མོན་བློན་སྐུ་ལྷ་ཐོག་རྒྱལ་གྱི་གནའ་ཤུལ་གྱི་ལོ་རྒྱུས་ཅུང་ཟད་བཤད་པ།

རྩོམ་པ་པོ།:ལྷ་དབང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-20 11:26:00 ཀློག་གྲངས།:
  དེ་ཡང་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་རིགས་གསུམ་ཞི་བ་དང་ཁྲོ་བོའི་སྒྱུ་འཕྲུལ་གཅིག་ཏུ་བསྡུས་ཏེ་དྲག་པོ་དམག་གི་རྒྱལ་པོའི་གཟུགས་སུ་ཤར་བ་འཛམ་གླིང་གེ་སར་རྒྱལ་པོའམ་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་ཞེས་མཚན་སྙན་གྱི་བ་དན་སྲིད་རྩེར་གཡོ་བའི་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཉིད་ཀྱིས།  ནག་ཕྱོགས་བདུད་སྲིན་གྱི་རྒྱལ་ཁམས་ཆེ་ཆུང་མང་པོ་དྲག་པོ་དམག་གི་གཡུལ་འགྱེད་ལ་བསྟེན་ནས་ཚར་བཅད་ཅིང་། དམ་པའི་ཆོས་ཀྱིས་རྗེས་སུ་བཟུངས་ཏེ་ལས་ངན་སྡུག་ཡུན་བསྟུང་བར་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་རྣམ་ཐར་རྒྱ་ཆེ་ཞིང་གྲངས་མང་བའི་ཡ་རྒྱལ་ཕྱོགས་བཞིའི་བདུད་ཆེན་བཞི་བཏུལ་བའི་ལོ་རྒྱུས་གྲགས་ཆེ་ལ།    དེའི་ནང་ཚན་མོན་ཤིང་ཁྲི་རྒྱལ་པོ་བཏུལ་བའི་རྟོགས་བརྗོད་ལས་འཕྲོས་པ་མོན་བློན་སྐུ་ལྷ་ཐོག་རྒྱལ་གྱི་གནའ་ཤུལ་འགའ་མཐོང་ཐོས་སུ་གྱུར་པ་འགོད་པར་བྱ།
  ཐོག་མར་མོན་གླིང་ཇི་ལྟར་འཁྲུགས་ཚུལ་ཅུང་ཟད་གླེང་སྟེ།  དེ་ཡང་ཇོ་རུ་གླིང་ལ་མ་འཁྲུངས་ཤིང་རྒྱ་ཚ་སྐུ་ན་ཆུང་བའི་དུས་སུ་ལྷོ་མོན་ནས་བདུད་ཨ་ཆུང་ཀེ་རུ་དང་།     སྨྱུག་ཆུང་སྒུར་རུ་གཉིས་ཀྱིས་མོན་དམག་གླིང་ལ་ཕབ་ནས་གླིང་གི་རུ་ཚོ་གཏོར།    བུ་རྟ་མང་པོ་བསད་ཅིང་།  དར་གོས་ལ་མ་ལིང་དྲུག་སོགས་རྒྱུ་ནོར་མང་པོ་འཕྲོག་པ་སོགས་སྔ་གྱོད་རྙིང་པ་དང་།      གཞན་ཡངཨ་ཁོད་ཐར་པའི་ཟོར་སྣ་སོགས་སྟག་རོང་གི་ཚོང་མགྲོན་སྤུ་བོའི་གྲམ་མདོ་ནས་མོན་གྱིས་བཅོམ་སོང་བ་དང་།     ལྷག་པར་གེ་སར་རྒྱལ་པོར་ལྷས་མོན་འདུལ་བའི་དུས་ལ་བབས་པར་ལུང་བསྟན་པས་ཆེ་འབྲེང་ཆུང་གསུམ་སོགས་གླིང་རང་གི་དམག་དང་།     ཧོར་བདུད་འཇང་སོགས་ཀྱི་ལས་དམག་བཅས་བསྡུས་ཏེ་དུག་ཅན་ལྷོའི་ཡུལ་དུ་དྲངས།     འཇང་གཡུ་ལྷས་ས་ལམ་རྒྱུས་ཡོད་ཀྱིས་དམག་སྣ་ཁྲིད་ཅིང་ཐོག་མར་མོན་སྐུ་ལྷ་དང་ཐུག་པས་མོན་བཟའ་མེ་ཏོག་ལྷ་མཛེས་ལྷ་སྲས་དགྲ་ལྷའི་ཆུང་མར་སློང་ཟོལ་བྱས་པས་རྐྱེན་བྱས་ཏེ་མོན་གླིང་འཁྲུགས་པའི་མགོ་ཚུགས།    མོན་ཤིང་ཁྲི་རྒྱལ་པོས་ཀྱང་ལྷོ་ལུང་ཆེན་བཅོ་བརྒྱད་ལ་གནས་པའི་སྡེ་ཁག་བཅོ་བརྒྱད་ཀྱི་ལས་དམག་བསྡུས་ཤིང་མོན་གྱི་ཨ་གྲག་དྲུག་ཅུས་དམག་དཔོན་བྱས་ནས་གཡུལ་ལ་ཞུགས།      གཡུལ་འགྱེད་ཀྱི་གོ་རིམས་ཁྲོད་ནས་གླིང་གི་བཅོ་ལྔའི་དཔའ་གསལ་ཟླ་བ།   མགར་ཆོས་དར་རྒྱལ་པོ།    ཐང་རྩེ་གཡུ་འབྲུག་སོགས་བཀྲོངས་ཤིང་།   མོན་གྱི་ཨ་གྲག་དྲུག་ཅུ་ཕལ་ཆེ་བ་དམར་གསོད་བྱས།     སྐུ་ལྷ་ཐོག་རྒྱལ་བཟུང་ནས་གསོན་བཤའ་བྱས་ཏེ་ཕུང་པོ་གནན་པ་རྒྱབ།     ཟླ་བ་ཁྲབ་གཙན་གསོན་བཟུང་བྱས།      ཐེའུ་རང་བླ་མ་རྐང་གཅིག་རྫུ་འཕྲུལ་གྱིས་བཏུལ།    མཐར་དུང་སྐྱོང་སྟག་ལྷས་མགོ་འབུལ་ཞུས་ཤིང་མོན་གྱི་ཕྱོགས་བཞིའི་རྫོང་བཞི་བླངས།      དགའ་རབ་དབང་ཕྱུག་གིས་བདུད་ཀྱི་དམུ་སྐས་ཕོ་བྲང་ཁར་བཙུགས་པ་ལ་འཛེགས་ནས་ཤིང་ཁྲི་རྒྱལ་པོ་བྲོས་པས་གེ་སར་མི་རྟ་གཉིས་ནམ་མཁར་ཕེབས་ནས་མདའ་འཕང་བས་དམུ་སྐས་བཅད་ཅིང་ཤིང་ཁྲི་རྒྱལ་པོའི་སྙིང་གཏོར་ནས་ཕུང་པོ་སྟོང་རི་གནམ་རྫོང་ཕྱུག་མོ་གླིང་དམག་གིས་མེ་ལ་རྒྱབ་པའི་མེ་འོབ་ཏུ་ལྷུང་།     མོན་བཟའ་མེ་ཏོག་ལྷ་མཛེས་ལྷ་རྒོད་འབུམ་ལུའི་ཆུང་མར་བསུས།     འབྲས་ལ་སོགས་པའི་གཏེར་ཁ་བླངས་ཤིང་མོན་ཡུལ་སྐྱེ་འགྲོ་ཀུན་ལ་སྡིག་སྤང་དགེ་སྒྲུབ་ཀྱི་སྲོལ་བཟང་གཏོད་པར་མཛད་དོ།     བྱེ་བྲག་སྐུ་ལྷའི་ལོ་རྒྱུས་ཅུང་ཟད་སྨོས་ན།   ཕ་སྲིན་པོ་མགོ་དགུར་བུ་གསུམ་ཡོད་པའི་ཆུང་བ་    བདུད་ཨ་ཆུང་ཀེ་རུའི་མི་བརྒྱུད་ཡིན་པར་ཡང་བཤད།   བདུད་ཕུང་པ་ནག་པོའི་སྐྱེ་བ་སྐུ་ལྷ་ཐོག་རྒྱལ་ཞེས་གྲགས་པ་དཔའ་སྟོབས་རྩལ་སུས་ཀྱང་འགྲན་པར་དཀའ་བ་ལྷོ་ཤིང་ཁྲི་རྒྱལ་པོའི་ནང་བློན་ཆེན་པོའི་གོ་གནས་འཛིན་ཅིང་རྫོང་བཙན་པོ་སྟག་མོ་འགྱིང་རྫོང་ན་གནས་པ་ཕོ་ལོ་སུམ་ཅུ་སོ་བདུན་ལ་སླེབས་སྐབས་མོན་གླིང་འཁྲུགས་པས།     ཁོས་མོན་དམག་གི་ཁ་ལོ་བསྒྱུར་ནས་གླིང་ལ་ཆག་གྲུམ་མང་ཙམ་བཟོས་ཤིང་གླིང་གི་དཔའ་རྒོད་ཕལ་ཆེ་བ་དང་འཐབ་འཛིང་དྲག་པོ་རེ་བྱས་ཤིང་མཐར་འབྲི་སྒ་སྡེ་ཆོས་སྐྱོང་བེར་ནག་གི་ལག་འོག་ཏུ་ཚུད་ནས།    འདན་མ།    ཤན་པ།   ཉི་འབུམ།    གཡུ་ལྷ་བཅས་ཀྱིས་དཔུང་རོགས་བྱས་ནས་ཁོ་བཟུངས་ཏེ་བཀྱིགས་ནས་རྒྱལ་པོའི་ལྷ་གུར་གྱི་འགྲམ་དུ་ལྕགས་ཕུར་ལ་བཏགས།   གེ་སར་རྒྱལ་པོས་མགོ་འབུལ་སྐྱབས་ཞུ་བྱས་ན་སྲོག་མགོ་ཐོན་པའི་དུས་ཡོང་ལ་གླིང་རྗེ་བློན་རྣམས་སྔ་དྲོ་གསོད་པའི་ཤན་པ་ཕྱི་དྲོ་འདྲེན་པའི་བླ་མ་ཐུགས་ཁྲོ་བ་ཡོད་ཀྱང་འཛིན་པ་མེད་པས་ཅི་གསུངས་དང་ལེན་བྱས་ན་འདི་ཕྱི་གཉིས་ཀར་བཟང་ཚུལ་གསུངས་ཀྱང་།    ཁོ་བདུད་ཀྱི་བུ་དངོས་ཡིན་སྟབས་ཁྱོད་ལ་སྲོག་སྐྱབས་ཞུ་བ་ལས་ཉིན་རེར་ཤི་ཐེངས་དགུ་རེ་བྱས་ན་དགའ་ཟེར་ནས་སོ་སྒྲ་བསྒྲིགས་ཤིང་དམོད་ངན་བོར་བ་ལས་བློ་སྣ་ཆོས་ལ་འགུགས་པའི་ཐབས་མ་རྙེད་པས་ལས་ངན་གྱི་སྒྲིབ་པ་སྦྱོང་ཕྱིར་དང་གསོན་པགས་སྟག་གཟིག་མེ་ཐང་གཤོག་ཉིན་མཁོ་བས།    ཁོ་ཆང་རག་གིས་ཚོར་བ་ཉམས་པར་བྱས་ནས་དཔའ་རྒོད་རྣམས་ཀྱིས་སྤུ་བོའི་གྲམ་མདོ་ཟེར་བའི་ལུང་མདའ་ཆུ་བྲག་འཐབ་པའི་འཕྲང་།    ས་གྲུ་གསུམ།    ཆུ་གྲུ་གསུམ། གནམ་གྲུ་གསུམ་གྱི་མདོར།     ས་གཞི་རྔ་འདྲའི་མར་གཤམས་རོང་ནག་གསུམ་གྱི་བཞི་མདོ་ཞེས་ཀྱང་འབྱུང་།       ས་དོང་རིམ་པ་དགུ་དྲུས་པའི་ཁར་ཙན་དན་གྱི་རྒྱང་ཤིང་ལ་ཡན་ལག་བཞི་བརྒྱངས་ནས།     སྡིག་ཅན་ཤན་པ་དམར་པོ་སོགས་ཤན་རྒོད་མང་པོས་གསོན་ལྤགས་བཤུས་མཐར་མགོ་ལུས་རྣམས་དུམ་བུར་གཏོང་ནས་རོ་དེ་དོང་ནང་དུ་འཕངས་ཏེ་དུག་གི་ཚེར་མ་ནག་པོས་སྟེང་ལ་བྲབ་ནས་དེའི་སྟེང་ལ་རྡོ་རྗེའི་མཆོད་རྟེན་དཀར་པོ་ཞིག་བཞེངས་ནས་སངས་རྒྱས་ཀྱི་བསྟན་པ་མ་རྫོགས་བར་དུ་བདུད་ཁམས་རྩ་བ་ནས་ཉམས་པའི་རྟེན་འབྲེལ་བསྒྲིགས།  གེ་སར་སྐྱེས་བུས་ཐུགས་སྨོན་ཟབ་རྒྱས་མཛད་པར་གྲགས་སོ།     མཆོད་རྟེན་ནག་པོ་བང་རིམ་བཅོ་བརྒྱད་ཡོད་པ་ཞིག་བཞེངས་པར་ཡང་བཤད།  ད་ནི་གནའ་ཤུལ་དངོས་ཇི་ལྟར་མཐོང་ཐོས་སུ་གྱུར་ཚུལ་ནི།    ཁོ་བོ་ཅག་ཆུང་དུས་ནས་གླིང་སྒྲུང་ལ་བག་ཆགས་ཅུང་ཟད་ཐེབས་ཡོད་པས་འདིའི་སྐོར་འབྲི་རྟོགས་བྱེད་རྒྱུར་མོས་པས།     སྔར་ནས་སྐུ་ལྷའི་གནའ་ཤུལ་ཞིག་ཡོད་ཚུལ་ཐོས་པས་དབུས་བསྐྱོད་སྐབས་ཆེད་དུ་བལྟ་བར་སོང་བ་ཡིན།      དེ་ཡང་སྤོ་བོ་རྫོང་ཐོགས་ནས་འཁོར་ཕྲན་ཞིག་ཏུ་ཞུགས་ཏེ་ཁ་ལོ་བས་ས་ཆ་ངོ་སྤྲོད་དང་བཅས་ཉིང་ཁྲི་ཁུལ་དུ་བགྲོད་པའི་ལམ་ཆེན་དུ་ཞུགས་ཏེ་ཆུ་ཚོད་ཕྱེད་ལྷག་ཙམ་སོང་བས་གཡས་ཕྱོགས་ཀྱི་ལུང་པ་ནས་ཆུ་ཆེན་ཞིག་བབས་འདུག་པས་དེའི་ཟམ་པར་བུད་ནས་ལམ་ཆེན་སྐྱུར་ཏེ་ལམ་ཕྲན་ཞིག་ལ་ཞུགས་ནས་གཡས་ཕྱོགས་ཀྱི་ལུང་པར་སོང་བས་རིམ་བཞིན་དེང་སང་ལྷོ་རྒྱུད་ཀྱི་བཙོན་ཁང་ཆེ་ཤོས་དེ་དང་ཐུག་བྱུང་།    དེའི་གྲོང་བར་ནས་ཡར་སོང་བས་རི་སྣ་ཆེ་ཆུང་འགའ་འདུག་ལ་རི་འདབས་སུ་ཐང་ཅུང་ཆེ་བ་ཞིག་འདུག   ས་དེ་ནས་སྐུ་ལྷ་གླིང་པས་བཟུང་བས།དེའི་ཕྱིན་བཟུང་སྣ་ཞེས་ས་མིང་ཐོགས་པས་དེང་སང་ཡང་མིང་མ་ཉམས་པར་འདུག་ལ་ད་སྐབས་འགའ་རེས་རྫོང་སྣ་ཞེས་འབོད་པར་འདུག་ཀྱང་སྒྲ་ཟུར་ཅུང་ཟད་ཆགས་པ་ཙམ་ལས་དོན་ལ་རྒན་རབས་རྣམས་ཀྱི་ངག་རྒྱུན་ལ་བཟུང་སྣ་ཞེས་ཡོངས་སུ་གྲགས་པ་ཡིན་ཟེར།བཟུང་སྣའི་ཕ་རིའི་ངོས་ལ་ཐང་ཞིག་འདུག་པ་དེ་ནི་སྔར་སྐུ་ལྷའི་སྡོད་གནས་ཡིན་པས་སྐུ་ཐང་ཞེས་མིང་ཐོགས་པ་ཡིན་པས་དེང་སང་ཚང་མས་སྐུ་ཐང་ཞེས་འབོད་པར་འདུག     ད་སྐབས་སྡོད་ཁང་ཆུང་ངུ་གསར་བཟོས་ཐར་ཐོར་ཞིག་འདུག    དཔྱད་རྩོམ་ཞིག་ཏུ་མཁར་ཤུལ་ཡོད་པར་བཤད་འདུག་ཀྱང་ཁོ་བོ་རྩར་ངོ་མར་མ་ཐོན་པས་རྩད་མ་ཆོད།        དེ་ནས་ཡར་སོང་བས་རི་སྣ་གསུམ་གྱི་གདོང་ཟུར།    ཆུ་ཆེན་གཉིས་ཀྱི་འདུས་མདོ།     ལུང་པ་གསུམ་གྱི་སུམ་མདོ་ཞིག་འདུག་ལ།     ས་ཁྱོན་ཤིན་ཏུ་གུ་དོག་པོ་ཞིག་ཀྱང་མ་རེད།   དེར་ཐང་ཆུང་ངུ་ཞིག་འདུག་པ་དེར་མ་ཎི་རྡོ་འབུམ་དང་ཁང་བརྩེགས་མཆོད་རྟེན་འགའ་འདུག་པའི་ཟུར་དུ་འཛིང་རྡོའི་ཕ་བང་གཡག་རོ་ཙམ་དང་ལུག་རོ་ཙམ་ས་སྟེང་དུ་ཕྱེད་ཙམ་འབུར་བ་ཐར་ཐོར་ཞིག་འདུག་པའི་དཀྱིལ་དུ་མཆོད་རྟེན་དཀར་པོ་ཐོག་རྩེག་གཉིས་ཙམ་ཞིག་འདུག་པ་དེ་ལ་ཡུལ་དེའི་མི་ཚང་མས་སྐུ་ལྷ་མཆོད་རྟེན་ཞེས་འབོད་པར་འདུག  སྔར་གྱི་མཆོད་རྟེན་དུས་འགྱུར་སྐབས་ཞིག་པས་ད་ལྟ་འདི་གསར་བཞེངས་བྱས་པ་རེད་ཟེར།    མཆོད་རྟེན་འདིའི་འོག་ཏུ་མོན་སྐུ་ལྷ་ཐོག་རྒྱལ་གྱི་ཕུང་པོ་གནན་པ་བྱས་ཡོད་པར་གྲགས་ཀྱང་ས་དེའི་མི་འགའ་རེའི་ཚོར་སྣང་ལ་སྐུ་ལྷ་གསོན་པོར་མཆོད་རྟེན་ཞབས་སུ་ཡོད་ཚོད་ལ།     རྡོ་ཕ་བང་ནག་པོ་ཞིག་ཡོད་པ་ས་སྟེང་དུ་འབུར་ཆེ་ཡོང་ན་སྐུ་ལྷ་ཡང་ལངས་གྲབ་ཡིན་ཀྱང་ད་སྐབས་ཆེན་པོ་རིག་རྒྱུ་མི་འདུག་ཟེར་ནས་བློ་བདེ་བདེའི་ཉམས་དོད་པ་འདུག  དཔྱད་རྩོམ་ཞིག་ལས།    ཆུ་མདོའི་ཐང་གཤམ་དུ་མཆོད་རྟེན་ཞབས་སུ་སྐུ་ལྷ་སྦས་ཡོད་པས་མཆོད་རྟེན་ཞིག་རལ་དུ་གྱུར་སྐབས།    དེའི་འོག་ནས་རྐང་དུང་རིང་པོ་མི་དཀྱུས་མའི་རྐེད་པར་སླེབས་པ་ཞིག་ཡོད་པ་དངོས་སུ་མཐོང་བའི་སྐྱེ་བོས་ཟེར་ཞེས་བྲིས་འདུག  ལར་མཆོད་རྟེན་གྱི་གོང་དུ་རི་སྟེགས་ཤིག་འདུག་པའི་སྟེང་དུ་ཆུ་མདོ་དགོན་པ་རྙིང་པའི་འདུ་ཁང་དང་ཞབས་ཀྱི་རི་ངོས་སུ་མཆོད་རྟེན་ཆུང་ངུ་གཅིག་འདུག ཆུ་མདོ་དགོན་པའི་གཡས་ཕྱོགས་ཀྱི་རི་འདབས་སུ་ཆུ་མདོ་ཡུལ་ཤོད་ཆགས་འདུག     སྤོ་བོ་རྫོང་ནས་འདིར་ཆུ་ཚོད་གཉིས་ལྷག་གིས་སླེབས་ཐུབ་པར་འདུག  ལམ་བར་དུ་རེ་རལ་དང་ཚར་ལེབ།    སྟར་ག་དང་ཐང་ནག  ཡུལ་གཞན་དུ་དཀོན་པའི་བསེ་ཤིང་སོགས་ཤིང་སྨན་དང་རྡུམ་སྨན་སྣ་ཚོགས་མིག་ལམ་དུ་མཐོང་བཞིན་སླར་ལོག་གོ   བཟུང་སྣའི་ལུང་པའི་ཕུ་ལ་ཐང་ཞིག་ཡོད་པར་མོན་གླིང་གཡུལ་འགྱེད་སྐབས་གླིང་དམག་གིས་དམག་སྒར་བཏབ་པས་གླིང་ཐང་ཞེས་མིང་ཐོགས་པར་བཤད།    གཞན་ཡང་ལྷོ་སྨད་ཙ་ར་སྨུག་ཐང་ལ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་བཞེངས་པས་ཙ་རིའི་དཀྱིལ་འཁོར་ཐང་ཞེས་གྲགས་པ་དང་།   བཤད་ཚུལ་གཞན་ཙ་རིའི་དཀྱིལ་འཁོར་ཐང་ཞེས་པ་དེ་མོན་ཤིང་ཁྲི་རྒྱལ་པོའི་མཁར་སྟོང་རི་གནམ་རྫོང་གི་ཆགས་ཤུལ་ཡིན་ཞེས་བཤད་ཚུལ་འདུག་སྟེ་བརྗོད་དོན་ནི་ཤིང་ཁྲི་རྒྱལ་པོ་གནམ་ཁའི་དམུ་སྐས་ལ་འཛེགས་ནས་བྲོས་སྐབས་ཕོ་བྲང་མེར་བསྲེགས་པའི་སྟེང་དུ་འཕང་ནས་སྦྱིན་བསྲེགས་བཏབ་པ་ལྟར་བྱས་པས་དཀྱིལ་འཁོར་ཐང་ཞེས་བཏགས་པ་དང་ཙ་རིའི་གནས་སྒོ་ཡང་ཕྱེས་ཚུལ་བཤད་འདུག་ཀྱང་ཙ་རིའི་སྨན་རྫོང་དང་ཙ་རིའི་ལྷ་རྫོང་སོགས་དང་གུང་བསྒྲིགས་ཏེ་དངོས་ཡོད་ལོ་རྒྱུས་ལ་མཐུན་མིན་དཔྱད་པར་བྱ།   ཙ་རིའི་མཆོད་རྟེན་ནག་འབལ་ཞེས་པ་དེ་ཐེའུ་རང་བླ་མ་རྐང་གཅིག་བཏུལ་རྗེས་ས་འོག་ཏུ་སྦས་ནས་མཆོད་རྟེན་བཞེངས་པ་ཞིག་ཡིན་ཚུལ་དང་།   གཞན་ཡང་མུ་སྟེགས་གདུང་འབུམ་ཟེར་བ་ཞིག་ཀྱང་ཡོད་པར་གྲགས་པས་འདི་གཉིས་གཅིག་དང་ཐ་དད་གང་ཡིན་དཔྱད་དགོས།     མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱི་མཁར་ཤུལ་ཡང་དེང་སང་འདུག་ཞེས་འཇིགས་མེད་ཆོས་རྗེས་གསུངས་པ་ཐོས་མྱོང་ཡོད། 
  སྤྱིར་མོན་ཞེས་པ་ནི་གནའ་བོའི་ཡིག་ཚང་དུ་བསྟན་པའི་མོན་དང་གླིང་སྒྲུང་དུ་བསྟན་པའི་མོན་གཉིས་མིང་དང་ཆགས་ཡུལ་ཡུལ་གྱི་བཀོད་པ་ས་དེའི་གནའ་ཤུལ་ངག་རྒྱུན་སོགས་ཕལ་ཆེར་མཐུན་པར་བཞེད་ལ།  དེང་སང་ལྷོ་ཁ་ཁུལ་གྱི་མཚོ་སྣ་རྫོང་དང་ཉིང་ཁྲི་ས་ཁུལ་གྱི་རྫོང་ཁག་འགའི་ས་ཁྱོན་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་བརྒྱུད་རྒྱ་གར་དང་འདྲེས་པའི་མཐའ་མཚམས་རྣམས་སྔར་མོན་གྱི་མངའ་ཁོངས་ཡིན་པར་མངོན།  གླིང་སྒྲུང་ལས་ཀྱང་། ལྷོ་མོན་མོན་གྱི་རྒྱལ་ས་ལ།།  ལྷོ་ལ་ལུང་ཆེན་བཅོ་བརྒྱད་ཡོད།།    དེ་ལ་སྡེ་ཁག་བཅོ་བརྒྱད་ཡོད།།    འབུམ་དམག་སུམ་ཅུ་ཁ་ལོངས་ཡོད།།    ཅེས་བསྟན་པས་ས་ཁྱོན་ཅུང་ཆེ་བར་སྣང་ངོ་།   ལར་མོན་ཡུལ་ནི་ས་བབས་དམའ་ལ་གནམ་གཤིས་དྲོ་ཞིང་དགུན་དུས་ཁ་བ་ཕྲན་བུ་བབས་པ་ལས་དེ་མིན་གྱི་ནམ་དུས་སུ་ཆར་མ་གཏོགས་གངས་མི་བབས་པ་དང་།   ནམ་དུས་བཞི་ཀར་དབྱེ་ཆེན་པོ་རང་མེད་ལ།    གནའ་རབས་ཀྱི་ནགས་ཚལ་མུ་མཐའ་མེད་པས་ལྗོངས་ཀུན་ཁེངས་པས་ལྷོ་མོན་གྱི་ནག་ཚལ་ལྟ་བུ་ཡུལ་གཞན་ལ་དཀོན།    ཁྱད་པར་འབྲས་ལྡན་ཤིང་རིགས།   རྩ་ཆེའི་སྨན་སྣ་སོགས་ཀྱིས་ཕྱུག་པས་རིན་ཐང་ཆེ་བའི་ཡུལ་ལྗོངས་ཤིག་ཡིན།  གླིང་སྒྲུང་མང་པོར།   ས་སྐྱིད་པོ་མོན་གྱི་ལུང་པ་ཞེས་ཡང་ཡང་བྱུང་ལ།  གཞན་ཡང་ཤིང་ཏ་ལའི་གུར་ཆེན་འཁྲིགས་ས།།   ཀློ་མི་རྒོད་གཉིས་ཀྱི་ས་མཚམས།།   ས་རོང་འགག་འཕྲང་དོག་མོ།།    ནག་པོ་དོམ་གྱི་ཕ་ཡུལ།། ཞེས་དང་།  སྤང་ལྗོངས་མེ་ཏོག་འཁྲུངས་ས།།    །ལྗོན་ཤིང་ལོ་འབྲས་འཐུག་ས།།  །ས་བཅུད་ཡུལ་གྱི་རྒྱན་གཅིག།   ཞེས་འབྱུང་ལ་དེང་སང་བརྟག་ན་ཡང་དོན་ལ་གནས་པར་སེམས་སོ།། ཞེས་པ་འདི་ནི་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོ་འཇིག་རྟེན་མི་ཡུལ་དུ་སྐུ་འཁྲུངས་ནས་ལོ་ངོ1034ལོན་པ་ལྕགས་སྟག་རྒྱལ་ཟླའི་ཚེས15ཏེ་དཔའ་བོ་ཆེན་པོ་འདིའི་འཁྲུངས་སྐར་ཉིན་ལྷ་ས་གྲོང་ཁྱེར་དུ་ལྷ་དབང་གིས་བྲིས། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།