པ་ཆེན་པོ་བརྒྱད་དུ་གྲགས་པའི་ནང་ཚན་དུ་མི་ཉག་ལྕེ་ཚ་མཁར་བུ་ཞེས་པའི་རུས་མིང་ཡོད་པས་ཤེས་ཐུབ་ལ་སྲོང་བཙན་གྱི་སྐུ་དུས་སུ་ལྡོང་པ་བོད་ལ་ངོ་ལོག་བྱེད་མཁན་གྱི་གཙོ་བོ་རྣམས་རྒྱའི་ཡུལ་ཁག་ཏུ་བྲོས་བྱོལ་ཕྱིན་ཡོད་པ་དང་། བྲོས་བྱོལ་མ་ཕྱིན་ཅིང་ངོ་ལོག་གི་གྲངས་སུ་མ་ཞུགས་པའི་ལྡོང་པའི་ཚོ་པ་དེ་རྣམས་ཀྱི་གཙོ་བོ་ནི་མི་ཉག་གི་རུས་ཚན་ཡིན་པར་བརྟེན་དེ་རྣམས་ཀྱི་ཆེ་བའི་རྟགས་སུ་མི་ཉག་གི་ཐ་སྙད་བྱས་ཡོད་པ་ནི་ཤེས་སླ་བ་ཡིན[27]ཞེས་གསུངས་པ་ལའང་ཞིབ་ཏུ་བསམ་དགོས་པར་འདུག་ལ། ཁྲི་ཀའི་ལྡོང་མི་ཉག་འདི་ཉིད་བོད་བཙན་པོའི་རྒྱལ་རབས་རིམ་བྱུང་ནས་བོད་སིལ་བུར་འཐོར་བའི་རྗེས་ཀྱི་ཡོན་མིང་ཆིང་གི་རྒྱལ་རབས་སོགས་བརྒྱུད་དེ་ད་ལྟའང་སྡེ་བ་དང་ཚོ་བའི་མིང་ནི་རུས་མི་ཉག་ཡིན་པའི་ཐ་སྙད་ཉམས་མེད་དུ་གནས་པ་གསལ་ལོ། །
གཉིས་པ། ཁྲི་ཀའི་ལྡོང་མི་ཉག་གི་ལོ་རྒྱུས་ཀྱི་འཕེལ་རིམ་སྐོར་བཤད་པ།
མཚོ་སྔོན་ས་ཁུལ་དུ་འཁྲུག་ཆ་དོད་པའི་ལྡོང་གི་རུས་རྒྱུད་ཚོ་བ་བཅོ་ལྔ་ཙམ་ཡོད་པ་དང་། རྒྱའི«མཚོ་སྔོན་གྱི་ལོ་རྒྱུས་ཆེན་མོ།»རུ་དེའི་ནང་དུ་ལྡོང་གི་རུས་རྒྱུད་ཚོ་བ་ཞན་ལིན་སྤྱང(先零羌)ནི་རྨ་ཙོང་ཆུ་བོའི་རྒྱུད་ཀྱི་ཆེས་གནའ་བོའི་ཚོ་བ་ཞིག་ཡིན་ཞེས་འཁོད་ཡོད་པ་དང་། ཁོ་ཚོའི་སྔར་གྱི་སྡོད་གནས་ནི་ཞི་ཀྲི་ཧོ་ཆུས(赐支河曲)ཀྱི་རེ་སྐོང་གཞུང་ཆེ་ཆུང(དེང་གི་མཚོ་སྔོན་རྨ་ཆུའི་ལྷོ་ཕྱོགས་སུ་ཡོད་པའི་ཁྲི་ཀ་དང་གཅན་ཚ། མང་ར་རྫོང་། འབའ་རྫོང་སོགས་རྫོང་གི་རྒྱུད་ཡིན།)དུ་ཡོད་ཅིང་། འདིར་ས་གཤིན་ཡག་པ་དང་གནམ་གཤིས་དྲོན་པོ་ཡིན་པ། རང་བྱུང་གི་ཆ་རྐྱེན་ཅུང་ཁྱད་དུ་འཕགས་པ་ཡོད། ཧན་ནུབ་མའི་དུས་འགོར་ཞན་ལིན་སྤྱང་གི་ཚོ་བ་ཁག་ཅིག་ཙོང་ཆུའི་ལྷོ་ཕྱོགས་སུ་འཕེལ་རྒྱས་བྱུང་ཞིང་། ཅང་མ་འགོར་བར་ཙོང་ཆུའི་བྱང་ཕྱོགས་སུ་འཕེལ་རྒྱས་བྱུང་། ད་དུང་ནུབ་མཚོའི(དེང་གི་མཚོ་སྔོན་པོ)ཚྭ་མཚོའུ་ཡི་ཉེ་འགྲམ་དུ་གནས་སྤོས་པ་རེད། ཧན་ཝུའུ་ཏིའི(汉武帝)སྐབས་སུ་ཞུང་ནུའུ(匈奴)དང་འབྲེལ་བ་ཡོད་པ་མ་ཟད། ཧན་རྒྱལ་རབས(汉王朝)དང་འགལ་བ་རྒྱུན་ཆད་མེད་པ་བྱུང་། ཏུང་ཧན་རྒྱལ་རབས(东汉)ཀྱི་དུས་འགོར། ཞན་ལིན་སྤྱང་གི་ཚོ་བ་རིམ་བཞིན་ཤར་ཕྱོགས་སུ་འཕེལ་ནས་ཅིན་ཁྲེང་ཅོན(金城郡)གྱི་ཤར་རྒྱུད་ཧན་དབྱང(汉阳དེང་གི་ཀན་སུའུ་ཞིང་ཆེན་གྱི་ཐེན་ཧྲུའེ天水)དང་བཅས་ཧྲའན་ཞི་ཧྥུའུ་ཧྥེང(陕西扶风)སོགས་ས་ཁུལ་དུ་འཕེལ་རྒྱས་བྱུང་བ་རེད།[28]ཅེས་བཀོད་པ་ལས་ལྡོང་རིགས་དང་རྒྱ་རིགས་མི་དམངས་འདྲེས་མར་བསྡད་པ་དང་། ཕན་ཚུན་བར་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་དམ་དུ་སོང་ཞིང་། དུས་ཡུན་རིང་པོར་ཕན་ཚུན་འབྲེལ་རེས་དང་མཉམ་འདྲེས་བྱས་པ་བརྒྱུད་རང་ཉིད་ཀྱི་དཔལ་འབྱོར་དང་རིག་གནས་ཕུན་སུམ་ཇེ་ཚོགས་སུ་སོང་ནས་གོང་དུ་འཕེལ་བར་མ་ཟད། ལྡོང་སྤྱང་རིགས་ཀྱི་སྤྱི་ཚོགས་དང་རྒྱ་རིགས་ཀྱི་སྤྱི་ཚོགས་བར་རིམ་བཞིན་ནང་གནས་ཀྱི་འབྲེལ་བ་ཆགས་ཡོད་པ་རེད། གཞན་ཡང་བཤད་ཚུལ་ལ། རྒྱའི་སྨན་གཞུང(《神农本草经》)དུ་ངོ་མཚར་ཆེ་བའི་སྨན་གྱི་མིང་ཞིག་ཡོད་པ་ལ་སྤྱང་སྲུང་ཕོ་ཉ(护羌使者)ཟེར། ངག་རྒྱུན་དུ་ཧན་རྒྱལ་རབས་ཀྱི་ཡར་སྔོན་དུ། རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་འཚོ་སྡོད་བྱེད་པའི་ལྡོང་སྤྱང་རིགས་ཀྱི་མི་དམངས་རྣམས་ལ་མགོ་ན་བ་དང་། ཆམ་པ་ཕོག་པ། ཚིགས་ན་བ་སོགས་ཀྱི་གནས་ཚུལ་བྱུང་ན། ས་ཆ་དེ་གའི་སྨན་སྤྱོད་རྩི་ཤིང་ཞིག་གིས་སྨན་བཅོས་བྱེད་ཐུབ་པ་མ་ཟད། ཐེངས་རེར་ཉམས་ཚོད་བླངས་པས། མི་སེར་གྱིས་ལྷའི་དངོས་གྲུབ་ཏུ་འདོད་ནས་སྤྱང་སྲུང་ཕོ་ཉ་ཞེས་པའི་མཚན་ཐོགས་ཡོད། ཧན་རྒྱལ་རབས་གཉིས་ཀྱི་སྐབས་སུ་ཀྲུང་ཡོན་གོང་མའི་སྲིད་གཞུང་གིས་ནུབ་རྒྱུད་གསར་སྤེལ་བྱེད་སྐབས་རྒྱ་རིགས་ནི་ནུབ་བྱང་ས་ཁུལ་དུ་ཟབ་འཇུག་བྱས་ནས་གོང་གསལ་ནད་རིགས་ཕོག་སྐབས་ལྡོང་རིགས་མི་དམངས་ཀྱི་སྨན་རྩྭ་དེ་དག་སྤྱད་ནས་ནད་བཅོས་བྱེད་ཀྱིན་ཡོད། རྒྱ་རིགས་མི་དམངས་ཀྱིས་ལྡོང་རིགས་ཀྱི་ཡུལ་ནས་སྐྱེས་པའི་རྩྭ་སྨན་གྱིས་སྨན་བཅོས་དང་སྲོག་བཅོས་བྱེད་ཐུབ་པ་ཤེས་སྟབས་རྩྭ་སྨན་སྤྲུ་ནག་གིས་སྲོག་འཚོ་ཐུབ་པ་མཚོན་བྱེད་དུ་ཡུལ་འདིའི་ལྡོང་རིགས་ཀྱི་མིང་ཡང་སྨན་གྱི་མིང་ལ་ཐོགས་ནས“羌活”ཞེས་འབོད་པར་བཤད།[29] རྩྭ་སྨན་དེ་ལ་ཁྲི་ཀའི་ཡུལ་ལུང་འདི་རུ་ཁ་སྐད་དུ་གོ་ཏོག་ཟེར་ཞིང་བོད་ཀྱི་གསོ་རིག་སྨན་གཞུང་དུ་སྤྲུ་ནག་ཅེས་བྲིས་ཡོད། ཡིན་ན་ཡང་། ད་ལྟའི་བར་དུ་ཁྲི་ཀའི་ལྡོང་མི་ཉག་གི་ཡུལ་ཁོངས་དང་མི་སྡེ་ཚོ་བ། ཆོས་ལུགས་དད་མོས། རྟེན་དང་བརྟེན་པ་བཞེངས་སྐྲུན་དང་དགོན་སྡེ་དར་འཕེལ་བྱུང་ཚུལ་སོགས་ལའང་འགྱུར་བ་ཆེར་མ་བྱུང་བས་ན་དེའི་ཐད་ལ་ཅུང་ཙམ་གླེང་བར་སྤྲོ་བ་སྟེ།
གཅིག ཁྲི་ཀའི་ལྡོང་མི་ཉག་གི་ཡུལ་ཁོངས་སྐོར།
ངག་རྒྱུན་ལྟར་ན་ཁྲི་ཀའི་ལྡོང་མི་ཉག་གི་མེས་པོའི་རྒྱུན་སྡོད་རང་བཞིན་གྱི་འཚོ་གནས་མངའ་ཁོངས་ཐོག་མ་ནི་སྲིན་པོ་རིའི་རྫ་འདབས་ཀྱི་མེ་ལོང་ཞིང་ཁ་ཡིན་པ་དང་། དེ་ནས་ལོ་མང་སོང་བའི་རྗེས་སུ་རྨ་ཆུ་རིམ་གྱིས་བྲི་ནས་ཇེ་ཆུང་དུ་གྱུར་ཏེ་སྐམ་ས་ཆགས་པ་ན། མི་ཉག་གི་མི་རྒྱུད་ཕྱེད་ཀ་ད་ལྟའི་ཁྲི་ཀའི་མཁར་རྙིང་གི་གནས་སུ་སྤོས་ཏེ་མི་ཉག་སྡེ་བ་ཆགས་ནས་ཞིང་ལས་གཉེར་བ་དང་། མི་རྒྱུད་ཕྱེད་ཀ་ད་ལྟའི་སྒོ་མེ་དཀར་བརྗིད་ཡུལ་ཚོའི་ཉེ་འབྲེལ་གྱི་བ་ཡན་རྫོང་ལྡི་ཚའི་ཕྱོགས་སུ་སྤོས་ཏེ་མི་ཉག་གོང་ཞོལ(ཡུལ་སྐད་དུ་མི་ཉག་ཡར་བསྐའ་དང་མར་བསྐའ་རུ་འབོད།)སྡེ་བ་ཆགས་ནས་ཞིང་ལས་གཉེར་བར་བཤད་པ་དེ་དང་། ཕན་ཚུན་བར་རྨ་ཆུས་བཅད་ཡོད་རུང་འགྲོ་འོང་གི་འབྲེལ་འདྲིས་ནི་གནའ་ནས་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད། «སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང»ལས་གླེང་བའི་སྒོ་མེ་ཞེས་བྱ་བའི་མིང་འདི་ལ་བཤད་ཚུལ་གང་མང་ཞིག་མཆིས་མོད། འོན་ཀྱང་། མདོར་བསྡུས་ན་བཤད་ཚུལ་ལྔ་མཆིས། གཅིག་རྒོད(དགོ)རྩེ་རི་བོ་དང་མེ(མི)ཉག་མཆོད་རྟེན་གཉིས་ཀྱི་བསྡུས་མིང་ཡིན་ཟེར།[30]ཞེས་བཀོད་པར་ཁྲི་ཀའི་སྒོ་མེ་དང་མི་ཉག་མཆོད་རྟེན་གཉིས་ཀྱི་གནས་ཡུལ་ཡང་གསལ་བོར་མངོན་ཡོད། འདི་ལ་བསམས་ན་སྔོན་ཆད་ཁྲི་ཀའི་ལྡོང་མི་ཉག་གི་ཡུལ་ཁོངས་ནི་རྨ་ཆུའི་ཕར་ཚུར་དང་ཉེ་བའི་ས་ཆ་རྣམས་ཡིན་པར་འདོད་ལ། ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་དུ་སྔོན་ཆད་ཁྲི་ཀའི་ཡུལ་ལ་དབང་སྒྱུར་མྱོང་བའི་རྒྱལ་རབས་རིམ་བྱུང་གིས་ས་གནས་བཅད་བཟུང་དང་ཉེ་བའི་དུས་རབས་ནས་སྲིད་འཛིན་སྒྲིག་གཞིའི་བསྒྱུར་བཅོས་སྣ་ཚོགས་ཀྱི་དབང་གིས་ད་ལྟ་སྡེ་བ་དང་ཚོ་བ་རུ་གྱུར་ནས་འཚོ་སྡོད་བྱུང་བ་ནི་ཡུལ་སྡེ་ཚོ་སྡེ་གཞན་དག་དང་འདྲ་བར་ནང་ཁུལ་དུའང་ཐ་ཐོར་དུ་གནས་ཡོད་པ་བཤད་མ་དགོས་པ་རེད། མི་རྒྱུད་ཡར་ལ་དེད་ན་བར་སྐབས་སུ་ཡིག་ཚང་དང་བསྟུན་ནས་འབྲེལ་ལམ་ཙམ་གླེང་ཕོད་པར་བཤད་ཆོག་ཚེ། ཨ་སྤོ་ལྡོང་གི་རུས་ཆེན་ལས་མཆེད་པའི་མི་སྡེ་མི་ཉག་ཅེས་བྱ་བ་དེ་ནི། འ་ཞའི་ཤར་ངོས་སུ་ཆགས་ཡོད་པའི་མངའ་སྡེ་ཞིག་སྟེ། ཡ་ཐོག་གི་དུས་སུ་ལྡོང་གི་མི་རྒྱུད་ཕོན་ཆེ་བ་ཞིག་ནི་མཚོ་ཁྲི་ཤོར་རྒྱལ་མོའི་ཉེ་འཁོར་དུ་ཆགས་ཡོད་ནའང་དུས་རིམ་གྱི་འགྱུར་བར་བརྟེན། མི་ཉག་གི་གདགས་གཞིའི་ལྟེ་བ་དེ། དེང་དུས་ཀྱི་དབང་དུ་བྱས་ན་ཕལ་ཆེར་མཚོ་སྔོན་ཞིང་ཆེན་དང་ཀན་སུའི་ཤར་ངོས། སི་ཁྲོན་གྱི་བྱང་ཤར་མཚམས་སུ་གནས་ཆགས་ཡོད་པའི་མི་སྡེ་དེ་རྣམས་ལ་ཟེར་བ་ཡིན།[31]ཞེས་བཀོད་པ་ལྟར་དང་། དེས་ན་ད་ལྟའི་ཁྲི་ཀའི་ལྡོང་མི་ཉག་ནི་མི་རབས་ནས་མི་རབས་བར་ས་འདིར་གཉུག་མར་གནས་མཁན་ཞིག་ཡིན། རྒྱུ་མཚན་ནི་གནས་འདི་རུ་གནའ་བོའི་རྒྱའི་ཆིན་དང་ཧན་གྱི་དུས་སྐབས་སུ་ལྡོང་གི་མི་རྒྱུད་འགུལ་སྐྱོད་བྱས་ཚུལ་བསྟན་ཡོད་པས། ལྡོང་སྤྱང་ནི་བོད་ཀྱི་གདོད་མའི་རུས་རྒྱུད་ཅིག་ཡིན་པར་བཤད་ཡོད།«ཧན་རྗེས་མའི་དེབ་ཐེར་ནུབ་སྤྱང་གི་རྣམ་ཐར།»ནང་དུ། བུ་གཡོག་ཡོན་ཅཱན་ནི་ལྡོང་སྤྱང་རིགས་ཀྱི་འགོ་གཙོ་ཞིག་ཡིན་པ་དང་། མཚོ་སྔོན་ཞི་ཀྲི་ཆུ་བོ(锡支河)ནས་སྐྱེས་པར་བཤད། ཞི་ཀྲི་ཆུ་བོ་ནི་གནའ་བོའི་ཆུ་བོ་ཞིག་གི་མིང་རེད།(ད་ལྟ་ཞི་ཀྲི་ཆུ་བོ་དང་པོ་ནི་རྨ་ཆུའི་མགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་ཡིན་པར་བཤད།) ཆིན་དང་ཧན་རྒྱལ་རབས་ཀྱི་དུས་སུ་ཞེ་ཀྲི་ཆུ་བོ(析支河)ཞེས་འབོད་པ་མ་ཟད། དེང་གི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྨ་ཆུའི་རྒྱུད་ཀྱི་ས་ཁུལ་ལ་ཞེ་ཀྲི་ཧོ་ཆུ(析支河曲)ཞེས་ཐོ་འགོད་ཀྱང་བྱས་ཡོད་པ་འདྲ།[32] ཞི་ཀྲི་ཆུ་བོ་དང་ཞེ་ཀྲེ་ཆུ་བོ(赐支河即析支河)གཉིས་ནི་མིང་གཅིག་ཡིན་པ་དང་རྨ་ཆུའི་འབྱུང་ཁུངས་ལ་ཟེར།[33] དེ་ཡང་ཞི་ཀྲི་ཧོ་ཆུ(锡支河曲)ནི་ད་ལྟའི་མཚོ་སྔོན་ཁྲི་ཀ་རྫོང་གི་ནུབ་དང་མཚོ་སྔོན་གསེར་ཆེན་རྫོང་གི་ལྷོ་ངོས་ཀྱི་ས་ཁུལ་ཞིག་ཡིན། དེའི་ཕྱིར་བུ་གཡོག་ཡོན་ཅཱན་གྱི་སྐྱེས་ཡུལ་ནི་ད་ལྟའི་རྨ་ཆུའི་སྟོད་རྒྱུད་ལ་ངོས་འཛིན་བཞིན་འདུག བུ་གཡོག་ཡོན་ཅཱན་ནི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་མཚོ་སྔོན་གྱི་མི་ཐོག་མ་ཡིན་ཞིང་། ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་དུ་ཁོང་གིས་རྨ་ཆུ་དང་ཙོང་ཆུར་བྱས་རྗེས་བཞག་པས་སྐབས་དེ་དུས་ནས་སྐད་གྲགས་ཆེ་བའི་ལྡོང་རིགས་ཀྱི་འགོ་གཙོར་གྱུར་ཡོད། ཆིན་དང་ཧན་གྱི་དུས་སུ་སླེབས་སྐབས། ཁོང་ལ་མཚོ་སྔོན་དུ་ཚོ་བར་གྱུར་པའི་བུ་རབས་ཚ་རྒྱུད་ཀྱི་ཚོ་བ་བརྒྱ་དང་ལྔ་བཅུ་ཙམ་ཟིན་པ་དང་། གོ་ཐོས་ལྟར་ན། བུ་གཡོག་ཡོན་ཅཱན་གྱི་རྗེས་རབས་པ་ཞིག་ད་ལྟའི་བར་དུ་སྔར་བཞིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་འཚོ་སྡོད་བྱེད་ཀྱིན་ཡོད་པར[34]བཤད་འདུག
བོད་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་མི་ཉག་པ་ངོ་ལོག་གི་གྲངས་སུ་མ་ཞུགས་པའི་ཚོ་པ་རྣམས་ཀྱི་སྡོད་ཡུལ་དེ་རུ་མི་ཉག་གི་རུས་ཚན་མ་བོར་བར་བཙན་པོའི་དམག་དང་དཔུང་རྡང་གཅིག་ཏུ་སྦྲེལ་བ་ལྟ་བུར་འདུག་ལ། ངོ་ལོག་བྱེད་མཁན་གཙོ་བོ་ལ་ཚོ་ཆེན་ཉི་ཤུ་རྩ་ལྔ་ལྷག་བྱུང་བ་དེང་སང་གི་རྒྱའི་ཉིན་ཞ་དང་། ཧྲན་པེ། ཧྲན་ཞི་ལ་སོགས་པའི་གནས་སུ་བྲོས་ཏེ་ཁྱིམ་གཞིས་ཆགས་པར་ཕྱིས་སུ་རྒྱ་དང་འབྲེལ་བ་བྱུང་ནས་རྒྱ་རྣམས་ཀྱིས་ཤིས་ཞ་ཞེས་པའི་མིང་བཏགས་པར་བཤད[35]ཡོད། དེས་ན་བོད་བཙན་པོའི་སྐབས་སུ་ཕྱོགས་འདིའི་མི་ཉག་གི་ཡུལ་ཡང་བྱང་ངོས་དང་གྷའི་ས་ཆའི་མངའ་ཁོངས་སུ་གཏོགས་པ་སྟེ། བྱང་ངོས་དང་གྷའི་ས་ཆ་ཡང་ལོ་སུམ་ཅུའི་བར་དུ་བོད་ཀྱིས་བདག་བྱས་པ[36]དང་། མི་ཉག་མགོན་པོས་མདོ་སྨད་གྷ་སོགས་ལ་མི་ཉག་དང་། མདོ་སྟོད་ཁམས་ཀྱི་མི་ཉག་བཅས་ལ་མི་ཉག་ཆེན་པོ་ཞེས་གྲགས་པ།[37] གྷ་དང་བྱང་ངོས་སོགས་ཀྱི་ཡུལ་དེ་ནི་མི་ཉག་གི་ཡུལ་གཙོ་བོ་ལྟ་བུར་བཤད[38]འདུག དེ་ཡང་སྲོང་བཙན་སྒམ་པོའི་སྐབས་སུ་བོད་དང་མི་ཉག་གཅིག་གྱུར་ལྟ་བུའི་དཔུང་ལྡང་བསྒྲེལ་ནས་རྒྱ་བོད་ཀྱི་ས་མཚམས། ལན་གྲུ་དང་དབིན་ཁྲོན་ཕྱོགས་སུ་མཁར་རྫོང་མང་པོ་མི་ཉག་ལྡོང་གི་ལས་དམག་ལ་བཟུང་དུ་བཅུག ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་དུས་སུ་མི་ཉག་གྷའི་ཡུལ་འདི་བོད་བཙན་པོའི་བདག་དམ་བྱས་ཏེ་ཕན་ཚུན་གཅིག་འདྲེས་སུ་གྱུར་ནས་ལོ་སུམ་ཅུ་ལྷག་སོང་བ་ཡང་། བོད་ཀྱི་རྒྱལ་པོས་བུ་མོ་སློང་དུ་བྱུང་བ་ལ་རྒྱལ་པོའི་ནུ་བོ་ཝི་ཛུང་གི་བུ་མོ་ཀིམ་ཤིང་ཀོང་ཇོ(金城公主)བྱིན། རྫོངས་ལ་དར་གོས་དར་ཁྲི་ཚོ་མང་པོ་དང་བཟོ་རིགས་པ་སྣ་ཚང་དང་རོལ་མོ་མང་པོ་བྱིན། ཛ་གཡུའི་ཐང་གུན་དང་གཡང་གུའི་ཧན་ཟེར་བའི་མི་དཔོན་གཉིས་དམག་དང་བཅས་པ་སྐྱེལ་དུ་བཏང་། ཕྱིས་བྱང་ངོས་དང་གྷ་སོགས་མི་ཉག་གི་ཡུལ་ཐམས་ཅད་ཀྱང་ཀོང་ཇོ་ལ་བྱིན་ཏེ་བོད་ཀྱིས་ལོ་སུམ་ཅུ་བདག་བྱས།[39]ཞེས་བཀོད་ཡོད་པ་གསལ།
དེའི་ཕྱིར་མདོ་སྨད་ཁྲི་ཀའི་ཡུལ་ན་ཆུ་ནག་སྡེ་བ་དང་ཆུ་ནག་སྦལ་ཁ། ཆུ་ནག་གྲམ་པ་སོགས་འབོད་པའི་ས་མིང་མ་ཉམས་པར་ཡོད་པའང་མི་ཉག་གི་ཡུལ་ཡིན་པ་སྟེ། «མདོ་སྨད་ཆོས་འབྱུང་།»དུ། དེ་དུས་མི་ཉག་གི་ཡུལ་ནི། བྱང་གི་བོད་སོག་གི་མཚམས་སུ་ཆུ་ནག་དང་ཉེ་བའི་སར[40]ཅེས་དང་། ཆོས་རྒྱལ་ཉིད་ལ་དེ་དུས་བྱང་གི་ཕྱོགས་ཆུ་ནག་སྦ་ཁ་རུ་གྲགས་པའི་སར། མི་ཉག་རྒྱལ་བོ་སི་ཏུའི་གའི་ཇུ་ཞེས་པ་ནས་བླ་མེད་ཀྱི་ཚུལ་དུ་བཀུར་ཏེ། ཆོས་རྒྱལ་ཉིད་ཀྱི་དབུ་སྐྲ་ནང་བཞུགས་ཀྱི་མཆོད་རྟེན་དཀར་པོ་དང་། མི་ཉག་མཆོད་རྟེན་སོགས་བྱང་ཤར་གྱི་སྒང་ལ་རྟེན་གསུམ་མང་དུ་བསྐྲུན་ཏེ། ཞེས་བཀོད་ཡོད་པས། ཡུལ་འདི་ནས་མཆེད་པ་ལྟ་བུའི་ཕྱིས་ཀྱི་མི་ཉག་རྒྱལ་རབས་ཀྱི་རྒྱལ་པོའི་ཐོག་མ་སི་ཧུའི་གའི་ཇུ་བྱུང་བ་ནི་ད་ལྟའི་ཉིང་ཞྭ་ཕྱོགས་ནས་རྒྱལ་ཁབ་བཙུགས་ཏེ་དེ་གའི་རྒྱ་ཧོར་ཕལ་ཆེར་གྱི་བདག་པོ་བྱས་པར་འདོད། ཡང་དེ་ལས་མི་ཉག་རྒྱལ་རབས་རྣམས་ཕྱོགས་འདིའི་ཆུ་ནག་གི་སྡེ་ནས་དར་བར་མངོན། སྔོན་རྒྱ་བཟའ་དང་མགར་སྟོང་བཙན་བཅས་ཡར་ལམ་ཕྱོགས་འདིར་འཛོམས་ཏེ་ས་ཕྱོགས་འདི་དང་མཚོ་ཁ་གཉིས་ནས་རིམ་འགྱངས་མཛད་པར་གྲགས[41]ཞེས་བཀོད་པ་མཐོང་། «རྒྱལ་རབས་གསལ་བའི་མེ་ལོང་།»དུ། དེ་ནས་མི་ཉག་གི་རྒྱལ་པོ་སུ་ཧུ་བྱུང་ནས་རྒྱལ་རབས་བདུན་ནམ་བཅུ་གཉིས་ཙམ་དུ་མི་ཉག་གིས་གསུམ་གའི(རྒྱ་དང་ཧོར། མི་ཉག)བདག་པོ་བྱས་ཏེ་བོད་ཡུལ་གྱི་བསྟན་པ་ལ་ཞབས་ཏོག་ཆེར་བྱས།[42]ཞེས་བཀོད་པར་ཚུལ་འདིར་དམིགས་ནའང་ཁྲི་ཀའི་ཕྱོགས་སུ་སྐབས་དེར་ཆུ་ནག་འབོད་པའི་ཡུལ་ནས་བྱུང་བའི་མི་ཉག་རྒྱལ་བོ་སི་ཏུའི་གའི་ཇུའམ་ཡང་ན་མི་ཉག་རྒྱལ་པོ་སུ་ཧུ་ཞེས་པས་བོད་ཡུལ་གྱི་ནང་བསྟན་ལ་ཞབས་ཏོག་དང་མཆོད་བཀུར་བླ་མེད་བྱས་ཚུལ་ལ་ཆོས་རྒྱལ་ཉིད་ཀྱི་དབུ་སྐྲ་ནང་བཞུགས་ཀྱི་མཆོད་རྟེན་དཀར་པོ་དང་མི་ཉག་མཆོད་རྟེན་སོགས་བྱང་ཤར་གྱི་སྒང་ལ་རྟེན་གསུམ་མང་དུ་བསྐྲུན་པ་སོགས་ཀྱི་བྱས་རྗེས་བཞག་ཡོད་པ་བསྟན་ཞིང་། བོད་སིལ་བུའི་རྗེས་སུ་རྒྱ་ནག་དང་ཧོར་མི་ཉག་གསུམ་ཡུལ་ཐ་དད་ཡིན་ཡང་རྒྱལ་བོ་རེས་མོས་སུ་བྱས་པ་ཞིག་བྱུང་ནས་རྒྱའི་རྒྱལ་པོ་ཅིའུ་ཐའི་ཛུ་སྤུན་གཉིས་ཀྱིས་ལོ་སུམ་ཅུར་རྒྱལ་ས་བཟུང་བའི་རྗེས་སུ་སུ་ཧུ་བྱུང་ཚུལ་བཤད་ཡོད། མི་ཉག་སུ་ཧུ་རྒྱལ་པོའམ་ག་ཛུ་རྒྱལ་པོ་ནི་མི་ཉག་གི་རྒྱལ་རབས་ཁྲོད་སྟོབས་འབྱོར་མངའ་ཐང་ཤིན་ཏུ་ཆེ་བར་གྲགས་པ་དང་། མི་ཉག་དང་རྒྱ། སོག་པོ་བཅས་གཅིག་གྱུར་གྱི་རྒྱལ་ཁབ་ཡུན་དུ་བསྐྱངས་ཏེ་རྒྱལ་རབས་བཅུ་གཉིས་ཀྱིས་མི་ལོ་ཉིས་བརྒྱར་ཉེ་བར་སྲིད་བཟུང་བར་གྲགས་པ་སོགས་ནི་བོད་རྒྱའི་ལོ་རྒྱུས་ཡིག་ཚང་དང་དཔྱད་གཞིའི་ཡིག་རིགས་རྣམས་སུ་གསལ་བས་དེར་གཟིགས་པར་འཚལ། འདིར་བཤད་པའི་དགོས་པ་ཆེར་མ་མཆིས། དེའི་ཕྱིར་ཆུ་ནག་སྦལ་ཁ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ28ཀྱི་མཚམས་ན་ཡོད། རྒྱ་ཁྱོན་ལ་ཧ་ལམ་ས་མུའུ༡༩༠༠ལྷག་ཡོད། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་གནས་འདིར་སྦལ་བའི་ཁ་ནང་ནས་ཆུ་བཞུར་བཞིན་པ་དང་མཚུངས་པའི་ཆུ་མིག་ཅིག་ཀྱང་ཡོད་པས་ན། འདི་ལ་ཡོངས་གྲགས་སུ་ཆུ་ནག་སྦལ་ཁ་ཟེར། ད་དུང་ལ་ཟེ་བ་གྲོང་རྡལ་གྱི་རྨ་ཆུའི་ལྷོ་ཕྱོགས་ན་སྦལ་ཁ་ཐང་ཟེར་བའི་ས་མིང་དང་ནུབ་ཕྱོགས་ན་ཆུ་ནག་སྡེ་བ(དབྱར་སྟོན་ཆར་བའི་དུས་སུ། ཆར་ཆུས་ས་ནག་ཁུར་ནས་གླང་མ་ཆུའི་ཁ་དོག་ནག་པོར་བསྒྱུར་བར་བྱེད་པས་ན་ཆུ་འདི་ལའང་ཆུ་ནག་ཏུ་ཐོགས་ཤིང་། སྡེ་མིང་ཡང་དེ་ལས་བྱུང་།)ཡོད་པས་ཕྱོགས་དེ་དང་འབྲེལ་བ་ཨེ་ཡོད་སྙམ། དེར་བཤད་པའི་གླང་མའི་ཆུ་ཡི་མགོ་ཁུངས་ནི་ད་ལྟའང་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་དུ་ཧ་ལམ་སྤྱི་ལེ32ཀྱིས་ཆོད་པའི་ཨ་མ་ཟོ་དགུའི་རྫ་གསེང་ལ་ཐུག་ཡོད། འདི་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དང་གསེར་ཆེན་རྫོང་གཉིས་ཀའི་ས་མཚམས་ན་བཞུར་བཞིན་ཡོད་ཅིང་། ཆུ་ནག་སྦལ་ཁ་དང་ཆུ་ནག་གྲམ་པ་བརྒྱུད་དེ་མཐར་རྨ་ཆུ་རུ་འབབ་ཀྱིན་ཡོད། ཆུ་འདིའི་བཞུར་རྒྱུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ༡༠ཙམ་ཡོད། ཆུ་འདིའི་སྟོད་རྒྱུད་ཀྱི་ལུང་བ་ནི་གླང་མ་མང་དུ་སྐྱེས་ཡོད་ས་ཞིག་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས་པར[43]བཤད་ཡོད།
གཉིས། ཁྲི་ཀའི་ལྡོང་མི་ཉག་གི་ཚོ་སྡེ་སྐོར།
ས་གཤིས་རྒྱུ་རྐྱེན་གྱི་འཕོ་འགྱུར་ལ་གཞིགས་ན། སུམ་པའི་འགག་སྒོ་བརྟོལ་བ་ན་ཁྲི་ཀའི་ས་ཐོག་ཏུ་འཚོ་སྡོད་ཐུབ་པའི་ས་མང་པོ་མཐོང་རྒྱུ་བྱུང་ཞིང་། དེ་ནས་མི་ཉག་གི་མི་རྒྱུད་ཕྱེད་ཀ་ཙམ་ཁྲི་ཀའི་ནང་ཁུལ་སྤོས་ཡོད་པ་དང་། ཕྱེད་ཀ་ཙམ་བ་ཡན་རྫོང་དུ་གནས་སྤོས་ནས་ལྡི་ཚར་མི་ཉག་གོང་ཞོལ་གྱི་སྡེ་བ་གཉིས་སུ་ཆགས། ཡུལ་འདི་དག་ཏུ་འཚོ་གནས་ཡུན་རིང་བྱས་རྗེས་མི་ཉག་གི་མི་རྒྱུད་དང་ཚོ་བའང་རིམ་བཞིན་དར་རྒྱས་བྱུང་བར་བཤད་ཡོད། དེ་ན་ཁྲི་ཀའི་ནང་ཁུལ་དུ་སྤོས་པའི་མི་ཉག་ཚོ་སྡེ་འདི་ཉིད་ད་ལྟ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་གྱི་མཁར་ཤར་སྡེ་བའི་ཁོངས་གཏོགས་ཀྱི་སྡེ་ཆུང་ངམ་རང་བྱུང་སྡེ་བ་ཞིག་ཏུ་གྱུར་ཡོད། ཆིང་རྒྱལ་རབས་ཀྱི་ཆན་ལུང་སྲིད་ལོ་བཅུ་གཉིས་པར་ཁྲི་ཀ་སུའོ་ཡིས་པའོ་ཀྲའེ་ཡི་ལམ་ལུགས(堡寨制度)ལག་བསྟར་བྱས་ཏེ་ཀྲའེ༦པའི་པའོ༢༥ཁོངས་སུ་བསྡུས[44]ཤིང་། ད་ལྟ་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་སྨི༨༠༠ཙམ་གྱི་མཚམས་ན་ཆགས་ཡོད་པས། རྒྱ་སྐད་དུ་ཁྲིན་ཏུང(城东)འབོད་པ་ནི། མཁར་ཤར་གྱི་དོན་ཡིན་ལ། སྡེ་བ་འདི་ནི་ཁྲི་ཀའི་གནའ་བོའི་མཁར་རྙིང་གི་ཤར་ཕྱོགས་སུ་ཆགས་ཡོད་པས་མིང་ཡང་དེ་སྐད་དུ་བཏགས། སྡེ་བ་དེའི་ཁོངས་སུ་ཀྲང་ཅ་པཱ་དང་། ཤང་ཁུག ཏུང་ཏ་ལུའུ། ཅུས་ཅ། ཀྲང་ཉིང་ཅ། མི་ཉག་བཅས་སྡེ་ཆུང་དྲུག་ཡོད[45]པའི་མི་ཉག་སྡེ་ཆུང་གི་གྲས་སུ་ཚུད་ཡོད། གཞན་ཡང་གནའ་སྔ་མོ་ནས་ཡུལ་འདིའི་མེ་ལོང་ཞིང་ཁ་ནས་གྱེས་པའི་བ་ཡན་རྫོང་ལྡི་ཚ་ཕྱོགས་ཀྱི་མི་ཉག་ཚོ་བ་ཆགས་ཚུལ་ལ། ད་ལྟ་བ་ཡན་རྫོང་གཞོང་ཞན་བོད་རིགས་ཞང(མི་སེར་རྒྱལ་ཁབ་ཀྱི་སྐབས་སུ་ལྡི་ཚ་ཞང་གི་མངའ་ཁོངས་སུ་གཏོགས་པ།)མི་ཉག་གོང་མ་ཞོལ་མའི་སྡེ་བའི་ལོ་རྒྱུས་སྐོར་དཔྱད་གཞིའི་ཡིག་རིགས་ནང་འཁོད་མེད་མོད། འོན་ཀྱང་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་མཁན་ཚང་མས་སྡེ་བར་ཉུང་མཐར་ཡང་ལོ་ངོ་བདུན་བརྒྱ་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པར་བཤད་ཀྱིན་འདུག སྡེ་བའི་ནང་གི་བགྲེས་སོང་ཞིག་གིས་ལོ་བདུན་བརྒྱའམ་བརྒྱད་བརྒྱའི་གོང་དུ་ཀན་སུའུ་ཞིང་ཆེན་གྱི་ཕྱོགས་ནས་མིང་ལ་མི་ཉག་ཟེར་བའི་ཡུལ་དཔོན་ཞིག་དམག་འཁྲུག་ལས་གཡོལ་ཆེད་དུ་ས་འདིར་སླེབས་ནས་བག་ཕེབས་ངང་འཚོ་བ་སྐྱེལ་འགོ་ཚུགས་པས། སྡེ་བའི་མིང་ལ་ཡང་དེ་ལྟར་འབོད་པ་དང་། ད་ལྟ་སྡེ་གོང་ཞོལ་གཉིས་ན་ཕལ་ཆེར་ཚོ་བའི་ཁྱིམ་ཚང་བརྒྱ་དང་དྲུག་ཅུ་ལྷག་ཡོད་པར[46]བཤད། ཁྲི་ཀའི་ཡུལ་འདིར་གཉུག་མར་གནས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཉག་ཚོ་བ་ནི་ད་ལྟ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་གྱི་མཁར་ཤར་སྡེ་དམངས་ཨུ་ལྷན་ཁོངས་གཏོགས་ཀྱི་མི་ཉག་སྡེ་ཆུང་ངམ་རང་བྱུང་སྡེ་བ་ལས་མེད་ནའང་སྡེ་བའི་ནང་དུ་རུས་མི་ཉག་ཅན་གྱི་ཚོ་བ་མང་པོ་ཡོད་པས། དེ་ལས་གྱེས་པའི་འཕྲང་དམར་གྲོང་རྡལ་ལྷ་སྡེ་ཚོ་བརྒྱད་ཀྱི་མི་ཉག་ཚོ་བ་དང་། དེ་བཞིན་མཁར་ནུབ་སྡེ་དམངས་ཨུ་ལྷན་ཁོངས་གཏོགས་ཀྱི་ལྷ་ས་སྡེ་བ་རུའང་རུས་མི་ཉག་ཅན་གྱི་ཚོ་མིང་ཐོགས་པ་རེ་རེ་བཞིན་ཡོད། ད་དུང་ལ་ཟེ་བ་གྲོང་རྡལ་ལྷ་ཁང་ཐང་ནེའུ་སྣ་སྡེ་བ་དང་རྨ་ནུབ་ཡུལ་ཚོའི་ཆུ་ཁོལ་ཁྲེ་ཙེ་གོང་མ་སྡེ་བ་རུའང་ཐར་ཐོར་དུ་གནས་ཡོད།
རྒྱའི་ཡིག་ཚང་དུ་ཁྲི་ཀ་རྫོང་དུ་མི་རབས་ནས་མི་རབས་བར་མེ་ཟེར་བའི་རུས་མིང་ཅན་ཞིག་གནས་ཡོད་ཅིང་། ཁོང་ཚོས་རང་ཉིད་ནི་ལྡོང་སྤྱང་རིགས་ཀྱི་ཚོ་དཔོན་བུ་གཡོག་ཡོན་ཅཱན་གྱི་མི་རྒྱུད་ཡིན[47]ཞེས་གླེང་བཞིན་ཡོད། 1962ལོར་ཁྲི་ཀ་རྫོང་རྨ་ཤར་ཡུལ་ཚོའི་རིག་གནས་ལོ་རྒྱུས་ཀྱི་རིགས་གཅིག་མཁས་པ་ཀྲུའུ་དབྱི་ཝུའུ(朱揖五)ཡིས་རྩོམ་སྒྲིག་བཟོ་བཅོས་བྱས་པའི«ཁྲི་ཀ་རྫོང་གི་ལོ་རྒྱུས་མདོར་བསྡུས»(རྒྱུན་མཐུད་ལོ་རྒྱུས་བཟོ་བཅོས་མ་ཡིག)ཐོག་ཏུ་འདི་ལྟར་བཀོད་ཡོད་དེ། ཁྲི་ཀའི་མི་ཉག་དགོན་པའི་གཙོ་བདག་དང་འདས་པོ་མེ་ཧྲིན་ཧྭ(乜生华)ཡི་ཞལ་ནས། དབྱི(尹:རྒྱའི་ཏུང་ཧན་རྒྱལ་རབས་ཀྱི་རུས་དབྱི་འབོད་པ་ལ་ཟེར་བ)སོགས་ས་ཆ་འདིར་སླེབས་དུས་མི་གཅིག་མ་གཏོགས་མེད་པ་དང་། དེ་ནི་ཡུལ་འདིའི་ལྡོང་རིགས་ཤིག་ཡིན་པས། ནུབ་སྤྱང་གི་བུ་གཡོག་ཡོན་ཅཱན་གྱི་མི་རྒྱུད་ཁྲི་ཀར་སླེབས་པ་སྔ་ཤོས་ཡིན། ཁོང་ཚོའི་ཕ་ཡུལ་ཆུ་ཡིས་བསྣུབས་ཡོད་པས། མི་འཚོ་སྡོད་བྱེད་དཀའ་བར་གྱུར། དེའི་རྐྱེན་གྱིས་མི་ཉག་པ་རྣམས་སྲིན་པོ་རྫ་འདབས་ཀྱི་མེ་ལོང་ཞིང་ཁ་རུ་བསྡད། ལོ་མང་པོ་འགོར་བའི་རྗེས་སུ་རྨ་ཆུ་རིམ་བཞིན་ཆད་དེ་སྐམ་སར་གྱུར་ནས་ཕྱེད་ཀ་བ་ཡན་རྫོང་གི་ཁོངས་སུ་གཏོགས་པའི་ལྡི་ཚ་རུ་སྤོས་པ་དང་། ཕྱེད་ཀ་ཙམ་ཁྲི་ཀའི་གནས་འདིར་སྤོས་ཡོད། ཡོན་དང་མིང་རྒྱལ་རབས་ཀྱི་དུས་སུ་གནའ་མཁར་དེ་ཞིག་གསོ་མ་བྱས་པའི་སྐབས་སུ། ལྷ་ཁང་གི་སྲང་ལམ་དང་ཡ་མོན་ས་སྒོ་སྡོད་སའི་གནས་སུ་བསྡད། མིང་ཧུང་ཝུའུ(明洪武)ལོ་གསུམ་པར་སླེབས་ནས་མཁར་བརྩིགས་པའི་རྐྱེན་གྱིས། སྡེ་མི་ཕྱེད་ཀ་ཤིག་མཁར་ཕྱིའི་ཤར་མཐའི་མི་ཉག་སྡེ་བ་ཆགས་སར་སྤོས་ཤིང་། སྡེ་མི་ཕྱེད་ཀ་ཤིག་མཁར་ནུབ་ཏུ་སྤོས། མི་ཉག་ཚོ་བས་བཞེངས་པའི་མི་ཉག་ལྷ་ཁང(རྒྱའི་སྐད་དུ城隍庙)མཁར་ལ་མི་གནོད་པའི་རྐྱེན་གྱིས་གནས་སྤོ་མ་བྱས་པར[48]བཤད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སུ་བཀོད་པར་གཞིགས་ན། མི་ཉག་ཚོ་བ་ཁྲི་ཀའི་རྒྱུད་དུ་གནས་ཡོད་པ«ཁྲི་ཀ་རྫོང་གི་ལོ་རྒྱུས་མདོར་བསྡུས»སུ་ཁྲི་ཀའི་ལྡོང་མི་ཉག་གི་འབྱུང་ཁུངས་གསལ་པོ་བཤད་ཡོད་ལ། དེ་ལས་ཁྲི་ཀའི་ལྡོང་མི་ཉག་ནི་རྒྱའི་ཀྲན་གོའི་དུས་སྐབས་སུ་ལྡོང་སྤྱང་རིགས་ཀྱི་ཚོ་དཔོན་བུ་གཡོག་ཡོན་ཅཱན་གྱི་མི་རྒྱུད་ཡིན་པ་དངོས་སུ་ཁས་ལེན་བྱས་ཡོད། དེས་ན་ཁྲི་ཀའི་ལྡོང་མི་ཉག་ནི་མི་ཉག་སྔོན་མ་ལྟ་བུ་དང་། མི་ཉག་རྗེས་མ་ལྟ་བུ་ནི་ཉིང་ཞ་ནས་བཙུགས་པའི་མི་ཉག་རྒྱལ་རབས་དེ་ཧོར་གྱིས་བསྣུབས་པའི་མི་ཉག་པ་སྐོར་ཞིག་ས་ཆ་གང་རུང་དུ་རང་གི་རུས་ཁུངས་གཅིག་པའི་མི་ཉག་གི་སྡེ་རུ་ཞུགས་ནས་འཚོ་ཐུབ་བྱེད་པ་ནི་ངེས་པར་དུ་ཡོད་སྲིད་ལ། ཁྲི་ཀའི་མི་ཉག་པར་མཚོན་ན་མི་ཁྱིམ་དང་ས་ཁོངས། ཆོས་ལུགས་དད་མོས་ཀྱི་རྟེན་མཆོག་སྟེ། མི་ཉག་མཆོད་རྟེན་དང་མི་ཉག་ལྷ་ཁང་། མི་ཉག་མགོན་ཁང་། མི་ཉག་རྒྱལ་བོའི་ཕོ་བྲང་ངམ་མི་ཉག་དགུ་ཐོག་ལྟ་བུ་གནས་ཡོད་པ་ནི་སྐབས་དེ་ཤད་ཅིག་ནས་ཡོད་པས་ན། མདོ་སྨད་ཁྲི་ཀ་དང་སྐུ་འབུམ་ལྷ་སྡེའི་མི་ཉག་དང་། རྒན་རྒྱ་སོགས་སུ་མི་ཉག་གི་མཁར་ཤུལ་དང་མི་རྒྱུད་དང་མི་ཉག་གི་ཞིང་སའི་ཤུལ་ཡིན་ཟེར་བ་སོགས་ཡོད་པ་ནི། དུས་ཕྱིས་ཧོར་རྒྱལ་པོས་མི་ཉག་བཅོམ་པས་མི་ཉག་པ་རྣམས་ཡུལ་ལ་ལུང་དུ་ཐོར་བའི་ལྷག་མ་ལུས་པའི་མི་ཉག་བྱེས་པ་རྣམས[49]ཞེས་གསུངས་པ་ལས་ཁྲི་ཀའི་ལྡོང་མི་ཉག་གི་ཚོ་བ་ཚང་མ་ནི་དེ་གའི་མི་ཉག་བྱེས་པ་ཁོ་ན་ཡིན་པར་འདོད་མི་རུང་ངོ་སྙམ།
རྒྱའི་ཞི་ཞ་འབོད་པའི་མི་ཉག་རྒྱལ་ཁབ་ནི་ཞིན་ཆིང་ཧྥུ(兴庆府དེང་གི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་དབྱིན་ཁྲོན་གྲོང་ཁྱེར།)རུ་རྒྱལ་ས་འཛུགས་སྐབས། དེ་གའི་ལྡོང་སྤྱང་གི་ཚོ་བ་དང་མི་ཉག་གི་ཚོ་བ་ནི་མི་ཉག་རྒྱལ་ཁབ་ཀྱི་གྲུབ་ཆའི་ཚོ་བ་གཙོ་བོ་ཡིན་པར་བཤད། སྤྱི་ལོ༡༢༢༠ལོར་མི་ཉག་གིས་ཟི་ལིང་ཁུལ་དུ་དཔུང་འཇུག་བྱས་པ་ནས་བཟུང་། མཚོ་སྔོན་ཤར་རྒྱུད་ས་ཁུལ་དུ་ཅིན་རྒྱལ་རབས་བར་ལ་དམག་འཁྲུག་བྱས་ནས་བསྟུད་མར་ལོ་བརྒྱ་ཙམ་ཕྱིན་ཡོད། ༡༢༠༩ལོར་སོག་དམག་གིས་རྒྱལ་མཁར་ཞིན་ཆིང་ཧྥུ(兴庆府)བསྐོར་ནས་མི་ཉག་ལ་བཙན་ཤེད་ཀྱིས་མཁར་བཟོ་བར་མནའ་འབྲེལ་མི་བྱེད་ཐབས་མེད་དུ་གྱུར། སྤྱི་ལོ༡༢༢༦ལོར་ཧོར་ཇིང་གུར་རྒྱལ་པོ་ཨེ་ཤ་ཡ་དབུས་མ་ནས་ཕྱིར་ལོག་རྗེས་ཡང་བསྐྱར་མི་ཉག་ལ་ཚུར་རྒོལ་བྱས་ཤིང་། མི་ཉག་རྒྱལ་རབས་རྩ་མེད་དུ་བཏང་རྗེས། མི་ཉག་པ་སྐོར་ཞིག་མཚོ་སྔོན་དུ་འདྲེས་སྡོད་བྱས་ཡོད་ལ། ཀན་སུའུ་དང་ཧྲའན་ཞི་ས་ཁུལ་གྱི་མི་རིགས་གཞན་པའི་ཁྲོད་ཀྱི་སྐོར་ཞིག་ནུབ་ཏུ་སོང་བ་དང་སྐོར་ཞིག་མཚོ་སྔོན་དུ་ལུས་ཡོད་པས། དེ་དག་ལ་ལོ་རྒྱུས་ཐོག་མི་ཉག་བྱེས་པ་ཟེར་བ་འདྲ། མཚོ་སྔོན་དུ་བསྡད་པའི་མི་ཉག་པ་དེ་ཚོའི་ནང་ནས་སྐོར་ཞིག་ཁྲི་ཀ་རུ་སྤོས་ཡོད། དེ་ནི་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་རྨ་ཆུའི་ལྷོ་ངོས་ཀྱི་ད་ལྟའི་སྦལ་ཁ་ཐང(青禾滩)ས་ཁུལ་དུ་གནས་བཅས། དེ་ནས་བཟུང་ཞིང་ལས་འབྲོག་ལས་ཀྱི་འཚོ་བ་སྐྱེལ་བར་མ་ཟད། ལྷོ་ངོས་ཀྱི་རི་ལྡེབས་སུ་ལབ་ཙེ་བསྟད་ནས་མཆོད་བསྟོད་ཀྱང་བྱེད་ཀྱིན་ཡོད། དེ་གར་དུས་ཡུན་ཧ་ཅང་རིང་པོ་ཞིག་ལ་གཏན་སྡོད་བྱས་རྗེས་ཁྲི་ཀ་རྫོང་གི་མཁར་ནང་དང་མཁར་ཤར་གྱི་བཞུགས་གནས་རྙིང་པའི་མི་ཉག་པ་དང་ཚང་མ་རུས་དང་ཚོ་བ་གཅིག་ཡིན་པས་ན། ཁོང་ཚོ་མཁར་ཤར་གྱི་མི་ཉག་ཚོ་བ་སྐོར་ཞིག་དང་མཉམ་དུ་མཁར་ནུབ་ཀྱི་ལྷ་ས་ཞེས་འབོད་པའི་སྡེ་གསར་དུ་གནས་བཅས་ཤིང་། ལོ་རེར་ལུགས་རྙིང་གི་ཟླ༥ཚེས༡༡ཉིན་ལ་རང་གི་མེས་པོའི་སྲོལ་ལྟར་ལབ་ཙེ་བསྟོད་པ་ཡིན། ༡༩༨༦ལོ་ནས་ད་ལྟའི་བར་དུ་མཆོད་བསྟོད་བྱེད་བཞིན་ཡོད་པ་རེད། སྐབས་དེའི་རིང་ལ་ཁྲི་ཀ་རྫོང་གི་མངའ་ཁོངས་སུ་ད་དུང་སྡོད་མཁན་ཡོད་པ་སྟེ། དཀར་བརྗིད་ཡུལ་ཚོའི་མཁར་ནག་སྡེ་བ་རུ་མི་ཉག་ཚོ་བར་དུད་ཚང༧༢ཡོད་པར[50]བཤད་པ་རེད།
དུས་རབས་ཉི་ཤུ་པ་ནས་བཟུང་མདོ་སྨད་ཁྲི་ཀའི་ལྡོང་མི་ཉག་ཚོ་བའི་འདུས་སྡོད་ཁུལ་ནི། རྨ་སྲིབ་གྲོང་རྡལ་གྱི་མཁར་ཤར་སྡེ་བ་དང་མཁར་ནུབ་སྡེ་བ་ཡིན་ཞིང་། ཁོང་ཚོའི་ཁྲོད་ནས་ཚོ་མི་ལ་ལ་ལ་ཟེ་བ་གྲོང་རྡལ་ནེའུ་སྣ་སྡེ་བར་སྤོས་པ་དང་། ལ་ལ་ཞིག་རྨ་ནུབ་གྲོང་རྡལ་གྱི་ཆུ་ཁོལ་ཁྲེ་ཙེ་སྡེ་བ་དང་སྟོང་ཆེ་སོགས་ཀྱི་ས་ཁུལ་དུ་སྤོས་ཡོད། ཁ་ཤས་རྨ་ཤར་ཡུལ་ཚོའི་གཤོང་པ་སྡེ་བར་སྤོས་པ་རེད། དམིགས་བསལ་དུ་གླེང་དགོས་པ་ཞིག་ལ་འཕྲང་དམར་གྲོང་རྡལ་ལྷ་སྡེ་ཡི་སྡེ་མིང་ལ་ལྷ་སྡེ་ཞེས་བཏགས་དོན་ནི་མི་ཉག་དགོན་ཁང་དང་མི་ཉག་གྲྭ་ཚང་སོགས་དགོན་སྡེ་ཁག་ལ་དེ་གའི་མི་ཉག་ཚོ་བའང་མཆོད་འབུལ་བྱེད་མཁན་ཡིན་པས་ཆ་ནས་མིང་དེ་ལྟར་ཐོགས་པ་རེད། མ་གཞི་ནས་ཁོང་ཚོ་ནི་དེ་སྔ་ཁྲི་ཀའི་གནའ་མཁར་གྱི་ཕྱི་ནང་དུ་འཚོ་སྡོད་བྱེད་ཀྱིན་ཡོད་པས། ཁོང་ཚོའི་ཁྲོད་ཀྱི་མི་ཁྱིམ་འགའ་ཞིག་ནི་མི་ཉག་བློ་གྲོས་དར་རྒྱས་ཀྱི་ཕྱུགས་རྫིའི་རྒྱུད་པ་ཡིན་ཞིང་། ལོ་བརྒྱ་ལྷག་ཙམ་ལ་ཕྱུགས་རྫི་བྱས་པའི་རྗེས་སུ། དེའི་སྤྲུལ་སྐུ་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ༡༧༥༥ལོར་མཚོ་སྔོན་པོའི་འགྲམ་གྱི་སོག་རིགས་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས། དུས་རབས་ཀྱི་འཕོ་འགྱུར་གྱིས་རྐྱེན་པས་ཁོ་ཚོ་རིམ་གྱིས་གཡུ་བཟང་ཐང་དུ་གཞིས་ཆགས་ནས་འབྲོག་ལས་གཉེར་པའི་འཚོ་བའི་ནང་ཞུགས་པ་དང་། ད་དུང་མི་ཁྱིམ་སྐོར་ཞིག་རྒྱུ་རྐྱེན་གཞན་དབང་གིས་གཡུ་བཟང་ཐང་དུ་གནས་སྤོས་ཤིང་། ད་ལྟ་ལྷ་སྡེ་རུ་མི་ཉག་ཚོ་བའི་དུད་ཁྱིམ༡༡༥ཟིན་པ་དང་མི་གྲངས་བསྡོམས་འབོར༦༠༠ལྷག་ཙམ་ཟིན་ཡོད། བཅིངས་འགྲོལ་མ་བཏང་གོང་ཁྲི་ཀ་རྫོང་མཁར་ཤར་གྱི་མི་ཉག་ཚོ་བའི་རྒྱ་མཚོ་དང་རིན་ཆེན་སོགས་ཁྱིམ་ཚང་ཉི་ཤུ་དང་མི་གྲངས་དྲུག་ཅུ་ལྷག་འབའ་རྫོང་ས་ཁུལ་དུ་སྤོས་པར[51]བཤད་ཡོད་དོ། །
གསུམ། ཁྲི་ཀའི་ལྡོང་མི་ཉག་གི་ཆོས་ལུགས་གྲུབ་མཐའ་དང་དད་མོས་ཀྱི་སྐོར།
(༡) མི་ཉག་མཆོད་རྟེན་གྱི་སྐོར།
ཁྲི་ཀའི་མཆོད་རྟེན་དཀར་པོ་ནི་སྔོན་ཆོས་རྒྱལ་མྱ་ངན་མེད་ཀྱིས་གནོད་སྦྱིན་རྣམས་ལས་ལ་བསྐུལ་ནས་རྒྱལ་བའི་རིང་བསྲེལ་སྙིང་བོར་བཞུགས་པའི་ཞག་གཅིག་ལ་མཆོད་རྟེན་བྱེ་བ་གཅིག་བཞེངས་པའི་གྲས་ཀྱི་གཅིག་ཡིན་ཟེར་བའི་ངག་རྒྱུན་ཡོད[52]ལ། མཆོད་རྟེན་དཀར་པོ་ལ་མི་ཉག་མཆོད་རྟེན་འབོད་པ་ཡང་མི་ཉག་ཚོ་བས་སྔར་གྱི་མཆོད་རྟེན་དེར་ཉིད་ཀྱིས་དབུ་སྐྲ་སྙིང་བོར་བཞུགས་སུ་བཅུག་ནས་བོད་ལུགས་ལྟར་གསར་བཞེངས་མཛད། ལྷག་པར་དུ་ཏུན་ཧོང་ཡིག་ཚགསP.T.996པར་མཁན་པོ་ནམ་མཁའི་སྙིང་བོ་དང་སྤུག་ཡེ་ཤེས་དབྱངས་གཉིས་ཀྱིས་སྐུ་ཚེ་སྨད་དུ་ཁྲི་ཀ་རུ་ཆོས་སྤེལ་བ་དང་། བོད་བཙན་པོའི་རྒྱལ་རབས་དུས་སྐབས་སུ་མདོ་སྨད་ཁྲི་ཀ་ནས་མཐོང་ཁྱབ་ཁྲི་ལྡེའི་སྲིད་འཛིན་སྒྲིག་གཞི་བཙུགས[53]མྱོང་། དེ་བས་ཁྲི་ཀའི་ལྡོང་མི་ཉག་གི་ཡུལ་འདི་ནི་བོད་ཐང་བར་གྱི་འབྲེལ་འདྲིས་ཀྱི་རྒྱུ་ལམ་གཙོ་བོ་ཆགས་ཡོད་པས་ཀྱང་ཤེས་ནུས། ད་ལྟ་མཆོད་རྟེན་འདི་ནི་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་གྱི་གནའ་མཁར་གྱི་ནུབ་འགྲམ་དུ་ཆགས་ཡོད་ལ།མཚན་ཆ་ཚང་ལ་མི་ཉག་མཆོད་རྟེན་མཐོང་གྲོལ་ཆེན་མོའམ་ཁྲི་ཀའི་མཆོད་རྟེན་དཀར་པོ་ཞེས་གྲགས་པ་དང་། ཁྲི་ཀ་མ་ཟད་ཨ་མདོའི་ཡུལ་དུའང་ལོ་རྒྱུས་ཆེས་རིང་བའི་རྟེན་འགངས་ཆེན་ཞིག་ཡིན། བྲག་དགོན་པའི་མདོ་སྨད་ཆོས་འབྱུང་ལས། མངའ་བདག་ཁྲི་རལ་ཉིད་དངོས་སུ་ཕེབས་ཤིང་རལ་བ་ནང་བཞུགས་ཀྱི་རྟེན་ཁྲི་ཀར་ཡོད་པ་གྲགས་ཆེ།[54]ཞེས་གསུངས། མཆོད་རྟེན་འདི་བཞེངས་པའི་ལོ་ནི་བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་ཁྲི་ལོ་བདུན་པ་སྟེ་སྤྱི་ལོ༨༢༡ལོར་ཆོས་རྒྱལ་ཉིད་མདོ་སྨད་དུ་ཕེབས་ཏེ། ཉིད་ཀྱི་དབུ་རལ་ནང་བཞུགས་ཀྱི་མཆོད་རྟེན་འདི་བཞེངས་པར་གྲགས་ཤིང་། སྔོན་དུས་མི་ཉག་སྡེ་བའི་ཉེ་འཁོར་གྱི་ཆུ་མིག་ཞིག་གི་ཁར་ཆོས་རྒྱལ་ཁྲི་རལ་དངོས་སུ་བཞུགས་མྱོང་བའི་རྡོ་ཁྲི་ཞིག་ཡོད་གསུངས་པ་ད་ལྟ་མིང་གི་ལྷག་མར་གྱུར། འདི་ལ་དཔག་ན་ད་ལོའི་ཆུ་ཕོ་སྟག་ཡན་ལ་ལོ་ཆིག་སྟོང་ཉིས་བརྒྱ་དང་གཅིག་སོང་ཟིན་པས་མཆོད་རྟེན་འདི་ཁྲི་ཀའི་ཡུལ་གྱི་རྟེན་ཐོག་མ་ཡིན།
རབ་བྱུང་བཞི་བའི་ནང(༡༢༥༡ལོར)ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་པོས་གདན་དྲངས་པར་ཕེབས་ལམ་དུ་མཆོད་རྟེན་འདིར་རབ་གནས་གནང་། རབ་བྱུང་བཅུ་གཉིས་པའི་ནང་རྙེ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་འཛིན་ཉི་མས་ཞིག་གསོ་མཛད། སྒོ་རྒྱན་ནང་དུ་ཐུབ་སྐུ་དང་། བུམ་པའི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་སྨན་སྐུ་མི་ཚད་ཙམ། གཞན་ཡང་སྐུ་གསུང་ཐུགས་རྟེན་གྱི་རྟེན་སྣ་ཕྱུར་བུར་སྤུངས་ཏེ་རབ་གནས་མཛད། ཡང་རབ་བྱུང་བཅུ་བཞི་བའི་ནང་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མས་གསེར་ཟངས་ལས་གྲུབ་པའི་ཉི་ཟླ་ཕུལ་ནས་ཞིག་གསོ་མཛད།དེ་ནས་རབ་ཚེས་མེ་ཡོས་ཕྱི་ལོ༡༨༦༧ལོའི་ཧོས་འཁྲུགས་ཀྱིས་ཡུལ་འདིའི་དགོན་སྡེ་ཕལ་ཆེར་ལ་གནོད་སྐྱོན་དང་། མཆོད་རྟེན་འདི་ལའང་འཕྲོག་བསྲེག་བཅོམ་གསུམ་ཚབས་ཆེན་བཟོས། ལོ་དེའི་སྨད་དུ་ཐར་ཤུལ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་གྲྭ་ཚང་འདི་དང་མཆོད་རྟེན་མཐའ་སྐོར་གྱི་མ་ཎི་འཁོར་ལོ་སོགས་ལ་ཉམས་གསོ་གང་ལེགས་མཛད། དེ་ནས་རབ་རྒྱལ་ས་ཡོས་ཕྱི་ལོ༡༩༣༩ལོར་མི་ཉག་ངག་དབང་ལེགས་བཤད་རྒྱ་མཚོས་མཐུན་རྐྱེན་སྦྱར་ཏེ་གཞི་ཁྱོན་ཆེ་བའི་ཞིག་གསོ་ཐེངས་བཞི་བྱས[55]པར་བཤད།
(༢) མི་ཉག་དགུ་ཐོག་གི་སྐོར།
མི་ཉག་དགུ་ཐོག་ནི་རྨ་སྲིབ་གྲོང་རྡལ་གྱི་ཁོངས་གཏོགས་ཁྲི་ཀའི་གནའ་མཁར་གྱི་བྱང་ཕྱོགས་ན་ཡོད། ད་ལྟ་ལྷ་ཁང་ཞིག་ཏུ་གྱུར་ཡོད། འདི་ལ་མི་ཉག་དགུ་ཐོག་ཆེན་མོའམ་ཆོས་རྒྱལ་ལྷ་ཁང་ཡང་ཟེར་ལ། ལྷ་ཁང་འདི་རུ་དམ་ཆེན་ཆོས་རྒྱལ་གྱི་སྐུ་བཞེངས་མྱོང་བས་ན་ཆོས་རྒྱལ་ལྷ་ཁང་ཞེས་འབོད་ཅིང་། ལྷའི་དབང་བོ་བརྒྱ་བྱིན་གྱི་སྐུ་བཞེངས་ཡོད་པས་ན་བརྒྱ་བྱིན་ལྷ་ཁང་ཞེས་ཀྱང་འབོད།[56] འཇམ་པའི་དབྱངས་ས་པཎ་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་གྱིས་གདན་དྲངས་ཏེ་མཚོ་སྔོན་དུ་ཕེབས་སྐབས་ཁྲི་ཀའི་རྒྱ་མཁར་མཆོད་རྟེན་རྩད་གཅོད་མཛད་དེ་གནས་འདིར་ཕེབས་པ[57]དང་། མི་ཉག་མཆོད་རྟེན་ལ་རབ་གནས་བྱེད་སྐབས་མི་ཉག་དགུ་ཐོག་ཏུ་བཞུགས་གནང་མཛད་མྱོང་ལ། ཁྲི་ཀའི་མཁར་རྙིང་གི་ནང་ན་ཡོད་པ་ནི། རྨ་ཆུ་ནུབ་ནས་ཤར་དུ་འབབ་པའི་ཚུར་ངོས་ཀོ་ར། གོང་བ། ཀབ་རོན་ལུང་བ་གསུམ་གྱི་མདོར་ཁྲི་ཀའི་གནའ་མཁར(ལ་ལས་ཁྲི་ཀའི་རྒྱ་མཁར་ཞེས་འབོད།)དེར་དུས་གསུམ་སངས་རྒྱས། འཇིགས་བྱེད་མགོན་ཆོས་སོགས་ཆོས་སྐྱོང་ཡོངས་རྫོགས་བཞུགས་པའི་མི་ཉག་མགོན་ཁང་དང་མི་ཉག་དགུ་ཐོག་ཏུ་གྲགས་པ་ཡོད[58]ཅེས་གསུངས་འདུག
ངག་རྒྱུན་དུ། མི་ཉག་དགུ་ཐོག་ནི་མི་ཉག་རྒྱལ་བོའི་ཕོ་བྲང་དུ་འབོད་པ་ལ་དགུ་ཐོག་གི་འོག་ཁང་ནི་གཡོག་པོ་འདུག་ས་དང་། ཉིས་ཐོག་ནི་སྡོད་ཁང་ཡིན་པས་མི་ཉག་རྒྱལ་པོའི་ནང་མི་འདུག་ས་ཡིན། གསུམ་ཐོག་ནི་མགྲོན་ཁང་དང་བཞི་ཐོག་ཡན་ཆད་ལྷ་ཁང་དང་མཆོད་ཁང་ཡིན། དགུ་ཐོག་ནི་མི་ཉག་རྒྱལ་པོའི་གཟིམ་ཤག་དང་སྒོམ་སྒྲུབ་ཁང་ཡིན་པར[59]བཤད།
(༣) མི་ཉག་མགོན་ཁང་གི་སྐོར།
མི་ཉག་མགོན་ཁང་ནི་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ༡ཙམ་གྱི་མཚམས་ན་ཡོད་དེ། ཁྲི་ཀའི་བརྒྱ་བྱིན་ལྷ་ཁང་ངམ་མི་ཉག་དགུ་ཐོག་གི་ནུབ་ལོགས་སུ་ཡོད། འདི་ནི་ཡོན་རྒྱལ་རབས་ཀྱི་དུས་མཇུག(སྤྱི་ལོ༡༢༧༡ལོ་ནས༡༣༦༨ལོའི་བར)ཏུ་ཡུལ་འདི་གའི་མི་ཉག་ཚོ་བས་བཞེངས་པར་གྲགས་ཤིང་། ལོ་རྒྱུས་སྟེང་མི་ཉག་དགོན་པས་བདག་སྐྱོང་བྱེད་པ་ཞིག་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས། མགོན་ཁང་འདིའི་དཀར་ཆག་ཏུ་བཀོད་པ་ལྟར་ན། ད་ལྟའི་མི་ཉག་གྲྭ་ཚང་གནས་འདིར་མ་སྤོས་གོང་དུ་ཁྲི་ཀའི་གནའ་མཁར་གྱི་བྱང་ཕྱོགས་མི་ཉག་དགུ་ཐོག་གི་ནུབ་འགྲམ་དུ་ཆགས་ཡོད་ལ། ཕྱིས་སུ་རྐྱེན་དབང་གིས་མི་ཉག་མཆོད་རྟེན་གྱི་ཉེ་འགྲམ་དུ་སྤོར་རྩིས་བྱས་མོད། འོན་ཀྱང་མགོན་ཁང་གི་ལྷ་ཤིན་ཏུ་གཉན་ཆ་ཆེ་བས་སྤོར་མ་ནུས་པར་སྔར་གནས་སུ་འཇོག་དགོས་བྱུང་། སྤྱི་ལོ༡༧༢༣ལོར་ཉན་གིན་ཡོ་ཡི་དམག་ཡོང་དུས།ཆོས་རྒྱལ་གྱིས་མགོན་ཁང་གི་སྒོ་ཡི་ཕྱོགས་སུ་གཟིགས་པས་ན་དམག་གི་གནོད་སྐྱོན་མ་བྱུང་བར་བཤད། སྔོན་དུས་སུ་གྲུབ་མཐའ་གང་ཞིག་གིས་བདག་སྐྱོང་བྱེད་པ་ཆ་མ་འཚལ་ཡང་མན་ཆིན་རྒྱལ་རབས་སྐབས་ནས་བཟུང་དགེ་ལུགས་པ་སྟེ་མི་ཉག་གྲྭ་ཚང་གིས་བདག་སྐྱོང་བྱེད[60]བཞིན་ཡོད་པ་དང་རྒྱ་བོད་གཉིས་ཀས་མཆོད། ད་ལྟའང་མི་ཉག་གྲྭ་ཚང་ནས་ཆོས་ཐོག་གི་སྒྲུབ་མཆོད་སྦྱིན་སྲེག་དང་བཅས་པ་དང་། བོད་ལོའི་གཏོར་སྒྲུབ་སོགས་མི་ཉག་མགོན་ཁང་དུ་འཚོགས་དང་འཚོག་བཞིན་ཡོད་པ་རེད།
(༤) མི་ཉག་ལྷ་ཁང་གི་སྐོར།
མི་ཉག་ལྷ་ཁང(རྒྱ་སྐད་དུ城隍庙)ནི་ཁྲི་ཀའི་གནའ་མཁར་ནང་དུ་གནས་ཡོད། སྤྱི་ལོ༨༢༡ལོར་མི་ཉག་ཚོ་བས་ཁྲི་ཀའི་གནའ་མཁར་གྱི་ལྕགས་རི་ལ་བརྟེན་ནས་བཞེངས་པའི་གནའ་བོའི་བཟོ་སྐྲུན་ཕུན་སུམ་ཚོགས་པའི་གྲས་ཤིག་ཡིན། མི་ཉག་ལྷ་ཁང་གི་གནས་སྐབས་ཀྱི་བཞེངས་སྐྲུན་ལོ་རྟགས་གསལ་བོ་ཞིག་མ་རྙེད་ཀྱང་ཉུང་མཐར་ཡང་ལོ་ངོ༡༢༠༠ཡི་གོང་དུ་བཞེངས་པར་བཤད་པ་དང་། ད་ལྟའི་མི་ཉག་ལྷ་ཁང་དུ་ཆོས་རྒྱལ་དང་བརྒྱ་བྱིན་གྱི་སྐུ་བཞེངས་ཡོད།[61] ད་ལྟའང་ཡུལ་འདིའི་རྒྱ་མི་རྣམས་ཀྱིས་ཀྱང་ལྷ་གནས་དེ་དག་ལ་མཆོད་འབུལ་བྱེད་བཞིན་ཡོད། མི་ཉག་དགོན་པའི་བླ་མ་མི་ཉག་བློ་གྲོས་དར་རྒྱས་མཆོག་སྐུ་འབུམ་དགོན་པའི་མཁན་པོར་བཞུགས་དུས་ནས་བདག་སྐྱོང་བྱས་ནས་མི་ཉག་སྐུ་ཕྲེང་ཉེར་བཞིའི་བར་དུ་རྒྱུན་བསྐྱངས་པར་གྲགས།
(༥) མི་ཉག་རྫོང་ཐོག་གི་སྐོར།
མི་ཉག་རྫོང་ཐོག་ནི་ཁྲི་ཀའི་གནའ་མཁར་གྱི་ཤར་ཕྱོགས་སུ་ཏཱ་ར་ནཱ་ཐའི་སྐུའི་སྐྱེ་བ་ཕྱི་མ་སྔགས་ཆེན་འཕྲིན་ལས་འབུམ་གྱི་སྒྲུབ་གནས་སུ་གྲགས་པ་དེ་ཡིན་པ་དང་། ཁོང་གི་སྤྲུལ་སྐུ་བཤེས་གཉེན་བློ་གྲོས་རྒྱ་མཚོ་དང་དེའི་སྤྲུལ་སྐུ་དགེ་འདུན་རྒྱལ་མཚན། དེའི་སྤྲུལ་སྐུ་རུས་མི་ཉག་ཅན་གྱི་ཚོ་སྡེ་ནས་འཁྲུངས་པའི་སྐུ་འབུམ་ཁྲི་བ་ཞབས་དྲུང་མི་ཉག་བློ་གྲོས་དར་རྒྱས་བཅས་ཀྱི་སྒྲུབ་གནས་སུ་གྱུར། སྒྲུབ་གནས་འདི་ནི་ད་ལྟའི་མི་ཉག་གྲྭ་ཚང་གི་ཐོག་མའི་རྨང་གཞི་ཡིན་པར་བཤད། མི་ཉག་བློ་གྲོས་དར་རྒྱས་མཆོག་གིས་སྔོན་གྱི་ཐོག་མའི་སྒྲུབ་གནས་མི་ཉག་རྫོང་ཐོག་ཏུ་གྲགས་པར་གསང་སྔགས་བདེ་ཆེན་གླིང་ཕྱག་འདེབས་མཛད། དེའི་སྤྲུལ་སྐུ་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མས་མངའ་བདག་ཁྲི་རལ་བ་ཅན་གྱི་དབུ་སྐྲ་ནང་བཞུགས་ཀྱི་མཆོད་རྟེན་ཞིག་གསོས་དང་གསེར་ཟངས་ཀྱི་ཉི་ཟླ་གཟི་འོད་འཕྲོ་བ་ཕུལ། སྐུ་འབུམ་མི་ཉག་སྒར་བ་ནས་སྐུ་གསུང་ཐུགས་རྟེན་མང་པོ་སྤྱན་དྲངས། གསང་སྔགས་བདེ་ཆེན་གླིང་གི་གཟིམ་ཁང་ཞིག་གསོས་དང་དབྱར་གནས་བཙུགས[62]མྱོང་བར་བཤད་ཡོད།
(༦) མི་ཉག་དགོན་བཀྲ་ཤིས་འཕེལ་རྒྱས་གླིང་གི་སྐོར།
སྒྲུབ་སྡེ་འདི་ནི་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་མི་ཉག་མཆོད་རྟེན་དཀར་པོའི་གམ་དུ་ཆགས་ཡོད་ལ། མཆོད་གཞིས་མི་ཉག་གྲོང་ཚོ་ཡིན་པས་ཡོངས་གྲགས་སུ་མི་ཉག་གྲྭ་ཚང་ཟེར། གྲུབ་མཐའ་ནི་དགེ་ལུགས་པ་དང་སྐུ་འབུམ་བྱམས་གླིང་གི་དགོན་ལག་ཡིན། གྲྭ་ཚང་འདིའི་ཐོག་མའི་རྨང་གཞི་ནི་ཁྲི་ཀ་རྫོང་མཁར་གྱི་ཤར་ཕྱོགས་སྔགས་ཆེན་འཕྲིན་ལས་འབུམ་གྱི་སྒྲུབ་གནས། མི་ཉག་རྫོང་ཐོག་ཏུ་གྲགས་པ་དེ་ཡིན་ལ། གནས་དེར་ཁོང་གིས་རབ་བྱུང་དགུ་པའི་སྨད་ཙམ་དུ་གཞི་བཏིང་། དེ་ནས་རབ་ཉིའི་མཇུག་ཙམ་ལ་མི་ཉག་བློ་གྲོས་དར་རྒྱས་ཀྱིས་ད་ལྟའི་གནས་འདིར་སྤོས་ནས་སྡེ་འདིའི་རྟེན་དང་བརྟེན་པ་གསར་བཞེངས་མཛད་དེ་མཚན་ལ་བཀྲ་ཤིས་ཆོས་འཕེལ་གླིང[63]ཞེས་གསོལ། མི་ཉག་གྲྭ་ཚང་གི་རྟེན་གྱི་གཙོ་བོ་ནི་མངའ་བདག་ཁྲི་རལ་བ་ཅན་གྱི་རལ་བ་ནང་བཞུགས་ཀྱི་མཆོད་རྟེན་ཡིན་ནོ། །
(༧) བོན་གྱི་ཆོས་ལ་དད་མོས་སྐོར།
ཁྲི་ཀའི་མི་ཉག་རྒྱལ་པོ་རབ་རྩེ་འདུས་ལ་མཚོན་ན་གདོད་མའི་བོན་གྱི་ཆོས་ལུགས་ལ་དད་ཚུལ་ཡང་གོང་དུ་བཤད་ཟིན་པའི«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»དང«བསྟན་འབྱུང་ཡིད་བཞིན་ནོར་བུ་འདོད་འཇོའི་གཏེར་མཛོད»ཅེས་པ་བརྙན་པར་མའི་ཤོག་ངོས༡༨༡པར་གསལ་བའི་བོན་གྱི་བསྟན་འབྱུང་དང་། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱི«ཁྲི་ཀའི་ཡུལ་དུ་བོན་བསྟན་བྱུང་ཚུལ་རགས་ཙམ་བརྗོད་པ་དྲང་སྲོང་དགྱེས་པའི་མཆོད་སྤྲིན»ཞེས་པའི་དཔྱད་ཡིག་སོགས་ལས་ཁྲི་ཀའི་སྲིན་པོ་རྫ་རྔའི་རྨ་རི་དེའུ་གསུམ་བྲག་ཕུག་གམ་མེ་ལོང་བྲག་ཕུག་ཏུ་ཞང་ཞུང་རྒྱལ་པོ་མུ་ལ་མུ་སངས་དང་། བོད་རྒྱལ་དིང་ཁྲི་བཙན་པོ་སྤྱི་ལོ་སྔོན་གྱི༩༦༧ལོར་འཁྲུངས་པར་བཞེད་པའི་སྐུ་ཚེ་སྨད་དུ། མཁན་ཆེན་མི་ཟི་གསལ་བཟང་མཆོག་སྤྱི་ལོ་སྔོན་གྱི༩༡༢ལོ་ནས་འགོག་སྙོམས་ལ་བཞུགས་པ་དང་། མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱི་འབངས་རྟ་རྫི་སོག་པོ་སྤྲེལ་སླག་ཅན་བྱ་བ་སྣོད་རུང་དུ་གྱུར་ནས་བླ་སློབ་གཉིས་ཀ་ཁྲི་ཀའི་བོན་པོའི་གདོང་སྣ་རུ་སྒྲུབ་པ་ཉམས་ལེན་ལ་གཞོལ་བ་སོགས་ཀྱི་ལོ་རྒྱུས་ཀྱང་ཡིག་ངག་གཉིས་ཀར་མཆིས་ཤིང་། མདོ་སྨད་ཀྱི་མཁན་བརྒྱུད་རྣམ་ལྔ་ནས་བཟུང་གཤེན་ཆེན་དགུ་རྒྱུད་ཀྱི་རིག་འཛིན་རྣམས་ཀྱང་མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱི་མཆོད་གནས་སུ་བཀུར་ཏེ། གནས་དེར་མཆོད་ཡོན་ཟུང་འབྲེལ་གྱིས་ཀུན་བཟང་གཤེན་ལྷ་འོད་དཀར་གྱི་ལྷ་ཁང་བཞེངས། མཁན་ཆེན་མུ་ཟི་གསལ་བཟང་གི་སྐུ་གདུང་རིང་བསྲེལ་རྟེན་དུ་བཞུགས་པའི་ཐུགས་རྟེན་གཡུང་དྲུང་བཀོད་ལེགས་སོགས་སྐུ་གསུང་ཐུགས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་བཞུགས།[64]ཞེས་གསལ་བོར་འཁོད་པ་ལས་ཁྲི་ཀ་ཡུལ་གྱི་མི་ཉག་ཚོ་བ་བོན་ལ་དད་མཁན་ཡང་རྒྱལ་པོ་དང་འབངས་རྟ་རྫི་ལྟ་བུ་བྱུང་མྱོང་བ་མ་ཟད། ཀུན་བཟང་གཤེན་ལྷ་འོད་དཀར་གྱི་ལྷ་ཁང་ཡང་བཞེངས་པར་གསུངས་ཡོད་པས་ཀྱང་ཤེས་ནུས་སོ། །
གསུམ་པ། ད་ལྟ་ཤེས་རྟོགས་བྱུང་བའི་གནས་ཚུལ་གཞན་གྱི་སྐོར་བཤད་པ།
གཅིག སྔོག་འདོན་ལས་བྱུང་བའི་གནའ་ཤུལ་རིག་དངོས་སྐོར།
(༡)མི་ཉག་གི་བང་སོ།
ཁྲི་ཀའི་གནའ་མཁར་ནང་དུ་ས་འོག་ནས་ཐོན་པའི་གནའ་བོའི་བང་སོ་ཞིག་ལས་མ་ཎི་རྡོ་འབུམ་དང་ཆོས་དཔེ་འགའ་སོགས་རྙེད་ཚུལ་བཤད་པ་སྟེ། ༡༩༩༢ལོར་ཁྲི་ཀའི་གནའ་མཁར་གྱི་མཁར་གྲོང་རུ་ཆེན་ལྷོ་བའི་ཝང་ཙེ་ལི(王自力)ཡི་འཐུང་ཆུ་བཟོ་གྲྭའི་ཐོག་སོ་གཉིས་ཅན་གྱི་ཁང་འོག་གི་རྩིག་རྨང་དུ་སྨི་གསུམ་ལྷག་ཙམ་ཡོད་པའི་ས་འོག་ནས་ཞེང་ཚད་ལི་སྨི༢༣དང་རིང་ཚད་ལི་སྨི༢༥ཡིན་པའི་མ་ཎི་རྡོ་བརྐོས་ཤིག་བཏོན་པས། རྡོ་ངོས་སུ་མ་ཎི་ཡི་གེ་དྲུག་མ་ཧ་ཅང་གསལ་པོར་མངོན་ཞིང་། སྐབས་དེར་སྨྱུག་ཐོགས་པར་རྡོར་བརྐོས་བསྟན་དུ་བཅུག་པ་དང་། དེའི་རྗེས་སུ་བློ་མཐུན་ཝང་ཙེ་ལི་ལ་བཅར་འདྲི་ཞུས། ཁོང་གིས་གཞི་ནས་གནས་ཚུལ་ཞིབ་པར་གླེང་བ་སྟེ། མ་ཎི་རྡོ་འབུམ་དང་མཉམ་དུ་བརྐོས་ནས་གཏོན་པར་དར་གོས་རྫ་མདོག་ཅན་གྱི་ཕྱུ་པ་གཡོགས་པའི་མི་རུས་ཅན་གྱི་དུར་ས་ཡང་བྱུང་བས། དེའི་དབུ་ཐོག་ཏུ་མ་ཎི་རྡོ་འབུམ་བཞག་ཡོད་པ་མ་ཟད། ད་དུང་བོད་ཡིག་གི་ཆོས་དཔེ་སྣ་རིང་ཅན་གསུམ་ཡོད་པ་ལས་ཆོས་དཔེ་གཉིས་ནི་རས་ཀྱིས་བཏུམ་ཡོད་པ་དང་། ཆོས་དཔེ་གཅིག་ནི་ཙན་དན་གྱི་གླེགས་ཤིང་གི་བར་དུ་བཙིར་ནས་བཏུམ་ཡོད་པ་ལ་ཆ་ཚང་ཙམ་ཡོད་པར་བཤད། ཆ་ཚང་ཡོད་པའི་བོད་ཡིག་གི་གླེགས་བམ་སྣ་རིང་ཅན་དེ་མི་ཞིག་གིས་གཏའ་དངུལ་སྒོར་ཁྲི་གཉིས་བཞག་ནས་ལྷ་སར་ཁྱེར་བ་དང་། བོད་ཡིག་གི་ཆོས་དཔེ་གཞན་དེ་གཉིས་རས་ཀྱིས་བཏུམ་ནས་དུམ་བུ་ཞིག་རུལ་འདུག་ཟེར། ད་ལྟ་ད་དུང་ཉར་ཚགས་བྱས་ཡོད་སྐད། དེའི་ཁྲོད་ཀྱི་རུལ་ཤོག་དུམ་བུ་ཞིག(རིང་ཚད་ལི་སྨི༡༥དང་ཞེང་ཚད་ལི་སྨི༡༠ཙམ་ཡོད།) སྨྱུག་ཐོགས་པར་ཞིབ་འཇུག་བྱེད་དུ་བཅུག དེ་དང་ཆབས་ཅིག་བང་སོའི་ནང་ད་དུང་རྫ་སྦུག་ནག་པོ་ཞིག(འདམ་བསྲེགས་བྱས་ནས་བཟོས་པ་ཞིག)བཞག་ཡོད་པར་བཤད། ཁོང་གིས་གྱོན་གོས་དེའི་སྒྲོག་གུ་གསུམ་བསྟན་པར་གཅིག་ནི་ཟངས་གྲུ་བཞི་ཅན་གྱིས་བཟོས་པ་དང་གཉིས་ནི་ཟངས་གོར་ཅན་གྱིས་བཟོས་པ་ཞིག་རེད། གོ་ཐོས་སུ་སྐབས་དེར་སྔོག་འདོན་བྱེད་སྐབས་ཁྱོན་བསྡོམས་སྒྲོག་གུ་དྲུག་བདུན་ཙམ་ཡོད་པ་དང་། སྒྲོག་གུ་ཁ་ཤས་ཤིག་མི་གཞན་ལ་དགོས་མཁོ་བྱུང་ནས་ཁྱེར་ཟིན་ཟེར། ལུས་ལ་གོས་ཀྱིས་གཡོགས་པ་དེ་ལ་ཝང་ཙེ་ལིས་བཤད་པ་ལྟར་ན། ཁོང་གིས་བརྐོས་ནས་གཏོན་དུས་ཐལ་སྐྱ་རུ་གྱུར་འདུག་པས་དུམ་བུ་ཆུང་ངུ་ཞིག་ལས་ཉར་ཚགས་བྱེད་ཐུབ་མ་བྱུང་ཟེར། དེ་ལ་ཆེད་ལས་མཁས་པས་མི་ཉག་རྒྱལ་ཁབ་ཀྱི་དུས་སྐབས་སུ་ངོས་འཛིན་བྱུང་བ་དང་། དེའི་བེམ་པོ་རུས་ཐལ་དུ་བཏང་ནས་རྨ་ཆུ་ནང་དུ་གཏོར་བར[65]བཤད་འདུག དེས་ན་གནའ་མཁར་ནང་དུ་བྱུང་བའི་མི་ཉག་གི་བང་སོ་ལ་གཞིགས་ན་མིང་རྒྱལ་རབས་ཀྱི་སྐབས་ཀྱི་ཁྲེ་ཙེ་སྡེ་གསུམ་གྱི་རྒྱ་རིགས་དམག་མི་མཁར་སྲུང་དུ་མ་སླེབས་པའི་ཡར་སྔོན་དུ་ཡོད་པ་དང་། དུས་སྐབས་དེར་ཁྲི་ཀའི་ཡུལ་འདིར་བྱུང་བའི་མི་ཉག་གི་མི་སྣ་གལ་ཆེན་ཞིག་གི་བང་སོ་ཞིག་ཡིན་པ་བསྙོན་དུ་མེད་དོ་སྙམ།
(༢) མི་ཉག་གི་རྒྱལ་ས།
ཁྲི་ཀ་ན་མི་ཉག་གི་རྒྱལ་ས་འདུག་ཟེར་ན་རྣར་འགྲོ་དཀའ་བའི་ཚོད་དུ་འདུག་རུང་། བོན་གྱི་བསྟན་འབྱུང་དུ་ཁྲི་ཀའི་ཡུལ་འདི་རུ་མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཞེས་པ་ཞིག་བྱུང་བ་བཀོད་ཡོད་པས། དུས་སྐབས་དེ་ལ་མཚོན་ནའང་མི་རྣམས་ཀྱིས་རང་སའི་ཡུལ་དཔོན་ལ་རྒྱལ་པོ་འབོད་པ་ཡོད་སྲིད་པས། ངེས་པར་དུ་ས་ཆ་མང་པོ་ཞིག་རང་གི་མངའ་འོག་ཏུ་བསྡུས་པའི་དབང་གྲགས་ཆེ་བའི་རྒྱལ་པོ་ཞིག་ལ་གོ་དཀའ་བར་འདོད། དེས་ན་ཁྲི་ཀའི་རྒྱའི་མཁས་པ་དབྱང་ཝུན་ཧྥུས(杨文夫)ཟེར་བས«དུས་རབས་ཉི་ཤུ་པའི་དུས་འགོར་ཕྱི་རྒྱལ་པའི་སྨྱུག་རྩེ་ནས་ཐོན་པའི་ཁྲི་ཀ»ཞེས་པའི་རྩོམ་ཡིག་ཅིག་གི་ནང་དུ་གསལ་པོར་བྲིས་ཏེ་བསྟན་ཚུལ་ནི་ཨུ་རུ་སུའི་ཁོ་ཚི་ལུའོ་ཧྥུ་ཡིས་བརྩམས་པའི«མཁར་རྙིང་གི་འགྲུལ་བཞུད»(ཁྲེན་ཀུའེ་ཞིན་གྱིས་སྒྱུར། ཞིན་ཅང་མི་དམངས་དཔེ་སྐྲུན་ཁང་གི2001ལོའི་པར་གཞི་དང་པོ།)ཞེས་པའི་དེབ་ནང་དུ། ཨུ་རུ་སུའི་ཁོ་ཚི་ལུའོ་ཧྥུ(俄罗斯科兹洛夫)ཡིས་སྣེ་ཁྲིད་པའི་རྟོག་ཞིབ་རུ་ཁག་གིས༡༩༠༨ལོར་ཁྲི་ཀ་རུ་ཟླ་གསུམ(ཆིན་ཀོང་ཞུས་ཁྲི་ལོ༣༤)ལ་རྟོག་ཞིབ་བྱས་པར་ད་བར་དུ་ལོ་ངོ་བརྒྱ་ལྷག་སོང་ཡོད་སྐད། སྐབས་དེར་མཁར་ནང་དུ་མི་རིགས་གཞན་དག་བསྡད་ཡོད་པ་མ་ཟད། ད་དུང་མི་ཉག(唐古特人)གི་དུད་ཚང་ཉེར་གསུམ་ལས་མེད་པར་བཤད། ཨུ་རུ་སུའི་རྟོག་ཞིབ་རུ་ཁག་དང་ཨུ་རུ་སུའི་ས་ཁམས་རིག་པ་ཚོགས་པའི་ཚོགས་གཙོ་གཞོན་པ་ཞེ་མེའོ་ནུའོ་ཧྥུ·ཐེན་ཧྲན་སི་ཅིའི(谢苗诺夫·天山斯基)ལས་རོགས་པ་ཀུ་ལི་ཀེ་ལི་ཡེ་ཧྥུ(格里戈里耶夫)རྣམས་ཀྱིས་ད་ཡོད་ཀྱི་སྔོག་འདོན་རྒྱུ་ཆ་གཞིར་བཟུང་ནས་བསྡོམས་ཚིག་ཅིག་བཟོས་ཡོད་པ་སྟེ། ཁྱེད་ཚོས་བཏོན་པའི་ཁྲི་ཀའི་གནའ་མཁར་གྱི་ཤུལ་བཞག་ནི་མི་ཉག་ཚོ་ཁག་དར་རྒྱས་སོང་བའི་དུས་སྐབས་ཤིག་ཡིན་ལ། དུས་རབས༡༡པ་ནས༡༤པའི་དུས་དཀྱིལ་བར་གྱི་མི་ཉག་རྒྱལ་རབས་ཀྱི་རྒྱལ་སའི་རྗེས་ཤུལ་རེད[66]ཅེས་གསུངས་འདུག དེའི་ཕྱིར་རྒྱལ་ས་ཞིག་ཡིན་དགོས་ཚེ་ངེས་པར་དུ་རྒྱལ་བོ་ཞིག་ཅིས་ཀྱང་ཡོད་དགོས་པ་ནི་ལྡོག་ཏུ་མེད་སྐད་ཆ་ཞིག་ཡིན་པ་སྨྲ་མི་དགོས་ཤིང་། དེ་ལ་གོང་དུ་བསྟན་པའི་བོན་གྱི་བསྟན་འབྱུང་དཔྱད་ཡིག་སོགས་སུ། ཁྲི་ཀའི་བོན་པོའི་གདོང་སྣ་རུ་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱི་འབངས་རྟ་རྫི་སོག་པོ་སྤྲེལ་སླག་ཅན་ཞེས་པ་དང་། ད་དུང་མདོ་སྨད་ཀྱི་མཁན་བརྒྱུད་རྣམ་ལྔ་ནས་བཟུང་གཤེན་ཆེན་དགུ་རྒྱུད་ཀྱི་རིག་འཛིན་རྣམས་ཀྱང་མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱི་མཆོད་གནས་སུ་བཀུར་ཏེ། གནས་དེར་མཆོད་ཡོན་ཟུང་འབྲེལ་གྱིས་ཀུན་བཟང་གཤེན་ལྷ་འོད་དཀར་གྱི་ལྷ་ཁང་བཞེངས[67]ཞེས་བཀོད་པ་ལས་མེ་ཉག་རྒྱལ་པོ་རབ་རྩེ་འདུས་ནི་ཁྲི་ཀའི་མི་ཉག་རྒྱལ་པོ་ཡིན་པ་གསལ་ཞིང་། གཞན་ཡང«རེ་སྐོང་ཆོས་འབྱུང་ས་ཡི་ལྷ་མོ»རུ། སྤྲུལ་པའི་རྒྱལ་བོ་འཁོར་བསྒྱུར་ཁྲི་རལ་བ་ཅན་གྱི་དབུ་སྐྲ་ནང་བཞུགས་ཀྱི་མཆོད་རྟེན་ཡང་ཕྱོགས་དེ་ག་ན་ཡོད། མི་ཉག་རྒྱལ་བོས་ཁུར་མཛད་དེ་བཞེངས་པས་ན་མི་ཉག་མཆོད་རྟེན་ཞེས་གྲགས་སྙན་ཆེ།[68]ཞེས་དང་། ཡང་དེ་ལས་མི་ཉག་རྒྱལ་རབས་རྣམས་ཕྱོགས་འདིའི་ཆུ་ནག་གི་སྡེ་ནས་དར་བར་མངོན། སྔོན་རྒྱ་བཟའ་དང་མགར་སྟོང་བཙན་བཅས་ཡར་ལམ་ཕྱོགས་འདིར་འཛོམས་ཏེ་ས་ཕྱོགས་འདི་དང་མཚོ་ཁ་གཉིས་ནས་རིམ་འགྱངས་མཛད་པར་གྲགས[69]ཞེས་བཀོད་པ་མཐོང་བ་དང་།«མདོ་སྨད་ཆོས་འབྱུང་།»དུ། དེ་དུས་མི་ཉག་གི་ཡུལ་ནི། བྱང་གི་བོད་སོག་གི་མཚམས་སུ་ཆུ་ནག་དང་ཉེ་བའི་སར་མི་ཉག་རྒྱལ་པོའི་ཐོག་མ་སི་ཧུའི་གའི་ཇུ་ཞེས་པ་བྱུང་སྟེ་རྒྱ་ཧོར་ཕལ་ཆེར་གྱི་བདག་པོ་བྱས[70]ཞེས་བཀོད་པ་སོགས་ལས། ཁྲི་ཀའི་ཕྱོགས་སུ་མི་ཉག་རྒྱལ་པོ་སི་ཧུའི་གའི་ཇུ་ཞེས་པ་བྱུང་བ་དང་མི་ཉག་རྒྱལ་རབས་རྣམས་ཕྱོགས་འདིའི་ཆུ་ནག་གི་སྡེ་ནས་དར་བ། ཁྲི་རལ་བ་ཅན་གྱི་དབུ་སྐྲ་ནང་བཞུགས་ཀྱི་མཆོད་རྟེན་དཀར་པོ་མི་ཉག་རྒྱལ་བོས་ཁུར་མཛད་དེ་བཞེངས་པའི་མི་ཉག་མཆོད་རྟེན་དུ་གྲགས་པ་ཡོད་ཅེས་བཤད་ཡོད་པས། དེ་དག་ལ་གཞིགས་ན་ཁྲི་ཀའི་མི་ཉག་གཞིས་པའི་རྒྱལ་ས་ཡིན་ཞེས་མཐའ་གཅིག་ཏུ་བཤད་དཀའ་རུང་མི་ཉག་རྒྱལ་པོ་ཞིག་དངོས་སུ་བཞུགས་མྱོང་ངོ་ཞེས་བཤད་ན་འགལ་བ་ཆེར་མེད་སྙམ་མོ། །
གཉིས། སྲོལ་རྒྱུན་དང་འབྲེལ་བའི་དུས་ཆེན་སྐོར།
(༡) མི་ཉག་ཚོ་བའི་མཁར་སྐོར་དུས་ཆེན།
ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ནི་ལོ་རྒྱུས་སྟེང་ཁྲི་ཀའི་མི་ཉག་ཚོ་བའི་མཁར་སྐོར་དུས་ཆེན་ཡིན་པར་བཤད། རྒྱུ་མཚན་ནི་ཁྲི་ཀའི་གནའ་མཁར་གྱི་མཁར་གྱང་གི་འགྲམ་དུ་མི་ཉག་ཚོ་བས་བཞེངས་པའི་གནའ་བོའི་བཟོ་བཀོད་ཕུན་སུམ་ཚོགས་པ་ཡོད་པས་ཡིན་ལ། མི་ཉག་མགོན་ཁང་ལ་མི་ཉག་བསམ་གཏན་གླིང་ཞེས་འབོད་པ་དང་རྒྱ་སྐད་དུ་ཏཱ་ཧུའུ་ཟི(大佛寺)ཞེས་འབོད། དེའི་ནུབ་ཕྱོགས་ཀྱི་མི་ཉག་ལྷ་ཁང་གི་ལོ་རྒྱུས་ཀྱང་ཧ་ཅང་རིང་ཞིང་། ནང་དུ་བཞེངས་ཡོད་པ་ནི་གསང་འདུས་དང་འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ་སོགས་ཆོས་སྐྱོང་ཡོངས་རྫོགས་ཀྱི་སྐུ་ཡིན། མན་ཇུ་རྒྱལ་རབས་ཀྱི་དུས་སུ་ཉན་ཀེང་ཡའོ་ཡི་དམག་མི་དེ་གར་ཡོང་ནས་ལྷ་ཁང་དེ་བཤིག་རྩིས་བྱེད་སྐབས་ཆོས་རྒྱལ་གྱིས་མགོན་ཁང་གི་སྒོ་ཡི་ཕྱོགས་སུ་གཟིགས་པས་ན་དམག་རྣམས་སྐྲག་ནས་གནོད་སྐྱོན་མ་བྱུང་བར[71]བཤད། ༡༩༥༨ལོར་ཆོས་ལུགས་བསྒྱུར་བཅོས་ཀྱི་དུས་སྐབས་སུ་གཏོར་བརླག་ཐེབས་ཤིང་། ༡༩༩༧ལོའི་ཟླ༩པར་རྒྱ་རིགས་ཀྱིས་ཆོས་རྒྱལ་ལྷ་ཁང(城隍庙)བཙུགས། སྤྱི་ལོ༡༢༤༤ལོར་ས་སྐྱ་པཎ་ཆེན་མཆོག་ཧོར་རྒྱལ་བོས་གདན་འདྲེན་ཞུས་ཕེབས་ལམ་དུ་དེ་གར་བསྡད་པ་དང་། དེའི་ནང་དུ་ཉིན་མང་པོར་བཞུགས་མྱོང་བར་བཤད། ༡༨༦༢ལོར་ཧུའེ་རིགས་འོས་ལངས་བྱས་ནས་གཏོར་བརླགས་ཐེབས་པའི་རྗེས་སུ་འཛུགས་སྐྲུན་བྱས་པ་ནི་རྒྱའི་ལུགས་ལྟར་བཞེངས་པའི་ཆོས་རྒྱལ་ལྷ་ཁང་ངམ་བརྒྱ་བྱིན་ལྷ་ཁང་འབོད་པ་དེ་རེད། དེར་བརྟེན་ཡུལ་འདིའི་མི་ཉག་ཚོ་བའི་ཡབ་མྱེས་རྣམས་ཀྱིས་རྔུལ་ཁྲག་ཟུང་འབྲེལ་གྱིས་བཞེངས་པའི་མཁར་ནང་གི་བཟོ་བཀོད་ཕུན་སུམ་ཚོགས་པའི་སྐྲུན་དངོས་དང་ལྷ་ཁང་དག་མི་བརྗེད་དྲན་གསོའི་ཆེད་དུ། ལོ་ལྟར་གྱི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔར་ཕ་མས་བུ་བུ་མོ་ཁྲིད་ནས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་མཆོད་འབུལ་བྱེད་པའི་བྱེད་སྒོར་ཞུགས་བཞིན་ཡོད། ཐོག་མར་གཡས་སུ་འཁོར་ནས་ནུབ་ཕྱོགས་ཀྱི་མཁར་གྱང་གི་ཕྱི་ནས་ཤར་ངོས་སུ་སྐོར་བ་བརྒྱབ་རྗེས་མཁར་ནང་དུ་བསྐྱོད་པ་དང་། མཁར་ཐོག་ཏུ་བུད་དེ་མཁར་གྱང་སྟེང་ནས་བྱང་ཕྱོགས་ཀྱི་མི་ཉག་མགོན་ཁང་དང་མི་ཉག་ལྷ་ཁང་། མི་ཉག་དགུ་ཐོག་བཅས་ཀྱི་ཕྱོགས་ལ་ཕྱག་འཚལ་བར་བྱེད། དེ་ནས་མཁར་གྱང་སྟེང་དུ་ཤར་ངོས་སུ་འཁོར་ནས་སྐོར་བརྒྱབ་རྗེས། མི་ཉག་ལྷ་ཁང་དུ་གསོལ་མཆོད་དང་ཕྱག་འཚལ་བར་འགྲོ་བ་རེད། དེ་དུས་ཕ་མས་བྱིས་པ་ཚོར་བྱ་བ་གང་ཞིག་བསྒྲུབ་རུང་བ་དང་གང་ཞིག་བསྒྲུབ་མི་རུང་བའི་གནས་ལུགས་སོགས་གསལ་བཤད་བྱས་ཏེ། ནང་མི་ཚང་མ་བདེ་ཐང་དང་བྱ་བ་ལམ་ལྷོངས་ཡོང་བར་གསོལ་མཆོད་སྨོན་ལམ་འདེབས།[72] དེ་ལྟར་མཁར་སྐོར་བྱས་ཚར་རྗེས་སྡེ་མི་དང་ཁྱིམ་མི་རྣམས་ཀྱིས་ཉིན་མོ་འདིར་བཟའ་མི་ལྷན་འཛོམས་ཀྱིས་སྐྱིད་པའི་འཚོ་བ་རོལ་བར་བྱེད། ༡༩༥༨ལོར་ཆོས་ལུགས་བསྒྱུར་བཅོས་ཁྲོད་དུ་ཁྲི་ཀའི་གནའ་མཁར་ལ་གཏོར་བཤིག་ཐེབས་པའི་རྐྱེན་གྱིས་མི་ཉག་ཚོ་བའི་དམངས་སྲོལ་བྱེད་སྒོའི་སྲོལ་དུས་དེ་ནས་བཟུང་རྒྱུན་ཆད་པར་གྱུར་རོ། །
(༢) མི་ཉག་དགོན་པའི་གླང་སྐོར་དུས་ཆེན།
ཁྲི་ཀའི་མི་ཉག་དགོན་པའི་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་ཐད་ལ་ད་དུང་དམིགས་བསལ་ཅན་རེ་ཡོད་སྲིད་པས། འདིར་ལོ་རེའི་ཧོར་ཟླ༤ཚེས༡༥ཉིན་གླང་ཆེན་སྐོར་བར་སྐྱོད་པའི་བྱེད་སྒོ་ཡོད། ཉིན་དེ་ནི་སྟོན་པ་ཤྰཀྱ་མུ་ནེ་ཁོང་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། མངོན་པར་བྱང་ཆུབ་པའི་དུས་ཆེན། མྱ་ངན་ལས་འདས་པའི་དུས་ཆེན་ཏེ་དུས་ཆེན་གསུམ་འཛོམས་ཡིན་པ་དང་། བཤད་ཚུལ་ལ་གླང་བོ་ཆེ་ཡི་གཟུགས་སུ་བྱས་ནས་ཤིང་རྟ་འདྲུད་དེ་ནུབ་ནས་ཤར་ལ་འཁོར་ནས་དགོན་པར་གཡས་སྐོར་གཅིག་རྒྱག་པ་ཡིན་ཟེར། དོན་དངོས་སུ་གླང་བོ་ཆེ་ནི་བཅོས་གཟུགས་ཅན་ཡིན་པས། ཆོ་ག་སྤེལ་བའི་རྒྱུད་རིམ་ལས་ཤིང་རྟ་འཁོར་ལོའི་རིགས་དེ་དགེ་འདུན་པས་འདྲུད་པར་བྱེད། ཤིང་རྟ་འཁོར་ལོའི་ནང་དུ་སྟོན་པ་ཤཱཀྱ་མུ་ནེ་ཡི་སྐུ་བཞག་ཡོད་པ་རེད།
དེ་ནི་མི་ཉག་དགོན་པའི་སྟོན་པའི་མཛད་ཆེན་གྱི་དུས་ཆེན་བརྒྱད་དང་སྐྱེ་རབས་གཏམ་རྒྱུད་དང་འབྲེལ་བ་ཡོད་པའི་སྒྲུབ་མཆོད་ཅིག་ཡིན། སྟོན་པ་ཉིད་དགའ་ལྡན་གྱི་ལྷ་ཡུལ་ནས་གླང་པོ་ཆེའི་གཟུགས་ཀྱིས་མི་ཡུལ་དུ་ཕེབས་པ་དང་། དེ་ནས་ཡུམ་སྒྱུ་འཕྲུལ་མའི་གློ་གཡས་པར་གླང་པོ་ཆེའི་རྣམ་པས་ལྷུམས་སུ་ཞུགས་པར་བཤད་པ་དང་། སྟོན་པ་ཕྱི་གཟིགས་སུ་ཕེབས་སྐབས་གླང་པོ་ཆེའི་ཤིང་རྟར་བཞུགས་ནས་ཆས་པ་ལ། སྟོན་པ་གླང་པོ་ཆེའི་ཤིང་རྟའི་ནང་བཞུགས་དེའི་རྐྱེན་གྱིས་མི་ཉག་དགོན་པས་ཚུལ་དེ་རྗེས་དྲན་དུ་བྱས་ནས་གླང་ཆེན་སྐོར་རྒྱག་ཏུ་བསྐྱོད་པའི་སྒྲུབ་མཆོད་ནི་དུས་ཆེན་ཁྱད་དུ་འཕགས་པར་བརྩི་བཞིན་ཡོད།[73]
བཞི་བ། མཇུག་བསྡུ་བ།
མདོ་སྨད་ཁྲི་ཀའི་ལྡོང་མི་ཉག་ནི་གནའ་སྔ་མོའི་དུས་ནས་ཁྲི་ཀ་ས་ཁུལ་གྱི་ས་འཛིན་གྱི་དང་པོ་དང་གཞི་འཛིན་གྱི་ཐོག་མ་རུ་གྱུར་ཡོད་པ་དང་། མི་ཉག་ལ་ལོ་རྒྱུས་སྟེང་ལྡོང་བྱང་ངམ་ལྡོང་སྤྱང་དུ་འབོད་པ་དེ་རྒྱ་བོད་གཉིས་ཀྱི་ཡིག་ཚང་དང་དཔྱད་གཞིའི་ཡིག་ཆ་རུ་ཇི་བཞིན་དུ་འཁོད་པ་མཐོང་ཞིང་། དེ་བས་ཁྲི་ཀའི་ཡུལ་དུ་རུས་མི་ཉག་ཅན་གྱི་ཚོ་བ་དང་སྡེ་བ་འགའ་རེ་ལ་མི་ཉག་དང་མེ་ཉག མི་ནག་ཅེས་འབོད་ཚུལ་མི་འདྲ་བ་ཙམ་བྱུང་བའི་ཐ་སྙད་ཀྱང་ཡིག་ངག་གཉིས་དང་འབྲེལ་ཐུབ་པ་གཅིག་མཚུངས་སུ་མངོན་ཡོད། ལྷག་པར་དུ་བོད་བཙན་པོའི་རྒྱལ་རབས་སྐབས་སུ་ཆབ་སྲིད་དང་དམག་དོན། དཔལ་འབྱོར། ཆོས་ལུགས་སོགས་དང་འབྲེལ་བ་དམ་པོ་ཡོད་པས་ན། བོད་བཙན་པོའི་རྒྱལ་རབས་ལ་བློ་དཀར་ཞིང་ནང་བསྟན་དར་སྤེལ་གྱི་འབྲེལ་བ་ཟབ་མོ་ཆགས་པ་ནི་བཙན་པོ་ཁྲི་རལ་བ་ཅན་དངོས་སུ་ཕེབས་ཏེ་ཁྲི་ཀའི་མཆོད་རྟེན་དཀར་པོ་ཞིག་གསོས་མཛད་དེ་རལ་བ་ནང་རྟེན་དུ་ཕུལ་བར་མི་ཉག་རྒྱལ་པོའི་ཁུར་མཛད་པ་སོགས་ཀྱི་ལོ་རྒྱུས་སྣང་ཞིང་། དེ་བས་ཁྲི་ཀའི་ཡུལ་དུ་བྱུང་བར་བཤད་པའི་མི་ཉག་རྒྱལ་པོའི་བང་སོ་དང་རྒྱལ་ས། ཕོ་བྲང་མི་ཉག་དགུ་ཐོག་ལ་སོགས་དང་། མི་ཉག་ཚོ་བས་བཞེངས་སྐྲུན་མཛད་པའི་གནའ་མཁར་ནང་གི་མི་ཉག་མགོན་ཁང་། མི་ཉག་ལྷ་ཁང་བཅས་ཀྱི་གནའ་བོའི་ཤུལ་རྟེན་སོགས་ལ་རིང་ན་ལོ་ངོ་ཆིག་སྟོང་ཉིས་བརྒྱ་དང་ཐུང་ན་ལོ་ངོ་བརྒྱད་བརྒྱའི་ཡན་གྱི་ལོ་རྒྱུས་ལྡན་པར་བཤད་ལ། ཕྱིས་ཀྱི་མི་ཉག་རྫོང་ཐོག་དང་མི་ཉག་གྲྭ་ཚང་སོགས་ལའང་ལོ་ངོ་སུམ་བརྒྱ་ནས་བཞི་བརྒྱར་ཉེ་བའི་ལོ་རྒྱུས་ལྡན་ཡོད། བོན་ལ་མཚོན་ན་མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱིས་མཆོད་གནས་སུ་བཀུར་ཏེ། གནས་དེར་མཆོད་ཡོན་ཟུང་འབྲེལ་གྱིས་ཀུན་བཟང་གཤེན་ལྷ་འོད་དཀར་གྱི་ལྷ་ཁང་བཞེངས་པ་དང་། ནང་བའི་རྙིང་མ་ལ་མཚོན་ན་བཙན་པོ་ཁྲི་རལ་བ་ཅན་གྱི་རལ་བ་ནང་བཞུགས་སུ་ཕུལ་བར་མི་ཉག་རྒྱལ་པོས་ཁུར་མཛད་དེ་མི་ཉག་མཆོད་རྟེན་བཞེངས་པ། ཕྱིས་སུ་ནང་བའི་གསར་མ་ལ་མཚོན་ན་མི་ཉག་བློ་གྲོས་དར་རྒྱས་མཆོག་གིས་རྟེན་གྱི་གཙོ་བོ་མི་ཉག་མཆོད་རྟེན་བྱས་ཏེ་མི་ཉག་གྲྭ་ཚང་བཏབ་པ་ལ་སོགས་པའི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་དུས་ཆེན་སོགས་ཀྱི་རིན་ཐང་བྲལ་བའི་འདུ་ཤེས་དང་། ཁྲི་ཀའི་ལྡོང་མི་ཉག་གི་སྡེ་བ་ཚོ་བའི་ནང་ན་མེས་པོའི་རུས་སམ་ཡང་ན་རང་གི་ཚོ་མིང་ལ་སོགས་པ་མ་ཉམས་པར་གནས་ཡོད་དོ། །
དཔྱད་གཞིའི་ཡིག་ཆའི་སྐོར།
[1] «གཉགས་སྟོན་པའི་གདུང་རབས་དང་གདན་རབས།» 1994ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས745ན་གསལ།
[2][3][4][9] རེབ་གོང་རྡོ་རྗེ་མཁར་གྱིས་བརྩམས་པའི«བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས།» 2013ལོའི་ཟླ7པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས234ན་གསལ། ཤོག་ངོས247ན་གསལ། ཤོག་ངོས288ན་གསལ། ཤོག་ངོས259—260ན་གསལ།
[5] གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་གྱི་ལུང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་མཛད་པའི«བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།»ཞེས་པའམ་ «མགོ་ལོག་རུས་མཛོད།»དུ་གྲགས་པ། 1991ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས18ན་གསལ།
[6] «བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ།»2005ལོའི་ཟླ12པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི«བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར་བཞུགས་སོ།།»ཤོག་ངོས155ན་གསལ།
[7] དཔལ་འབྱོར་བཟང་བོས་མཛད་པའི«རྒྱ་བོད་ཡིག་ཚང་ཆེན་མོ།»1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས13ན་གསལ།
[8][60][62] «མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས།» 1999ལོའི་ཟླ9པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས14ན་གསལ། ཤོག་ངོས19ནས20ན་གསལ། ཤོག་ངོས15ན་གསལ།
[10] དམུ་དགེ་བསམ་གཏན་གྱིས་བརྩམས་པའི«བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ་བཞུགས་སོ།»2010ལོའི་ཟླ1པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས259ནས260ན་གསལ།
[11][47][50] [51][59] [61][65][66][71][72] 贺尔加・俄日编著《贵德藏族简史》青海人民出版社 2013年07月第1版. 第58页. 第11—12页. 第58页. 第64页. 第60页. 第259页. 第35页. 第35页. 第86页. 第86页.
[12][15] 丹珠昂奔 著《藏族文化发展史》上册甘肃出版社2001年4月第1版 第370—371页.
[13][33] 石硕 著《西藏文明东向发展史》四川人民出版社 2016年3月第2版 第36页.
[14] 张云 石硕 主编《西藏通史》(བོད་ལྗོངས་ལོ་རྒྱུས་ཆེན་མོ།)早期卷 中国藏学出版社 2016年4月第1版第43页.
[16][21][26][27][31][35] ནམ་མཁའི་ནོར་བུས་བརྩམས་པའི«ཞང་བོད་ལོ་རྒྱུས་ཏི་སེའི་འོད།»2002ལོའི་ཟླ12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས160ན་གསལ། ཤོག་ངོས511ནས512ན་གསལ། ཤོག་ངོས166ན་གསལ། ཤོག་ངོས166ན་གསལ། ཤོག་ངོས160ན་གསལ། ཤོག་ངོས165ནས166ན་གསལ།
[17] «བསྟན་འབྱུང་ཡིད་བཞིན་ནོར་བུ་འདོད་འཇོའི་གཏེར་མཛོད།»ཅེས་པ་བརྙན་པར་མའི་ཤོག་ངོས181པར་གསལ།
[18][19][64][67] བྱ་མདོ་སྐལ་བཟང་སྒྲ་དབྱངས་ཀྱིས་བརྩམས་པའི«མདོ་སྨད་ཁྲི་ཀའི་ཆོས་འབྱུང་རྫོགས་ལྡན་འཆར་བའི་མེ་ལོང་བཞུགས་སོ།»ལས། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་མཛད་པའི«ཁྲི་ཀའི་ཡུལ་དུ་བོན་བསྟན་བྱུང་ཚུལ་རགས་ཙམ་བརྗོད་པ་དྲང་སྲོང་དགྱེས་པའི་མཆོད་སྤྲིན།» 2019ལོའི་ཟླ11པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས402ན་གསལ། ཤོག་ངོས404ནས405ན་གསལ། ཤོག་ངོས402ན་གསལ།
[20] ལྷུན་གྲུབ་རྡོ་རྗེས་བརྩམས་པའི«ལྷ་སྡེ་ཚོ་བརྒྱད་ཀྱི་ལོ་རྒྱུས་མདོར་བསྡུས།»2001ལོའི་ཟླ12པར་མཚོ་སྔོན་མཚོ་ལྷོ་ཁུལ་ཕིན་ཁྲིན་དཔེ་སྐྲུན་ཚད་ཡོད་འགན་ལེན་གུང་ཟི་ནས་པར་དུ་བསྐྲུན། ཤོག་ངོས19ན་གསལ།
[22] མཆོག་སྤྲུལ་ཐུབ་བསྟན་འཇིགས་མེད་འོད་ཟེར་རིན་པོ་ཆེ་ཡིས་བསྒྲིགས་པའི«མི་ཉག་དང་ར་ཐིས་དགོན་གྱི་བྱུང་བ་བརྗོད་པ་ཆུ་དྭངས་ནོར་བུའི་ཕུང་པོ།»2007ལོའི་ཟླ12པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས14ན་གསལ།
[23][24][25] ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི«རྒྱལ་རབས་གསལ་བའི་མེ་ལོང་།»2015ལོའི་ཟླ4པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས92ན་གསལ། ཤོག་ངོས194ན་གསལ། ཤོག་ངོས22ན་གསལ།
[28] 崔永红 张得祖 杜常顺 主编 《青海通史》 青海人民出版社 1999年9月第1版. 第290—30页.
[29][73] 李士发 著 《贵德风情》 远方出版社2010年03月 第一版 第118页. 第218页.
[30] ལྷ་རྒྱལ་ཚེ་རིང་། བསོད་ནམས་གྲགས་པ། «སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང་།»2011ལོའི་ཟླ12པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས66ན་གསལ།
[32][34]《西海都市报》 作者:郭晓芸 时间: 2014-10-27 编辑: 刘海钧
[36][42] ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི«རྒྱལ་རབས་གསལ་བའི་མེ་ལོང་།»2015ལོའི་ཟླ4པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས282ན་གསལ། ཤོག་ངོས22ན་གསལ།
[37] མི་ཉག་མགོན་པོ། «བོད་ཀྱི་ལོ་རྒྱུས་རིག་པའི་ནང་མི་ཉག་གི་གནས་ཚུལ་དང་མི་ཉག་སྐོར་གྱི་མིང་ཚིག་འགར་དཔྱད་པ།» ཀྲུང་གོའི་བོད་ལྗོངས་དྲ་བ། 2018-04-11
[38][39] དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི«ཆོས་འབྱུང་མཁས་པའི་དགའ་སྟོན།»2015ལོའི་ཟླ4པར་མི་རིགས་དཔེ་སྐྲུན་ཁང་གིསཔར་དུ་བསྐྲུན། ཤོག་ངོས721ན་གསལ། ཤོག་ངོས718ན་གསལ།
[40][54][57][58][70] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི«མདོ་སྨད་ཆོས་འབྱུང་།» 1982ལོའི་ཟླ3པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས20ན་གསལ། ཤོག་ངོས17ན་གསལ། ཤོག་ངོས297ན་གསལ། ཤོག་ངོས295ན་གསལ། ཤོག་ངོས20ན་གསལ།
[41][68][69] ཨ་ཁུ་རི་ཁྲོད་པ་བློ་བཟང་མཁྱེན་རབ་ཀྱིས་བརྩམས་པའི«རེབ་གོང་ཆོས་འབྱུང་ས་ཡི་ལྷ་མོ།» སྣུམ་པར་མ། ཤོག་ངོས291ན་གསལ། ཤོག་ངོས294ན་གསལ། ཤོག་ངོས294ན་གསལ།
[43] མཚོ་ལྷོའི་ས་མིང་བརྡ་འགྲེལ་དང་Copyright © 2007-2013贵德县人民政府http://www.guide.gov.cn/
[44][45] 贵德县地方志编纂委员会:《贵德志》(西安:陕西人民出版社 1995年4月版)第48页. 第58页.
[46] CopyRight 2016-2019 海东市人民政府 by haidong.gov.cn
[48]《海东日报》时报记者 祁国忠 李玉娇(2015年 7月11日 星期六)
[49] རྒྱལ་མོ་འབྲུག་པས་བརྩམས་པའི«བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།»2006ལོའི་ཟླ་དང་པོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས335ན་གསལ།
[52][56] རམས་ཚེ་བྷོ། «མདོ་སྨད་རྟེན་རྫོང་དུ་གྲགས་པའི་ཁྲི་ཀའི་ཡུལ་གྱི་གནས་ཆེན་བརྒྱད་ཀྱི་ལོ་རྒྱུས་མདོར་བསྡུས།»ཀྲུང་གོ་བོད་ཀྱི་དྲ་བ། 2017-09-20
[53] འཇམ་རྐང་གསང་བདག་ཚེ་རིང་། «ཏུན་ཧོང་ཡིག་ཚགསP.T.996པར་བྱུང་བའི་ཁྲི་ཀ་དང་འབྲེལ་བའི་ས་མིང་གི་སྐོར་ལ་དཔྱད་པ།» ཀྲུང་གོ་བོད་ཀྱི་དྲ་བ། 2017-11-29
[55][63] ཚེ་ཐར་དང་མཁས་བཙུན་གཉིས་ཀྱིས་བསྒྲིགས་པའི«ཁྲི་ཀའི་རིག་གནས་ལོ་རྒྱུས།» 1996ལོའི་ཟླ5བར་ཟི་ལིང་ཡིག་དཔར་ཁང་གཉིས་པའི་པར་དུ་བསྐྲུན། ཤོག་ངོས2ནས3ན་གསལ། ཤོག་ངོས168ནས170ན་གསལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号