འོང་སྟོད་ཞིང་ཁ།

རྩོམ་པ་པོ།:བསམ་ཤོད། ཡོང་ཁུངས།:《ལྷ་སའི་གནས་ཤུལ་ལོ་རྒྱུས་པདྨ་དགའ་ཚལ》ལས་དྲངས། དུས་ཚོད།:2014-10-29 10:12:00 ཀློག་གྲངས།:

  ལྷ་ས་བར་སྐོར་གྱི་ཤར་དུ་འོང་སྟོད་ཞིང་ཁ་ཟེར་བ་ཡོད་པ་ལས་སྔར་འདི་ཁུལ་འོང་ཀ་ཡིན་པར་གྲགས། རྗེས་དེ་ཁུལ་རྒྱབ་མདུན་ཚང་མ་གྲོང་ཁྱིམ་དང་ཁྲོམ་ར་མང་པོ་ཡོད་ལ། ནུབ་ཏུ་བོད་སྡོད་ཁ་ཆེའི་ཤ་ཁྲོམ་རྒྱབ་མདུན་གཉིས་ཀར་ལྟག་སྒོ་ཡོད་པ་ཞིག་དང་། ཤར་ལྷོའི་མཚམས་སུ་ཀརྨ་ཤག་ཟེར་བའི་ཁང་པ་ཁ་དོག་སེར་པོ་ཐོག་བརྩེགས་གསུམ་ལྡན་ཤག་འཁོར་ཐོག་གཉིས་མ་ཞིག་ཡོད་པ་འདིར་སྔར་ཀརྨ་སྐུ་ཕྲེང་འགའ་བཞུགས་མྱོང་བས་ཀརྨ་ཤག་ཅེས་འབོད། འདིར་གཙོ་བོ་ལྷ་ས་གཙུག་ལག་ཁང་གི་གནས་སྲུང་ཆོས་སྐྱོང་བྱ་ཁྲི་སྤྱན་གཅིག་ཁོག་ཞུགས་པའི་ལྕོག་དང་། འདུ་ཁང་། ཤག་འཁོར་བཅས་ཡོད། ཆོས་སྐྱོང་དེ་ཡུལ་དེ་གའི་ས་བདག་ཡིན་པས་ལྷ་ས་བ་ཡིན་ཕྱིན་ལྷ་དེ་གསོལ་དགོས་པའི་བརྗོད་སྲོལ་ཡོད། འདིར་གསོལ་མཆོད་བྱེད་མཁན་གཙོ་བོ་རགས་རྒྱབ་པ་དང(སྔར་ཁོ་ཚོར་མཐོང་ཆུང་གིས་ལྷ་སའི་ཆུ་རགས་རྒྱབ་ཏུ་སྡོད་དུས་རགས་རྒྱབ་པ་ཟེར)པིང་གཏོང་བ་སོགས་ཡིན་པར་མ་ཟད། ལོ་ལྟར་ཁོ་ཚོས་འཆམ་སོགས་རྒྱག་པའི་སྲོལ་ཡང་འདུག  དུས་རབས་ཉི་ཤུའི་ནང་ཀརྨ་ཤག་ཆོས་རྗེར་རིམ་པ་དྲུག་པའི་གོ་གནས་གནང་འདུག  ཡུན་རིང་ལྷ་ཁང་། འོང་སྟོད་ཞིང་ཁའི་ཤར་བྱང་དུ་ཡུན་རིང་ལྷ་ཁང་ཞེས་པ་དེ་ཡོད། ལྷ་ཁང་དེ་དུས་རབས་བཅོ་བརྒྱད་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་བཞེངས་པས་མིང་ལ་ཡང་ཡུན་རིང་ལྷ་ཁང་ཟེར། ལྷ་ཁང་དེའི་རྟེན་གཙོ་རྡོ་བརྐོས་ཀྱི་ཇོ་བོ་ཤཱཀྱ་མུ་ནེ་ཡིན། རྒྱལ་སྒོ་ཤར་ལྟ་ཡིན་པ། རྒྱ་ཆེན་པོ་མེད་པ། ལྷ་ཁང་ནང་དུ་བསྐོར་བ་འགྲོ་ས་ཡོད། རིག་གནས་གསར་བརྗེ་ཟེར་བའི་སྨྱོན་པའི་ཟློས་གར་འཁྲབ་སྐབས་ལྷ་ཁང་དེ་ཤུལ་མེད་རྩ་གཏོར་དུ་བཏང་། རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་དད་ལྡན་མང་ཚོགས་ཀྱིས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་དང་། སློབ་དཔོན་རིན་པོ་ཆེ་མཚོ་སྐྱེས་རྡོ་རྗེ། ཁྲོ་བོ་མི་གཡོ་བ། རྒྱལ་ཆེན་ཡུལ་འཁོར་སྲུང་ལ་སོགས་པ་བཙོག་གཅིན་གྱི་ཡུར་ཁེབས་སུ་བརྒྱབ་ཡོད་པ་ནས་ཡར་བཏོན་ཏེ་ཕོ་བྲང་པོ་ཏ་ལའི་ཤར་ངོས་ཁ་སྣ་གདོང་ལྷ་ཁང་དུ་བཞུགས་ཡོད་པར་གྲགས། ད་ལྟ་སྔར་གྱི་ལྷ་ཁང་ཡོད་སར་མང་ཚོགས་ཀྱི་སྡོད་ཁང་བཞི་ཐོག་ནར་མོ་ཞིག་བརྒྱབ་འདུག  ཤར་དུ་རྟ་ཁྲོམ་ཞེས་བྱ་བའི་ཁྲོམ་གཞུང་ཞིག་ཡོད།
  སྔར་བོད་ཀྱི་འགྲིམ་འགྲུལ་གཙོ་བོ་ནི་རྟ་དྲེལ་དང་བོང་བུ་སོགས་ལ་བརྟེན་དགོས་པས་རྟ་ཁྲོམ་ཟེར་བའི་ས་ཆ་དེར་ཞོགས་པ་རྟ་དྲེལ་དང་བོང་བུ་སོགས་ཀྱི་ཉོ་ཚོང་རྒྱག་མཁན་ཤིན་ཏུ་མང་བས་སྔ་དྲོའི་རིང་འཁྲུག་ཆ་ཆེན་པོ་ཡོད། གླིང་སྐོར་དང་བར་སྐོར། བོད་མི་རྣམས་ཀྱིས་གཙུག་ལག་ཁང་དུ་མཆོད་མཇལ་དང་སྦྲགས་མ་ཎི་ལག་སྐོར་དང་བཅས་བསྐོར་བ་བྱེད་པ་དང་། གཞུང་སྒོ་མར་འདོན་ནས་བར་སྐོར་དང་། རྩེ་ཕོ་བྲང་ལ་བསྐོར་བ་རྒྱག་པ་ལ་རྩེ་སྐོར། པོ་ཏ་ལ་དང་། ལྕགས་པོ་རི། བོང་བ་རི་བཅས་ལྷ་ས་ཡོངས་སུ་བསྐོར་བ་བྱེད་པ་ལ་གླིང་སྐོར་ཡང་ཟེར། གླིང་སྐོར་ལམ་དུ་སྐལ་བཟང་རྡོ་ཕུང་དང་། ཕྱག་འཚལ་རྡོ་ཕུང་། (ཚོད་ལྟའི་སློབ་ཆུང་རྒྱབ་ཏུ་ཡོད)དམག་ཟོར་རྡོ་ཕུང(བོད་དམག་ཁུལ་ཁང་གཞུང་སྒོའི་མདུན་དུ་ཡོད)ཞེས་པ་རྒྱལ་པོ་ལྷ་བཟང་ཁང་གིས་སྡེ་སྲིད་སངས་རྒྱ་མཚོའི་སྲས་གཞོན་པ་དམག་ཟོར་ཚེ་རིང་ས་འདིར་བཀྲོངས་པས་དྲན་གསོ་ལྟ་བུར་དམག་ཟོར་རྡོ་ཕུང་བཙུགས་ཡོད་པ་ལས་རྡོ་ཡིག་མཎྜལ་ཕུལ་བར་གྲགས། ལྕགས་པོ་རིའི་སྐོར་ལམ་གྱི་བྲག་ལ་སངས་རྒྱས་མི་འཁྲུགས་པའི་སྐུ་བརྙན་ཆེན་པོ་ཞིག་ཡོད་པའི་མཐའ་སྐོར་དུ་རྡོ་བརྐོས་སྐུ་བརྙན་ཚོན་གསོས་ཅན་མང་པོ་མཇལ་རྒྱུ་ཡོད། དེ་ནི་ཐོག་མར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས། དུས་རབས་བཅུ་བཞི་པའི་ནང་རྡོ་རིང་པཎྜི་ཏས་བཞེངས་པར་གྲགས། འདིར་རྡོ་བརྐོས་ཡི་གེ་ཤོ་ལོ་ཀ་གཅིག་ཡོད་པར་སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི་ཞེས་གསལ། ཐོག་མར་སྐུ་བརྙན་དང་རྡོ་གཡམ་སྟེང་ཆོས་ཀྱི་པུ་ཏི་མང་པོ་དེ་ཙམ་མེད་ཀྱང་། འདས་པའི་ལོ་ཟླའི་ནང་དད་ལྡན་སྐྱེ་བོ་དུ་མས་སྐུ་བརྙན་དང་རྡོ་གཡམ་སྟེང་ཆོས་ཀྱི་པུ་ཏི་མང་པོ་བརྐོས་ཤིང་ལྷག་པར་དུ་ལྕགས་པོ་རིའི་སྟེང་རྡོ་བརྐོས་བཀའ་འགྱུར་མཆོད་རྟེན་ངོ་མཚར་ཅན་འདི་ནི་རྒྱལ་སྲས་མཆོག་སྤྲུལ་འཇམ་དཔལ་སྨོན་ལམ་མམ་རྟོག་ལྡན་ཟླ་བ་མཆོག་གིས་བསྟན་འགྲོར་སྨན་པའི་ལྷག་བསམ་གྱི་མཐུ་ལས་སྤྱི་ལོ1995ལོ་སྟེ་བོད་རབ་བྱུང17ཤིང་ཕག་ས་ག་ཟླ་བའི་ཚེས10ཉིན་འགོ་བཙུགས། སྤྱི་ལོ2009ལོ་སྟེ་བོད་རབ་བྱུང17ས་ག་ཟླ་བའི་ཚེས10ཉིན་ལེགས་གྲུབ་ཟིན། རྡོ་བརྐོས་བཀའ་འགྱུར་དེ་ནི་ཤིན་ཏུ་བརྗིད་ཆགས་ལ་མི་རྣམས་ཀྱིས་མཇལ་མ་ཐག་ཧ་ལས་དགོས་པ་ཞིག་འདུག  དེ་ཡི་ཐད་ནས་དད་ལྡན་སྐྱེ་བོ་རྣམས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་མཚོན་ཐུབ། མཇུག་ཏུ་ཐུགས་སྨོན་བཟང་པོ་འདི་ལྟར་མཛད་འདུག
   མཐོང་གྲོལ་རྡོ་བརྐོས་བཀའ་འགྱུར་སྐྲུན་པའི་དགེས། །
   འཛམ་གླིང་འདི་མཚོན་མཁའ་ཁྱབ་འགྲོ་བ་ཀུན། །
   ཞི་བདེ་མཉམ་གནས་སྡེ་བཞིའི་དཔལ་གྱིས་ཕྱུག །
   མཐར་ཐུག་རྣམ་མཁྱེན་གོ་འཕང་མངོན་གྱུར་ཤོག  །

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།