ཁམས་མི་ཉག་དང་ནགས་ལུང་མའི་རུས་རྒྱུད་རགས་བསྡུས།

རྩོམ་པ་པོ།:བཞག་སྲས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-22 10:35:00 ཀློག་གྲངས།:

ཁམས་མི་ཉག་དང་ནགས་ལུང་མའི་རུས་རྒྱུད་རགས་བསྡུས།

        དེ་ལ་དང་པོ་ཁམས་མི་ཉག་གི་རུས་རྒྱུད་དར་ཚུལ་ནི་འཛམ་གླིང་འདིར་ཐོག་མར་ཆུས་གང་བ་རིམ་གྱིས་བྲི་ནས་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་འདུས་པ་ལས་རིམ་གྱིས་མིར་གྱུར་པར་བཤད་ལ། དེ་ཡང་ཐོག་མར་འགྲེང་ནས་འགྲོ་ནུས་པར་བརྟེན་ལག་པས་རང་བྱུང་གི་རྡོ་དང་དབྱུག་པ་བཟུང་ནས་རི་དྭགས་རྔོན་པ་སོགས་ཀྱི་ངལ་རྩོལ་དང་། སྐྱེ་དངོས་འཕེལ་འགྱུར་གྱི་རིམ་པར་བརྒྱུད་ནས་སྨྲ་ཤེས་དོན་གོ་བའི་རང་བཞིན་ཅན་དུ་གྱུར་བ་སོགས་ནི་སྔོན་གྱི་ལོ་རྒྱུས་རྣམས་སུ་གསལ་ལ། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས་སྔོན་སྐྱབས་སེང་བུ་དང་སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན། རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་བཞུགས་ཏེ་གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ།།ཞེས་འབྱུང་བ་ནི་རུ་པ་ཏིའི་རིགས་ལས་ཆད་པ་ཡང་དེང་སང་བོད་དུ་ཡོད་ཅེས་པའི་དོན་དུ་སྣང་བ་ལས་བོད་མིའི་ཐོག་མའི་འབྱུང་ཁུངས་ནི་སྤྲེའུ་སྲིན་ཡིན་པ་སྔོན་གྱི་ལོ་རྒྱུས་མེ་ཏོག་ཕྲེང་བ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན། སུམ་པ་ཆོས་འབྱུང་སོགས་སུ་བསྟན་པ་ལྟར་གནས་ལུགས་སུ་འཁུམས་ཤིང་། དེབ་ཐེར་སྔོན་པོ་དང་རྒྱལ་རབས་འཕྲུལ་གྱི་ལྡེ་མིག་སོགས་ལས། བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་ཅིང་།ཞེས་གསུངས་པར་མཁས་པ་དུ་མས་ཚན་རིག་གི་བཤད་ཚུལ་དང་ཡོངས་སུ་མཐུན་པར་བཞེད་པས་ཁོ་བོས་ཀྱང་དེ་བཞིན་བྱའོ།།

        དེ་ནས་གདོད་མའི་མི་དེ་དག་གིས་བསྐལ་བ་ཡ་ཐོག་ཐུན་མོང་གི་འཚོ་བ་སྤྱོད་པའི་དུས་མཇུག་ཙམ་ལ་ཐོན་རྫས་ཀྱི་ལྷག་མ་གསོག་འཇོག་བྱེད་པའི་སྲོལ་བྱུང་བའི་རྐྱེན་གྱིས་མི་རྣམས་མ་མཐུན་པར་རང་རང་སོ་སོའི་ཁ་ཟས་སོགས་གཉེར་ནས་སོ་སོར་གྱེས་པ་ལས་རིམ་པར་རུས་རྒྱུད་དབྱེ་བའི་སྲོལ་བྱུང་། དེ་ཡང་རྒྱ་བོད་ཡིག་ཚང་ཆེན་མོ་ལས། དེའང་སྔོན་དང་པོ། ཡུལ་དམའ་ཁ་ཤུལ་གཡག་ཞུར་གྱི་གོང་ཁ་བྱ་བར། སྲིད་པའི་རྒྱལ་བུ་ཐིང་གི་ཞེས་པ་ལ། བུ་གསུམ་བྱུང་བ་རྒྱ་བོད་ཧོར་གསུམ་དུ་གྱེས་པའི་བོད་མི་ཁྲི་དོ་ཆེན་པོ་བྱ་བ་དེ་ལ་བུ་དྲུག་བྱུང་བ་ནི། དབྲའ་འབྲུ་ལྡོང་གསུམ་ལྒ་དང་བཞི། །ནུ་བོ་དབས་བརྡའ་གཉིས་དང་དྲུག །བོད་ཀྱི་མི་རྒྱུད་དྲུག་པོ་དེས། །དམའ་ཁ་ཤུས་རས་འདེབས་སྟག་པ་དེར། །བོད་མི་གསུམ་བུ་དྲུག་ས་བགོས་བྱས། །ལྡོང་གིས་པ་མ་ལེ་པང་ཐོབ། །དབྲ་ཡིས་དབྲ་མོ་རབ་བཀྲ་ཐོབ། །འབྲུ་ཡིས་འབྲུ་མོ་ཕྲོམ་ཕྲོམ་ཐོབ། །སྒ་ཡི་ལྒལ་མ་མེ་པོ་ཐོབ། །དབས་བརྡ་རྒྱ་བོད་ས་མཚམས་སུ། །མཚམས་ཀྱི་མདའ་དར་གོང་མ་བཟུང་། །ཞེས་པ་ལྟར་སྲིད་པའི་རྒྱལ་བུ་ཐིང་གིའི་བུ་གསུམ་པོ་གྱེས་པ་ལས་རྒྱ་བོད་ཧོར་གསུམ་བྱུང་ཞིང་བོད་ཀྱི་མི་ཁྲི་དོ་ཆེན་པོ་བྱ་བ་དེ་ལ་བུ་དྲུག་ཡོད་པས་བོད་མི་བུ་ལྡོང་དྲུག་གི་རུས་སོ་སོར་གྱེས། མི་བུ་ལྡོང་དྲུག་ལས་ནུ་བོ་དབས་བརྡ་གཉིས་མ་གཏོགས་པའི་ལྷག་མ་བཞི་ལ་སྒ་འབྲུ་དབྲ་ལྡོང་བཞི་སྟེ་རྩ་བའི་རུས་ཆེན་བཞི་ཞེས་ཡོངས་སུ་གྲགས་ལ་དེ་བཞི་པོ་གྱེས་ཚུལ་ནི། ཡབ་ཁྲི་དོ་ཆེན་པོ་བྱ་བ་དེས་དམའ་ཁ་ཤུས་རས་འདེབས་ཞེས་པའི་ས་ཆ་དེར་བུ་སྤུན་རྣམས་བོས་ནས་ས་བགོས་བྱས་པས་ཨ་སྤོས་ལྡོང་ལ་པ་མ་ལེ་པང་ཞེས་པའི་ས་ཆ་དེ་ཐོབ་པ་དང་། སེ་ཁྱུང་དབྲ་ལ་དབུ་མོ་རབ་དཀྲ་ཞེས་པའི་ས་ཆ་དེ་ཐོབ། ཨ་ལྕགས་འབྲུ་ལ་འབྲུ་མོ་ཕྲོམ་ཕྲོམ་ཞེས་པའི་ས་ཆ་དེ་ཐོབ། རྨུ་ཚ་སྒ་ལ་རྒལ་མ་མེ་པོ་ཞེས་པའི་ས་ཆ་དེ་ཐོབ་པ་སོགས་ལས་བོད་ཀྱི་རུས་ཆེན་རྣམས་བྱུང་ཞིང་དེའི་ནང་གསེས་ཀྱི་དབྱེ་ཚུལ་མང་པོར་མཆིས་པ་རྒྱ་བོད་ཡིག་ཚང་ཆེན་མོར་གསལ་བས་ཐམས་ཅད་འདིར་བཀོད་མེད་ལ་བྱེ་བྲག་ལྡོང་གི་རུས་ལ་དབྱེ་ན་ང་ཆེན་བཅོ་བརྒྱད་དང་། ཚ་ཆེན་བཅོ་བརྒྱད། ཤུལ་ཆེན་བཅོ་བརྒྱད་རྣམས་ཡོད་པ་ལས་དང་པོ་ལྡོང་གི་རུས་ཆེན་བཅོ་བརྒྱད་ནི། ཡབ་ལྡོང་ཆེན་པོ་སྤོས་དྲི་ཡིན། །དེ་ལས་རུས་རིགས་བཅོ་བརྒྱད་བྱུང་། །ཅོག་དང་ཅོག་ཙེ་ཅོག་རོ་གསུམ། །སྨད་ཀྱི་ཞིང་དང་འདྲ་བའི་བུ་གསུམ་ཡིན། །འབྲོང་དང་ཁྲུང་པོ་ཟླ་བ་གསུམ། །དབྲལ་བའི་མིག་དང་འདྲ་བའི་བུ་གསུམ་ཡིན། །འབྲིང་དང་ལྷ་ལུང་ལྷ་རྩེ་གསུམ། །ལག་པ་གཡས་དང་འདྲ་བའི་བུ་གསུམ་ཡིན། །བྲང་དང་དགོས་པ་ཁུ་ནུ་གསུམ། །ལག་པ་གཡོན་དང་འདྲ་བའི་བུ་གསུམ་ཡིན། །ཉ་དང་ཚེ་སྤང་ལུ་ནག་གསུམ། །ལུས་དང་ཁོག་པ་འདྲ་བའི་བུ་གསུམ་ཡིན། །སྙིང་དང་ཕོ་གོང་ཐག་བཟང་གསུམ། །ཁོག་པ་སྙིང་དང་འདྲ་བའི་བུ་གསུམ་ཡིན། །ཞེས་དང་། ལྡོང་གི་ཚ་ཆེན་བཅོ་བརྒྱད་ནི། ཕྱག་ཚ། རྨོག་ཚ། མགོ་ཚ། སྦུ་ཚ། ཏོག་ཚ། གཡི་ཚ། ཟངས་ཚ། རེབ་ཚ། དཔལ་ཚ། རྐང་ཚ། གཅན་ཚ། དོམ་ཚ། གཤེན་ཚ། ཚར་ཚ། བྲག་ཚ། ཉ་ཚ། རྒྱ་ཚ། གཙོ་ཚ་རྣམས་སོ། ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ནི་སྨན་ཤུལ་དང་། ཡུལ་ཤུལ། བདུད་ཤུལ། རག་ཤུལ། ཕན་ཤུལ། དབལ་ཤུལ། ཆོས་ཤུལ། བན་ཤུལ། མགོན་ཤུལ། ཕྱག་ཤུལ། ཆུ་ཤུལ། རི་ཤུལ། ཉན་ཤུལ། ཁྱི་ཤུལ། ལོ་ཤུལ། འགོ་ཤུལ། ཡབ་ཤུལ། རྟ་ཤུལ་རྣམས་ཡིན་ཞེས་ཡིག་ཚང་དུ་མར་བཀོད་ཡོད་ལ། བཤད་སྟངས་གཞན་ཞིག་ན་གནའ་སྔོན་མར་ཨ་སྤོ་ལྡོང་ཞེས་པའི་རིགས་རྒྱུད་ཀྱི་རྒན་རྒོན་གཉིས་ལ་ལོ་ན་གཞོན་སྐབས་བུ་དང་བུ་མོ་མང་པོ་སྐྱེས་ཀྱང་གཅིག་ཀྱང་མ་འཚམས། ཁྱོ་ཤུག་གཉིས་ལོ་ན་རྒས་པའི་དུས་སུ་ཡང་བུ་ཞིག་བྱུང་བར་ཁོང་གཉིས་སེམས་ཤིན་ཏུ་དགའ་ཞིང་། བུ་དེ་བར་ཆད་ལས་ཐར་ཆེད་ཁྱོ་ཤུག་གཉིས་པོས་བུ་དེ་མིང་ལ་དཔའ་སེས་ཞེས་པའི་བོན་པོའི་བླ་མ་ཞིག་ལ་སྐྱབས་སུ་བཅོལ། བོན་པོའི་བླ་མ་དཔའ་སེས་ཕྲུ་གུ་དེར་རང་མིང་གི་རྗེས་སུ་སྐྱབས་ཞེས་པའི་ཡིག་འབྲུ་ཞིག་བསྣན་ཏེ་དཔའ་སེས་སྐྱབས་ཞེས་བཏགས། ཕྱིས་སུ་ཡུལ་མིས་དཔལ་སེས་སྐྱབས་ཀྱི་ཤུལ་མར་དཔལ་ཤུལ་ཞེས་བོས། དཔའ་ཤུལ་ནི་མདོ་ཁམས་འབྲོག་ཁུལ་གྱི་གདོང་གི་རུས་ཆེན་བཅོ་བརྒྱད་དམ་མདོ་ཁམས་ཤུལ་ཆེན་བཅོ་བརྒྱད་ཀྱི་མགོ་མ་ཝ་ཤུལ་ཞེས་པ་དེ་ཡིན་ཞིང་། ཨ་མདོའི་འབྲོག་པས་དཔལ་ཤུལ་ལམ་དབལ་ཤུལ་ཞེས་འབོད་ཀྱི་ཡོད་པ་ལ། ཁམས་ཕྱོགས་འབྲོག་པས་ཝ་ཤུལ་འབོད་ཅེས་བཤད་པ་ནི་ལོ་རྒྱུས་ངག་རྒྱུན་དང་མཐུན་པའི་གནས་ལུགས་མཆིས་སྲིད་ཀྱང་། ལར་བོན་པོ་ལ་དབལ་བོན་སྟག་ལྷ་མེ་འབར་ཞེས་པ་སོགས་དབལ་གྱི་མིང་ཅན་དུ་མ་སྣང་བས་བོན་པོ་བླ་མ་དེའི་མཚན་ལ་དབལ་སྲས་ཟེར་རམ་སྙམ་པ་སོགས་དཔྱད་དགོས་པའི་གནས་དུ་མ་སྣང་ངོ་༎ འདིར་ཁམས་མི་ཉག་གི་རུས་རྒྱུད་ནི་ཨ་སྤོས་ལྡོང་ལས་མཆེད་པ་ལོ་རྒྱུས་སྨྲ་བ་ཀུན་ཀྱི་ཞལ་མཐུན་ཏེ་གནའ་རབས་བོད་ཀྱི་ལོ་རྒྱུས་ལས། སྒྲ་འམ་ཁྱུང་གི་རུས་ཚན་ལས་ཞང་ཞུང་སྒོ་ཕུག་བར་གསུམ་མི་བརྒྱུད་རྣམས་མཆེད་པ་དང་། སེང་ངམ་སྒའི་རུས་ཚན་ལས་འ་ཞའི་མི་བརྒྱུད་རྣམས་མཆེད་པ་དང་། ཨ་སྤོས་ལྡོང་གི་རུས་ཚན་ལས་མི་ཉག་གི་མི་བརྒྱུད་རྣམས་མཆེད་པ་དང་། སྟོང་གི་རུས་ཚན་ལས་སུམ་པའི་མི་བརྒྱུད་རྣམས་མཆེད་ཡོད་པའི་ཤོད་ཚུལ་འདི་ནི་ཡོངས་གྲགས་ཤིག་ཡིན་ཞེས་འཁོད་པ་ལྟར་ལགས་ཤིང་། དེ་ལྟར་ཚིག་མི་འདྲ་བ་ལས་དོན་དུ་བསེ་དང་། ཁྱུང་དང་། དབྲ་ཞེས་པ་རྣམས་རུས་ཚན་གཅིག་ཡིན་པ་དང་དེ་བཞིན་དུ། སྟོང་དང་འབྲུ་ཞེས་པ་རུས་ཚན་གཅིག་ཡིན་པ་དང་། སེང་དང་། རྨུ་དང་། སྒ་རྣམས་རུས་ཚན་གཅིག་ཡིན་པའང་ཞར་བྱུང་གི་ཚུལ་དུ་ངེས་དགོས་སོ།།
        གཉིས་པ་བྱེ་བྲག་ནགས་ལུང་མའི་རུས་རྒྱུད་བཤད་པ་ལ། ནགས་ལུང་མའི་རུས་རྒྱུད་རྣམས་ཐོག་མ་གང་ལས་བྱུང་དང་། ད་ལྟའི་གནས་བབ་བཤད་པའོ། དང་པོ་ནགས་ལུང་མའི་རུས་རྒྱུད་རྣམས་ཐོག་མ་གང་ལས་བྱུང་བཤད་པ་ནི་སྤྱི་ཚོགས་ཀྱི་དངོས་པོ་ཡོད་ཚད་དུས་སྐད་ཅིག་ཀྱང་མི་སྡོད་པར་འཕོ་འགྱུར་བྱུང་དང་འབྱུང་བཞིན་ཡོད་ཅིང་འགྲོ་བ་མིའི་རུས་རྒྱུད་དང་ཀུན་སྤྱོད་སོགས་ལའང་འགྱུར་བ་བྱུང་དང་འབྱུང་བཞིན་ཡོད་པ་གདོད་མི་ཟ་བས། བྱེ་བྲག་ནགས་ལུང་མའི་རུས་རྒྱུད་ལྟ་བུར་ཆ་མཚོན་ན་འགྱུར་བ་སྣ་ཚོགས་ཀྱི་འོག་ཏུ་ལུས་པ་དང་རུས་མཛོད་སོགས་ཀྱི་དཔྱད་གཞི་ཡིག་ཆ་གང་ཡང་མེད་སྟབས་ཇི་བཞིན་པ་ཞིག་ངེས་དཀའ་ནའང་རང་སྡེའི་རིགས་ལ་ཞེན་པའི་ལྷག་བསམ་དཀར་པོས་སྣེ་ཁྲིད་དེ་རྒན་རབས་པ་ཚོའི་ངག་རྒྱུན་གཙང་མ་རྣམས་ཡིག་ཐོག་ཏུ་བཀོད་ན། ཁྲོ་ཟུར་ནགས་ལུང་མ་ཞེས་པའི་ཁྲོ་ཟུར་ནི་བླ་མའི་མཚན་གྱི་ཆ་ཤས་ཡོན་བདག་ལ་ཐོགས་པ་ཞིག་སྟེ། དུས་ནམ་ཞིག་ལ་དེང་སང་ཁྲོམ་ཁོག་ཏུ་འབོད་པའི་ས་ཆ་དེར་སྐུ་མཆེད་བཞི་ཡོད་པ་བླ་ཁག་བཞི་རུ་གྱེས་པས་རྒྱུ་ནོར་ལྷ་རྟེན་རྣམས་བགོ་བཤའ་བྱས་མཐར་ཁྲོ་ཆེན་པོ་ཞིག་ལས་ལྷག་མེད། དེ་སྐུ་མཆེད་ཞིག་གིས་གྲུབ་རྟགས་མཛད་ནས་ཕྱག་མཛུབ་གྱིས་གས་བཞིར་བྱས་པས་ཁོང་ལ་ཁྲོ་བགོས་རལ་བ་ཅན་ཞེས་མཚན་ཐོགས། རྗེས་སོར་སྐད་འགྱུར་ནས་ཁྲོམ་དགེ་རལ་བ་ཅན་ཞེས་གྲགས་ཤིང་། བླ་མ་དེའི་བླ་བྲང་ལའང་ཁྲོམ་དགེ་བླ་བྲང་ཞེས་ཐོགས། ཁྲོམ་དགེ་བླ་བྲང་དེའི་ཟུར་དུ་བླ་མ་ཞིག་བཞུགས་པ་དེར་ཁྲོམ་ཟུར་རམ་ཁྲོ་ཟུར་ཞེས་པའི་མཚན་ཐོགས། བླ་མ་དེ་ནི་མཁས་གྲུབ་གཉིས་ལྡན་གྱི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་སྟབས་རུ་བ་ཁ་ཤས་ཤིག་ཁོང་གི་ཡོན་བདག་ཏུ་གྱུར། རུ་བ་དེ་རྣམས་ནི་རག་ཤུལ་དང་། སྒ། ཝ་ཤུལ། རྩ་ར། སྤོ་ཟུ། ཀར་ཤུལ། ཁྱོམ་ཐག རག་རྒྱ་སོགས་ཡིན་ཞིང་དེ་རྣམས་ལ་ཁྲོ་ཟུར་ནགས་ལུང་མ་ཞེས་པའི་མིང་ཐོག་མར་ཆགས། ནགས་ལུང་ཞེས་པ་ནི་རུ་བ་དེ་རྣམས་འདུག་སའི་ས་མིང་ཡིན་ཞིང་དེང་སང་ཡང་ས་ཆ་དེ་ན་ནགས་ལུང་ནང་དང་ནགས་ལུང་མཚོ་སོགས་ཀྱི་ཐ་སྙད་ཆགས་ཡོད། སྤྱི་ལོ༡༨༡༣པ་རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ་ཡི་ལོར་ཁྲོ་ཟུར་བླ་མ་འགྲོ་མགོན་འཇའ་ཚོན་སྙིང་པོ་དགོངས་པ་ཆོས་དབྱིངས་སུ་བསྡུས་ཤིང་རྒྱལ་སྲས་དྷརྨ་བཛྲ་ནི་དགུང་ལོ་ཕྲ་བས་རུ་སྡེ་དེ་རྣམས་ལ་དམིགས་བསལ་གྱི་མགོ་འཛིན་པ་མ་ཡོད་ལ། དེའི་ཕྱི་ལོར་ཉག་ཨ་བསེ་བ་དང་བསི་བཟང་བ་ཟིང་འཁྲུག་བྱུང་བས་ཁྲོ་ཟུར་བླ་བྲང་ཚང་ལ་གཡུལ་ངོ་ཕོག་ནས་ཅི་ཡང་མེད་དུ་སོང་བས་རྒྱལ་སྲས་མ་ཡུམ་ལྷན་རྒྱས་མའི་ཕ་ཡུལ་ཉག་རོང་ཕྱོགས་སུ་འཁྱམས་དགོས་བྱུང་ཚེ། རུ་བ་འདི་རྣམས་ཀྱང་རིམ་བཞིན་ཁྲོ་ཟུར་རྒྱལ་སྲས་ཚང་གི་རྗེས་དེད་ནས་ཉག་སྨད་ཕྱོགས་སུ་སླེབས། དེ་ནས་ཅུང་མ་འགོར་བར་ཁྲོ་ཟུར་རྒྱལ་སྲས་ཉག་སྨད་པའི་དཔོན་པོ་སྐལ་བཟང་དབང་རྒྱལ་གྱི་དབུ་བླར་གྱུར་བས་ཡོན་མཆོད་འཁོར་དང་བཅས་པ་ལ་འབྲུག་མོ་རྫོང་གི་སྡོད་གནས་བྱིན་པས། ཕལ་ཆེར་མི་ལོ་སོ་བཞི་ཙམ་དེར་བསྡད་པས་དེང་སང་ཀྱང་ནགས་ལུང་ནང་ཞེས་པའི་ས་མིང་ཆགས་ཡོད་ལ། ས་མིང་དེ་ནི་རུ་བ་རྣམས་ཀྱི་མིང་ཡུལ་ལ་ཕར་ཆགས་པ་ཞིག་མངོན། མ་ཚད་ས་ཆ་དེ་ན་རྩ་ར་དང་སྒ། སྤོ་ཟུ་སོགས་ཀྱི་རུས་རྒྱུད་ལས་ཆད་པ་འགའ་ཡང་ལུས་ཡོད། དེ་ནས་ཁྲོ་ཟུར་རྒྱལ་སྲས་མཚན་སྙན་གྲགས་ཇེ་ཆེར་ཕྱིན་པས་ཡོན་བདག་ཀྱང་སྔར་ལས་ཇེ་མང་གྱུར་བས་ཉག་ཁོག་གི་རུ་བ་ཉ་ངེ་དང་། ར་གེ རྟ་ཤུལ། སྲས་མོ། མགར་བ། ཨ་དཀར། གཟི་ཁུག། རྒྱ་རི། སྟག་འུ་སོགས་ཁྲོ་ཟུར་ནགས་ལུང་མར་གྱུར་པ་མངོན་དེ། དེ་དག་གི་མི་རྒན་ཕལ་མོ་ཆེས་ཉག་རོང་གི་སྐད་སྤྱོད་པས་ཀྱང་ཤེས་ནུས་སོ།།
        བར་སྐབས་ཤིག་ལ་ཉག་རྐེད་མགོན་པོ་རྣམ་རྒྱལ་གྱིས་ཕྱོགས་བཞི་དབང་དུ་སྡུད་པའི་ལས་བརྩམས་ནས་མི་ཆེན་དང་བླ་ཆེན་ཕལ་ཆེར་ས་མཐར་སྤྱུག་ཚེ་ཁྲོ་ཟུར་རྒྱལ་སྲས་ཀྱང་བཞུགས་མ་ཕོད་པར་ལི་ཐང་གི་ཕྱོགས་སུ་བྱོན་དུས་ཡོན་མཆོད་ཀྱི་རུ་བ་དུད་ཚང་ཉིས་བརྒྱ་དང་ཉེར་བདུན་ཡང་ཁོང་གི་རྗེས་བསྙེགས་ནས་ལི་ཐང་ཕྱོགས་སུ་སླེབས་པ་ཁྲོ་ཟུར་རྣམ་ཐར་ལས་གསལ། དེ་ནས་གཡོན་རུ་དཔོན་ཨ་དེ་མགོན་པོར་སྐྱབས་བཅོལ་ནས་འཚལ་ལ་དང་འབུམ་ཡག་སོགས་སུ་ལོ་གཅིག་ཙམ་ལ་བསྡད། ཉིན་ཞིག་ཁྲོ་ཟུར་རྒྱལ་སྲས་ལ་རྗེ་བཙུན་པདྨ་ཀ་རས་ལུང་བསྟན་ལས། ས་དཔེ་དུང་དཀར་འདྲ་བ་རྡོ་རྗེ་གདན། །ལྷ་ཕྲུག་མེ་ཏོག་ལྟ་བུའི་རྩེད་ར་འཚོགས། །དེ་ཡི་རྟེན་འབྲེལ་ལེགས་པར་འགྲུབ་ནུས་ན། །དགོས་འདོད་ནོར་བུ་ལྟ་བུར་ཅི་བསམ་འགྲུབ། །ཆབ་དང་དར་གཉིས་བར་དུ་ཀཿབསྟན་རྒྱས། །ཞེས་པ་དང་བསྟུན་ནས་སྤྱི་ལོ༡༨༥༠སྐོར་ནས་ཡོན་མཆོད་འཁོར་དང་བཅས་པ་དར་མདོ་ལྕགས་ལ་རྒྱལ་པོའི་མངའ་ཞབས་སུ་སླེབས་ཏེ་དབལ་གསེས་སྐྱབས་པ་དོན་འགྲུབ་དབང་རྒྱལ་བརྒྱུད་ནས་ལྕགས་ལ་རྒྱལ་པོར་མགོ་འབུལ་ཞུས་ཤིང་། རྒྱལ་པོས་བརྩེ་གཟིགས་ཆེན་པོའི་སྒོ་ནས་གསེར་ཕྱེ་ཐང་དང་ངོ་བོ་ལ་ཐོག ཡིད་ལྷུང་གཤིས་རྣམས་གདམ་ང་བྱེད་དུ་བཅུག་པར་སྤོ་ཟུ་ས་མཁན་གྱིས་ས་བརྟགས་ནས་སྐྱིད་ན་སྡུག་ན་གསང་ཆེན་ངོ་བོ་ལ་ཐོག་དགའ་ཞེས་ངོ་བོ་ལ་ཐོག་བདམས་པས་རུ་བ་རྣམས་ཀྱིས་དབྱར་ས་དགུན་ས་རྣམས་དེར་བྱས་ནས་བསྡད། དེའི་དུས་སུ་ཉག་ཁོག་ནས་འོང་བའི་དུད་ཚང་ཉིས་བརྒྱ་ལྷག་ལས་ཕལ་ཆེ་བ་ཕྱིར་ཉག་རོང་དང་ལི་ཐང་ཕྱོགས་སུ་བསྡད་ཅིང་ཁྲོ་ཟུར་ནགས་ལུང་མའི་གཞི་མ་རྣམས་ནི་འདིར་འོང་ཡོད་པར་མངོན། འདི་ལ་ཁྱིམ་ཆེན་བཅོ་བརྒྱད་དང་ཉི་ཤུ་འོང་ཞེས་པ་སོགས་མི་མཐུན་པ་མང་བས་ཁ་ཚོན་གཅོད་མ་ནུས་སོ༎  སྤྱི་ལོ༡༨༥༩པ་ས་མོ་ལུག་གི་ལོར་སྨེ་སྟོད་པའི་དཔོན་སྡེ་འཁོར་བཅས་སྟོད་ཕྱོགས་ཀྱི་དམག་ཇག་ཆོམ་རྐུན་ཀྱིས་འཚེ་བས་མདོ་ཆེན་ཕྱོགས་སུ་སླེབས་ནས་གར་འགྲོ་གར་འདུག་མི་རྙེད་པའི་མཚམས་སུ། ཁྲོ་ཟུར་བླ་མས་ཁྱེད་ཚོས་ལྕགས་ལ་རྒྱལ་པོར་མགོ་འབུལ་ཞུས་ན་འཕྲལ་ཡུན་ཀུན་བདེ་བས་ཁྱེད་ཚོས་གྲོས་གྱིས་དང་ཐམས་ཅད་གྲོས་མཐུན་པར་གྱུར་ཚེ་ཁོ་བོས་མགོ་འདྲེན་བྱས་ན་ཆོག་ཅེས་པར་ཐམས་ཅད་གྲོས་མཐུན་པས་ལྕགས་ལ་རྒྱལ་པོ་ལ་ཐུགས་ཞུས་ལེགས་པར་ཕུལ་བས། རྒྱལ་པོས་མགོ་འདྲེན་བརྩེ་གཟིགས་ཕ་མ་ལྟ་བུར་མཛད་ཅིང་ཁོ་པ་དུད་ཚང་བརྒྱ་ཕྲག་གཉིས་ལྷག་མར་མི་ཉག་རབ་སྒང་ངོ་བོ་གསང་ཆེན་བཅོ་བརྒྱད་དུ་སླེབས། རྡོ་འུ་གུ་ཅང་སོགས་སུ་རྨེ་བའི་རུ་བསྡད་ཤུལ་གྱི་སྒྱེད་རྡོ་རྣམས་དེང་སང་ཡང་མཐོང་རྒྱུ་ཡོད། དེ་ནས་ལོ་མང་པོར་མ་ལོན་པར་རྨེ་བ་རྣམས་རང་ཡུལ་ཕྱོགས་སུ་བུད་སོང་ཞེས་པའི་ངག་རྒྱུན་ཞིག་མཆིས་མོད་དུད་ཚང་འགའ་རེ་ནགས་ལུང་མ་དང་འདྲེས་ནས་ལུས་ཡོད་ཤས་ཆེའོ༎ སྤྱི་ལོ༡༨༦༥པ་ཤིང་གླང་ལོར་སྡེ་བ་གཞུང་དང་ལྕགས་ལའི་དམག་དཔུང་ལྷན་དུ་བསྡུས་ནས་ཉག་རྐེད་མགོན་པོ་རྣམ་རྒྱལ་གྱི་ཕོ་བྲང་མེ་ལ་བསྲེགས་པས།དུས་དེ་ནས་བཟུང་ཁྲོ་ཟུར་ནགས་ལུང་མ་ལ་ཕྱི་དགྲ་གང་ཡང་མེད་པར་ཞི་འཇམ་དུ་གྱུར་ཅིང་། ཁྱད་པར་ཁྲོ་ཟུར་རྒྱལ་སྲས་ལྕགས་ལ་ས་དབང་གི་དབུ་བླ་མཆོག་ཏུ་གྱུར་བས་ནགས་ལུང་ལྷ་སྡེ་ཞེས་པའི་མཚན་སྙན་བཟང་པོ་སྤྱི་བོར་ཐོབ་སྟེ་ཁྲལ་འུ་ལག་སོགས་གང་ཡང་མི་དགོས་པར་བླ་མ་ལ་ཞབས་ཏོག་བསྒྲུབས་པས་ཆོག་པར་གྱུར། དེ་དག་གི་དུས་སུ་ཁྲོ་ཟུར་རྒྱལ་སྲས་ཚང་གི་ཐུགས་བཞེད་བཞིན་ཟུར་བ་ཡ་མ་ལུ་ཐར་དང་ར་གེ་ཨ་སྔོན་སོགས་ཀྱིས་སྡེ་བའི་མགོ་འཛིན་བྱས་ནས་བསྡད་ཅིང་ལོ་བཅུ་ཕྲག་འགའི་རྗེས་སུ་ཉ་ངེ་རབ་བརྟན་གྱི་བུ་རྟ་མགྲིན་ཞེས་དཔལ་རྟ་མཆོག་རོལ་བའི་རྣམ་སྤྲུལ་དུ་གྲགས་ཤིང་། ལྷག་བསམ་དང་བྱམས་སེམས་ཀྱིས་ཐུགས་རྒྱུད་འགེངས་པ། དཔའ་མཛངས་སྙིང་སྟོབས་ཀྱི་བདག་པོ། ཡ་རབས་གཞུང་དྲང་ཅན་ཞིག་ཡིན་སྟབས་རིམ་པར་སྡེ་བའི་དཔོན་པོ་དང་། ཁད་ཉེ་བའི་འབྲོག་སྡེ་ཕལ་མོ་ཆེའི་སྤྱི་དཔོན་དུ་གྱུར་ཏེ་ཉ་ངེ་དཔོན་ཞེས་ས་མི་ཉག་དུ་གྲགས་ཆེ་བ་བྱུང་། ཁྲོ་ཟུར་ནགས་ལུང་མའི་ལྷ་སྡེ་ཡང་སྔར་ལས་ཇེ་ཕྱུག་དང་ཇེ་རྒྱས་སུ་གྱུར། ཁོང་ལ་བུ་དྲུག་ཡོད་པས་ཆེ་བ་བསོད་ནམས་གྲྭ་པ་བྱས་ནས་སེང་གེ་དགོན་པའི་དགོན་དཔོན་སོགས་ཀྱི་ལས་འགན་བཟུང་། བུ་གཉིས་པ་མགོན་པོས་ཡབ་ཀྱི་དཔོན་ས་བཟུང་ཡང་ཅུང་མ་འགོར་བར་ཁྱི་སྨྱོན་གྱིས་རྨུགས་ཏེ་ཕྱི་མར་བསྙེགས། བུ་གསུམ་པ་གུ་རུས་ཡབ་ཀྱི་དཔོན་ས་ཡུན་རིང་བཟུང་ཞིང་མངའ་ཐང་དང་སྙན་གྲགས་སྔར་ལས་ཇེ་རྒྱས་སུ་ཕྱིན་ཏེ་འབྲོག་ཀ་ར་བརྒྱད་དང་། འགྲ་འདྲེན་ཁག་དྲུག་ཀྱང་ཉ་ངེ་དཔོན་གྱི་མངའ་འོག་ཏུ་གཏོགས་པར་གྱུར་ཏེ་རྟ་ཤུལ་དགེ་འཕེལ་དང་། རྩ་ར་བསོད་ཆོས། རྒྱ་ཚོགས་གྲགས་པ། མན་ཆོད་བསོད་ནམས་རྒྱལ་མཚན་རྣམས་བློན་ཆེན་དང་ལྷ་བཟོ་ཀུན་དགའ་ཡོན་ཏན་དྲུང་ཡིག་པར་བསྐོས། དེའི་དུས་སུ་མགོ་བཏགས་དཔོན་ར་དགུ་སངས་རྒྱས་དང་། ལྕམ་པའི་དཔོན་དགེ་ལེགས། གླག་ཐའི་དཔོན་ཚེ་དབང་ནོར་བུ། ཤིང་ཉག་དཔོན་མུ་ར་ལྷ་དར་དང་བློ་གྲོས་རྒྱལ་མཚན། ནང་སྐོར་དཔོན་ནུ་ཟོག་རྣམ་རྒྱལ། རུ་སར་དཔོན་ཉི་མ་ཚེ་རིང་། བ་ལང་དཔོན་སྤྲུལ་རིག་འཛིན། སྐུ་ནང་དཔོན་ལྡོང་གྲགས་རྒྱལ་ཁོ། གོ་རོ་དཔོན་སྟོབས་རྒྱས་དང་སྨེ་བ་དགེ་ལེགས་བཀྲ་ཤིས་རྣམས་འབྲོག་པའི་སྡེ་དཔོན་ནམ་རུ་དཔོན་དུ་བསྐོས་ཤིང་། འགྲ་ཁོག་རྣམས་སུ་གྱོད་དང་ཁ་མཆུ་སྡུམ་ཕྱིར་ལོ་ལྟར་དུ་ཕེབས་དགོས་པ་སོགས་ཀྱིས་ཁོང་གི་ཁ་འོག་ཏུ་འདུས་ཡོད་ཀྱང་དཔོན་སུ་དང་སུ་བསྐོས་ཡོད་པ་རྣམས་ནི་གསལ་བོར་མ་ངེས་སོ༎ བུ་བཞི་པ་རྡོ་རྗེ་རྫ་ལུང་རྟ་དཔོན་ཚང་ལ་མག་པ་བྱིན་པས་རིམ་བཞིན་རྫ་ལུང་ལུང་པ་ཁ་གསུམ་ལ་གནས་པའི་རྫ་ལུང་བ་དང་། ཁང་བརྒྱབ་པ། སྡེ་དགེ། གསེར་ཆུ་ཁ་པ། སྐྱེས་ཚང་། སྟོང་ཟ། ཨ་ཀླུ། ཁུ་ཁྱུ་ལུང་པ། ཨ་སྐྱིད་རྣམས་ཁྲོ་ཟུར་ནགས་ལུང་མར་གྱུར་ནས་ཡུལ་སྡེ་དང་ས་ཁྱོན་རྣམས་སྔར་ལས་ཇེ་ཆེར་ཕྱིན། བུ་ཆུང་བ་དབང་ཆེན་དང་པདྨ་གཉིས་ཀྱང་དཔའ་མཛངས་སྙིང་སྟོབས་ཀྱི་བདག་པོ་ཅན་ཡིན་པར་གྲགས་ཀྱང་དཔོན་པོའི་འགན་འཛིན་པ་སོགས་མི་ཆེན་གྱི་བྱ་བ་གང་སྒྲུབ་ནི་ངག་རྒྱུན་ན་མ་མཆིས་སོ༎ དེའི་དུས་སུ་ཁྲོ་ཟུར་ནགས་ལུང་མས་ས་ཁྱོན་ཇི་ལྟར་བཟུང་བ་ཕལ་ཆེར་ད་ལྟའི་ས་ཁྱོན་དང་མཚུངས་མོད། སྤྱི་ཚོགས་འཕོ་འགྱུར་སོགས་གྱི་དབང་གིས་འགྱུར་ལྡོག་ཅུང་ཟད་བྱུང་ཡོད་དེ་དཔེར་ན་དེའི་ཚེ་རང་གི་ས་གནས་ལ་བཀའ་ཉེས་ཇི་འོང་ན་རང་སྡེས་འགན་ཁུར་དགོས་པས། སྤོ་ཟུ་ཚེ་རྒྱས་ཀྱིས་རང་སྡེའི་ས་སྲུང་བའི་ཆེད་དུ་མེ་མདས་ཨ་སེན་མའི་ཇག་པ་ཞིག་གི་ཀླད་པ་གཏོར་བས་ས་དེར་ཀླད་དྲལ་ཞེས་མིང་ད་ལྟའི་བར་དུ་ཐོགས་ཡོད་ཚུལ་ལ་བལྟས་ན་ས་དེའི་མན་ཆོད་ནགས་ལུང་མའི་ཡིན་པར་མངོན་ཞིང་། མ་གཞི་ཁ་འུ་དཔོན་གྱི་ས་ཆ་འཇུ་ལྷ་ཐོག་དང་མི་བསད་ཀླས་སུ་ཇག་པ་འགས་རྒྱ་མི་ཞིག་བསད་པར་ཁ་འུ་དཔོན་གྱིས་གོང་རིམ་ལ་ཁོ་པ་ཚོའི་ས་གནས་མིན་ཚུལ་ཞུས་ཤིང་། ཉ་ངེ་དཔོན་པོས་ས་ངན་གྱི་གྱོང་དང་ས་བཟང་གི་གྲོགས་སོགས་ཅི་ཡོད་ན་ཁོ་བོས་ཁུར་ཞེས་ཏེ་གོང་རིམ་ལ་མི་སྟོང་འཇལ་བ་ནས་བཟུང་ནགས་ལུང་མའི་སར་གྱུར་པའོ། ཁོ་བོ་ལ་ནི་རྒྱབ་རྟེན་གྱི་ལུང་རིགས་གང་ཡང་མ་རྙེད་པར་ས་མིང་གང་ཡག་བཙལ་ནས་རང་སྡེའི་ས་ཡིན་ཟེར་བའི་སྙིང་སྟོབས་མ་མཆིས་པས་འདི་ཙམ་ལས་འབྲི་རྒྱུ་མ་རྙེད་པས་གཟིགས་མཁན་རྣམས་ལ་དགོངས་དག་ཞུ། དེ་ལྟར་ཁྲོ་ཟུར་ལྷ་སྡེ་ཕྱུག་མོའི་ཆོས་སྲིད་ལུགས་གཉིས་དར་རྒྱས་སུ་ཕྱིན་ནས་ལོ་འགའི་རིང་གནས་ཀྱང་དུས་འགྱུར་གྱི་སྐབས་ནས་དཔོན་པོ་རིགས་ཀུན་བཙོན་ལ་ལྷུང་ཞིང་རྒྱུ་ནོར་ཕལ་ཆེར་འཐོར་བརླག་ཏུ་སོང་བས་ཉ་ངེ་དཔོན་རྒྱུད་ཀྱི་མཇུག་རྫོགས་སོང་ལ། ཁྲོ་ཟུར་ནགས་ལུང་མ་ཡང་སྡེ་ཚོ་ཁག་བཞིར་གྱུར།  
        གསུམ་པ་ད་ལྟའི་གནས་བབ་བཤད་པ་ནི། ད་ལྟ་ཁྲོ་ཟུར་ནགས་ལུང་མ་ནི་སྔར་བཤད་པའི་རུས་རྒྱུད་རྣམས་དང་དུས་ནམ་ཞིག་ལ་སླེབས་པར་མ་ངེས་པའི་རུས་ཚན་དུ་མ་ལས་གྲུབ་ཏེ་འཚོ་བའི་ཆ་རྐྱེན་འབྲོག་སྡེ་བྱིངས་དང་མཐུན་ལ། དམ་པའི་ལྷ་ཆོས་དང་ཡ་རབས་སྲོལ་བཟང་ལ་གོང་བཀུར་བྱེད་བཞིན་དེང་རབས་རིག་གནས་ལ་སློབ་ཅི་ནུས་བྱེད་ཀྱི་ཡོད། ཁྱད་པར་དུ་དུས་རབས་ཉི་ཤུ་པའི་སྐབས་སུ་ཉ་ངེ་དཔོན་པོའི་མངའ་ཐང་གིས་འབྲོག་ཀ་ར་བརྒྱད་དང་འགྲ་འདྲེན་ཁག་དྲུག་སོགས་ལ་དབང་མཛད་ནས་ཁྲོ་ཟུར་ལྷ་སྡེ་ཕྱུག་མོའི་ཆོས་སྲིད་ཀྱི་སྟོབས་འབྱོར་གོང་དུ་ཕྱིན་ལ། དེ་ལྟ་བུའི་ཁྲོ་ཟུར་བླ་མ་ལྷ་སྡེ་མཆོད་ཡོན་འབངས་འཁོར་དང་བཅས་པས་མཆོག་གསུམ་ཐོད་བཞིན་ཁུར། རྒྱུ་འབྲས་སྤང་བླང་བྱེད། མི་ཆོས་གཙང་མ་སྐྱོང་། ཆོས་སྐྱོང་བྲན་ལྟར་འཁོར། བསྟན་པ་དགུང་དང་མཉམ། ས་ཆེན་པོས་ཐེག་པར་དཀའ་བ་ཁྲོ་ཟུར་འགྲོ་མགོན་ཡབ་སྲས། སྐྱབས་མགོན་མཁྱེན་བརྩེ་རིམ་བྱོན། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བླ་མ་གུ་རུ་དཔལ་ལྡན་དང་བྱ་བྲལ་བསོད་ནམས་བཟང་པོ། སྡེ་འདིའི་མངའ་ཁོངས་སུ་གཏོགས་མྱོང་བའི་མཁས་པའི་དབང་པོ་མཁན་ཆེན་ཆོས་ཀྱི་གྲགས་པ་དང་གྲུབ་པའི་ཁྱུ་མཆོག་གཟན་དཀར་ཐུབ་བསྟན་ཉི་མ། འགྲོ་དོན་འཕྲིན་ལས་ཀྱི་བདག་པོ་རྫོགས་སྤྲུལ་རྡོ་རྗེ་བཀྲ་ཤིས་བཅས་ཀུན་ལ་རླུང་ལྟར་གྲགས་པའི་བླ་མ་སྤྱི་དང་། ད་སྐབས་ཁྲོ་ཟུར་སྐྱབས་མགོན་རྡོ་རྗེ་རབ་བརྟན་དབུར་བཞུགས་པའི་བཤད་གྲྭ་དང་སྒྲུབ་གྲྭ། ཀློག་པ་སློབ་གཉེར་ཁང་བཅས་པའི་དགོན་སྡེ་འདི་ནི་ཁྲོ་ཟུར་བླ་མ་ལྷ་སྡེ་ཞེས་སྔར་ནས་ཀུན་ལ་གྲགས་བཞིན་མིང་དོན་མཐུན་པར་བྱུང་ཡོད་ལ། རྗེས་མའི་ཆར་ཡང་མི་ཉག་ར་བ་དཀར་མོ་འདི་འཛམ་གླིང་ཡུལ་གྲུ་ཀུན་ལ་ཤེས་རིག་ཡོན་ཏན་གྱི་འབྱུང་ཁུངས། སྐྱེ་དགུ་བདེ་བའི་འཇུག་ངོགས། གྲུབ་དབང་གོང་མའི་གདན་ས། ཆོས་སྲིད་རིང་ལུགས་གཙང་མ་བཅས་ཀྱི་སྒོ་ནས་ལེགས་པར་བསྐྱངས་དང་སྐྱོང་བཞིན་པ་ལ་མཆོག་གསུམ་ལྷ་དང་བཅས་པས་མཐུན་འགྱུར། རིགས་མཐུན་ལྷག་བསམ་ཅན་གྱི་མཛུབ་སྟོན། སྟོབས་འབྱོར་མངའ་ཐང་ཅན་གྱི་རྒྱབ་སྐྱོར། སྐྱིད་སྡུག་ཅི་ཡང་ཐེག་པའི་རམ་འདེགས་བཅས་ལ་བརྟེན་ནས་ལེགས་པར་གནས་པར་འགྱུར་བ་ལགས་སོ༎ སྡེ་འདིའི་རྒན་རབས་པ་རྣམས་ཀྱིས་ལོ་ལྟར་མ་ཎི་དང་སིདྡྷི་སོགས་དུང་སྒྲུབ་འཚོགས་པ་དང་། རྒྱུན་ལྡན་དུ་འཇིག་རྟེན་ཕྱི་མའི་ལམ་རྒྱགས་སུ་དམ་པའི་ཆོས་ཅི་ནུས་སྒྲུབ་བཞིན་ཡོད། ལོ་ལྟར་དུ་དབྱར་ཟླ་དྲུག་པའི་ཚེས་དྲུག་ནས་མགོ་བཙུགས་ཏེ་དགོན་པའི་བླ་སེར་རྣམས་ལ་སྤྱི་བའི་སྲུང་བ་སྣ་ཚོགས་བསྒྲུབ་ཏུ་བཅོལ་བ་དང་། ཚེས་བཅུ་དང་བཅུ་གཅིག་གཉིས་ལ་རྟ་རྒྱུག་འགྲན་བསྡུར་དང་གླུ་ལེན་གར་འཆམ་སོགས་སེམས་ལ་སྤྲོ་བ་སྟེར་བའི་ལྟད་མོ་སྣ་ཚོགས་བྱེད་བཞིན་ཡོད་པས་ཡུལ་འདིར་གྲགས་ཆེ་བའི་དུས་སྟོན་ཞིག་ཏུ་འགྱུར་གྱི་ཡོད། དེས་ན་མི་ཡུལ་གྱི་བདེ་སྐྱིད་ཕྲན་བུ་ལོངས་སུ་སྤྱོད་བཞིན་པའི་ཡུལ་སྡེ་འདིར་རུས་རྒྱུད་སྣ་ཚོགས་ཤིག་མཆིས་ཏེ། དེ་དག་སྡོམ་བྱས་ནས་རིམ་པར་བཀོད་ན། ཉ་ངན་ཨ་དཀར་མགར་བ་རང་འཐག་ཁ། །ཀར་ཤུལ་རག་ཤུལ་ཝ་ཤུལ་རྟ་ཤུལ་བ། །རྒྱ་ཟ་རྒྱ་ཚོགས་རག་རྒྱ་རྒྱ་མགོ་རྒྱ། །ཁོ་ཐེ་མོ་ཐེ་མོ་འདྲེ་བོས་ཡས་བ། །ཨ་གླུ་ཨ་སྐྱིད་རྒྱ་རི་རྒྱལ་མོ་བ། །རྒྱུ་གུས་ཇ་གྲུབ་རྫ་ལུང་རོང་མེས་བ། །མདོ་མིང་དགོན་པ་འོད་དཀར་དངོས་རས་ལུང་། །སྤོ་ཟུ་གཟི་ཁུག་རྡོ་ཞུ་འདོ་བ་ཁུག །སྟོང་ཟ་རྡོ་རྐོ་འགྲ་པ་འོ་ཕྱུག་ཁུག །སྟག་རོང་རྟ་རྫི་རྟ་འུ་ཁང་རྒྱབ་པ། །ཞིང་ལ་སྲས་མོ་ལྕགས་མདུད་ཁུ་ཁྱུ་ལུང་། །རྩ་ར་མུ་ར་བཟུར་བ་ར་གེ་བ། །ཁྱོམ་ཐག་ཀུན་ཕན་ཆུ་རོས་སྡེ་དགེ་བ། །གཙོ་ཚྭ་རུ་སར་སྒ་རྣམས་རུས་ཀྱི་མིང་། །ཞེས་པ་འདི་ཡིན་ཞིང་འདིར་རུས་མིང་གི་རྩ་བའི་དོན་ངོ་མར་ཅི་ཟེར་བཞིན་ཡོད་མི་གོ་ས་མང་བས་སྒྲ་སོར་བཞག་ནས་བྲིས་པ་ཡིན་པས་ཚིག་ལ་ནོར་འཁྲུལ་བྱུང་ཡོད་ངེས་པས་གཟུར་གནས་མཁྱེན་དཔྱོད་པ་ཚོས་ཡོ་བསྲང་གནང་བར་འཚལ། གཞན་ཡང་འདིར་རུས་མིང་གཅིག་ཡིན་ཀྱང་ད་ལྟ་ཚོམ་གཉིས་སུ་གྱེས་འདུག་པ་དང་རུས་རྒྱུད་རྩ་བ་ནས་སོ་སོར་ཡིན་ཀྱང་མིང་གཅིག་ཏུ་ཆགས་ཡོད་པ་སོགས་ལ། དེང་འདིར་མིང་གཅིག་མ་གཏོགས་བཀོད་མེད་ལ་ཚིག་གཅིག་གིས་དོན་མང་དུ་སྟོན་ཆོག་པར་བྱས་ནས་ཡོད་པས་རུས་མིང་གཏན་ནས་ཆད་སོང་བ་ནི་མིན་པར་ངེས་དགོས༎ སླད་མར་ཁྲོ་ཟུར་ནགས་ལུང་མའི་ཆོས་སྲིད་གཉིས་པོ་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་ལམ་བཅས་ཟླ་ཚེས་བཟང་པོར་སྦྱར་བའོ།། 

《ནགས་ལུང་དགོན་སྡེའི་ལོ་རྒྱུས》ལས་བཏུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།