ཕྱི་རྫིག་ནང་སྟོང་དུ་གྱུར་པའི་ཕོ་བྲང༌།
ཕྱི་རྫིག་ནང་སྟོང་དུ་གྱུར་པའི་ཕོ་བྲང༌།
___གཞིས་ཀ་རྩེའི་རྫོང༌།
གཞིས་ཀ་རྩེ་རྫོང་ནི་སྔོན་ཆད་བོད་ཀྱི་རྒྱལ་བོ་སྡེ་སྲིད་གཙང་བའི་རྒྱལ་ས་རེད། དེ་ད་ལྟ་གཞིས་ཀ་རྩེ་གྲོང་ཁྱེར་ན་ཡོད། རྫོང་དེ་སྡེ་སྲིད་སྣེ་གདོང་བ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཀྱི་སྲིད་དབང་བཟུང་སྐབས་དབུས་གཙང་ཁུལ་དུ་རྫོང་ཆེན་བཅོ་བརྒྱད་བརྩིགས་པའི་རྗེས་མ་ཡིན་ཞིང༌། འདི་བརྩིགས་ཏེ་བསམ་པའི་དོན་ཐམས་ཅད་གྲུབ་པས་བསམ་གྲུབ་རྩེ་ཞེས་བཏགས་པ་ཡིན་ཟེར།
རྫོང་འདི་རི་ཞིག་གི་མགོ་ན་ཡོད་ཅིང་རྒྱ་མི་དག་གིས་པོ་ཏ་ལ་ཆུང་བ་ཟེར། སྔོན་ཆད་གནས་དེར་མཚེའུ་ཞིག་དང་དེར་འཁོར་བའི་རི་དྭགས་དང༌། བྱ་བྱིའུ། ཕྱུགས་ཟོག་སོགས་ཀྱང་ཡོད་ཚོད་དེ་དེང་སང་ཡང་རྒྱ་མཚོ་གཞུང་ཟེར་སྐད། འོ་ན་དེ་ལ་གཞིས་ཀ་རྩེ་ཞེས་ཇི་ལྟར་བཏགས་པ་ཡིན་ནམ། དཔྱད་གཞི་ཡིག་ཆ་ལས་འདི་ལྟར་བཤད་དེ། གནས་དེར་ཐོན་ཁུངས་ཕུན་སུམ་ཚོགས་པའི་གཞིས་ཀ་དེ་ནི་རྩེ་གྲྭ་ཡིན་པས་གཞིས་ཀ་རྩེ་ཞེས་རིན་སྤུངས་པའི་སྐབས་སུ་མིང་དེ་བྱུང་བར་འཁོད་ཡོད།
གཞིས་རྩེ་ས་ཁུལ་དེར་གཙང་བ་རྒྱལ་བོ་ཞེས་པའི་རིན་སྤུངས་པའི་རྗེས་སུ་རྒྱལ་རབས་དེས་སྲིད་དབང་བཟུང༌། ཆུ་ཀླུང་ཆེན་པོར་གཙང་བོ་ཞེས་འབོད་པས་དེའི་བརྒྱུད་དུ་ཆགས་པའི་ཡུལ་སྡེ་ལ་གཙང་བ་ཞེས་ཟེར། ས་སྐྱ་བས་སྲིད་དབང་འཛིན་སྐབས་ཤབ་གཞུང་སྐྱ་མོ་ཞེས་ཀྱང་ཟེར། སྡེ་བ་གཙང་བས་སྲིད་དབང་འཛིན་སྐབས་ཚོ་བཞི་དང་གཞུང་བཞི་བྱུང་བ་ནི་སྤེལ་བཞི་ཚོ་དང༌། ཆུ་ཤར་ཚོ། རྣམ་སྲས་ཚོ། ཞོལ་ཚོ་བཅས་དང༌། གཞུང་བཞི་ནི་ཉི་རི་གཞུང་དང༌། ཕྱུག་པོ་གཞུང༌། རྒྱ་མཚོ་གཞུང༌། སྤན་གཞུང་ལ་སོགས་རིམ་བཞིན་བྱུང་བ་ཡིན།
རྫོང་དེ་གཙང་བ་སྡེ་སྲིད་ཀྱིས་བཟུང་ཚུལ་ནི་རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྐབས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ནང་འཁོར་དུ་བྱུང་སྟེ་ཐོག་མར་ཆིབས་དཔོན་བྱས། རིན་སྤུངས་པའི་མཐའ་མའི་སྲིད་དབང་འཛིན་མཁན་ཏེ་ངག་དབང་འཇིགས་གྲགས་ཀྱི་དུས་ཞིང་ཤག་པ་རིམ་བཞིན་ལས་ཚན་དུ་སླེབས་ཏེ་ཤངས་དང༌། མྱང་སྨད་ཁུལ་གྱི་ཡོང་སྡུད་པ་ནས་མི་རིང་བར་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་དུ་འཁོད། སྐབས་དེར་རྫོང་དང་ས་ཁུལ་མང་བོ་བཅད་བཟུང་གིས་གཞིས་ཀ་རྩེ་རྫོང་རྟེན་གཞིར་བྱས་ཏེ་རིན་སྤུངས་པར་རྒོལ་ཏེ་སྲིད་དབང་འཕྲོག་རྗེས་ཁོ་བའི་བུ་བསྟན་སྲུང་དབང་བོ་སོགས་བུ་གསུམ་གྱིས་རིམ་བཞིན་དབུས་གཙང་མངའ་ཁོངས་རྒྱ་བསྐྱེད། ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་བོད་ཡོངས་དབང་སྒྱུར་བྱས། དེའི་བུ་ཀརྨ་བསྟན་སྐྱོང་དབང་བོས་སྲིད་དབང་འཛིན་པ་བཅས་ཁྱོན་སྲིད་དབང་ལོ70སྐོར་བཟུང༌། དེའི་རིང་གཞིས་ཀ་རྩེ་རྫོང་ནི་གཙང་བ་རྒྱལ་རབས་ཀྱི་ལྟེ་གནས་ཕོ་བྲང་དུ་བྱས།
སྤྱི་ལོ1642ལོར་གོ་ཤྲྀ་བསྟན་འཛིན་ཆོས་རྒྱལ་གྱིས་ཀརྨ་བསྟན་སྐྱོང་དབང་བོ་ཆམ་ལ་ཕབ་སྟེ་དེའི་སྲིད་དབང་རྒྱལ་དབང་སྐུ་ཕྲེང་ལྔ་བར་ཕུལ་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་འགོ་ཚུགས་སའང་རྫོང་དེར་བྱུང་བ་ཡིན། དེའང་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གཞིས་རྩེ་རྫོང་གསར་དུ་བརྩིགས་ནས་ལོ་ངོ60ཙམ་སོང་བའི་རྗེས་ཉམས་གོག་ཏུ་སོང་རྐྱེན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཁོང་གིས་བཀའ་བཞིན་ལོ་གསུམ་རིང་རྫོང་མཁར་ཉམས་གསོ་བྱས་པ་དང་རྫོང་མདུན་རི་འདབས་བཀར་ཁང་ཁག་ཀྱང་བརྒྱབ། རྫོང་དེའི་དབྱིབས་ནི་ཕོ་བྲང་པོ་ཏ་ལ་དང་འདྲ་ཞིང་དེའང་གཞིས་རྩེ་རྫོང་མཁར་ནི་ལ་དྭགས་རྒྱལ་བོའི་བྲང་ལྟར་བྱས་པ་དང༌། ཕོ་བྲང་པོ་ཏ་ལ་ནི་གཞིས་རྩེ་རྫོང་ལ་དཔེ་བྱས་ཀྱང་བཤད་སྲོལ་ཡོད།
སྔོན་རྫོང་དེའི་རྒྱ་ཁྱོན་ནི་སྤྱི་ཁྲི་གྲུ་བཞི་མ19266.27ཙམ་དང་ཁང་བའི་རྒྱ་ཁྱོན་ནི་སྤྱི་ཁྲི་གྲུ་བཞི་མ9004ཙམ་སྟེ་དབུས་སུ་ཕོ་བྲང་དམར་བོ་ཐོག་རྩེག་བཞི། ཤར་དང༌། ནུབ། མདུན་གྱི་ཆུ་སྤེལ་གཞུང་སྒོ་བཅས་གཞུང་སྒོ་གསུམ་ཡོད། གཞུང་སྒོ་སོ་སོའི་སྟེང་ཉེན་སྲུང་རྫོང་ཁུང་ཡང་ཡོད། ཕོ་བྲང་དམར་བོ་བདེ་ཡངས་ནས་རྩིས་པའི་ཐོག་རྩེག་ལྔའི་མཐོ་ཚད་ཡོད་པ་ལ་འོག་ཤོད་ས་རྡོས་བརྒྱབས་ཡོད།
རྫོང་འདིའི་སྟེང་དུ་རྒྱལ་དབང་ལྔ་བའི་གཟིམ་ཤག་ཡོད་ལ་གཞུང་གི་རྩེ་དྲུང་སོགས་སྡོད་ས་ཡོད་ལ་ལྷ་ཁང་ཡང་ཡོད། མཛོད་ཁང་ཡོད་ལ་བཙོན་ཁང་ཡང་ཡོད། གསང་སྤྱོད་ཁང་ཡོད་ལ་ཚོམས་ཆེན་ཡང་ཡོད། མདོར་ན་ཁང་བ་གཅིག་གི་ནང་དུ་རྫོང་ཁ་ཚང་ཞིག་ཡོད་པ་ནི་བོད་ཀྱི་ཁྱད་ཆོས་རེད། འདི་ནི་པོ་ཏ་ལ་དང་སྔོན་མའི་རྫོང་གཞན་པ་དག་ལ་ཡང་སྣང་ཏེ་འདི་ཁོ་ན་ལ་ཞིབ་འཇུག་བྱས་ཀྱང་མི་ཚར་བའི་ཚོད་རེད།
གཙང་བ་རྒྱལ་བོས་སྲིད་བསྐྱངས་ནས་ཅུང་མ་འགོར་བར་གཞན་གྱིས་རྩ་མེད་དུ་བཏང༌། གལ་ཏེ་ཁོང་གིས་གྲུབ་མཐའ་རིས་མེད་བསྐྱངས་ནས་ཐམས་ཅད་བུ་བཞིན་དུ་བསྐྱངས་པ་ཡིན་ན། གལ་ཏེ་ཁོང་གིས་མི་རིགས་གཅིག་གྱུར་ལ་ཐུགས་འདང་གནང་བ་ཨང་དང་བོར་བཞག་པ་ཡིན་ན། གལ་ཏེ་ཁོང་གིས་རྒྱལ་དབང་ལྔ་བ་དང་བླ་སློབ་ཀྱི་འབྲེལ་བ་བསྐྱངས་པ་ཡིན་ན། དེ་ལྟ་བུའི་རྟོག་བཏགས་མང་བོ་ཞིག་གིས་ངའི་ཀླད་པ་ཉོག་ཏུ་བཅུག་བྱུང༌།
བདག་བཀྲ་ཤིས་ལྷུན་པོར་མཇལ་ནས་དེར་འགྲོ་བསམ་དུས་གཞིས་ཀ་རྩེའི་སློབ་འབྲིང་གི་སློབ་མ་སྐོར་ཞིག་ལ་འཕྲད་བྱུང༌། ཁོ་ཚོས་ཁྱོད་སོང་ན་ནང་སྟོང་བ་ཡིན་པས་བལྟ་རྒྱུ་ཅང་མེད། དེ་རིག་གསར་སྐབས་གཏོར་བ་བསྐྱར་དུ་བཞེངས་པ་རེད་ཟེར།
འོན་ཀྱང་ངས་རྒྱང་རིང་ནས་པར་ཞིག་བརྒྱབས་ནས་ལོག་ཡོང་བ་ཡིན། བསྐྱར་དུ་བཞེངས་པའི་རྔམ་བརྗིད་ལྡན་པའི་རྫོང་མཁར་འདི་ད་དུང་འགྱིང་ནས་བསྡད་ཡོད། གལ་ཏེ་རྒྱུས་ཡོད་དག་གིས་བཤད་པ་མིན་ན་ནང་དུ་སྟོང་བ་སྟོང་རྐྱང་ཡིན་པ་ཇི་ལྟར་ཤེས་སམ། སྐབས་འདིར་བདག་ལ་དབང་མེད་དུ་ཕངས་སེམས་ཤིག་སྐྱེས་བྱུང༌།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com