མག་ལྕུག་བཅིངས་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-02-03 09:30:00 ཀློག་གྲངས།:

མག་ལྕུག་བཅིངས་བ།

     ཨ་ཞང་རྣམས་ཐབ་ཚང་དུ་སོང་ནས་ཤ་དང་གོ་རེ།  ཀ་ར་དང་སིལ་ཏོག་སྣ་ཚོགས་རི་བོའི་གཏོས་དང་མཉམ་པ་ཉམས་སུ་རོལ་བཞིན་མག་པ་ལ་མག་ལྕུག་བཅིངས་པའི་སྲོལ་འདུག
དེ་རིང་བཀྲ་ཤིས་ཉི་མ། 
དོན་འགྲུབ་པའི་ཉི་མ། 
རྟེན་འབྲེལ་འགྲིག་པའི་ཉི་མ།
བདུད་རྩི་སུམ་སྦྱོར་གྱི་ཉི་མ།
ཆུ་གཙང་བོ་ཟམ་པ་འཕེན་པའི་ཉི་མ།
བྲག་དམར་བོ་ཆོས་ཁྲི་བརྩིགས་པའི་ཉི་མ།
བདག་གཞི་མགྲོན་གཉེན་དོན་འགྲུབ་པའི་ཉི་མ།
ཕ་ཨ་ཁུ་གྲལ་ལ་ཚོགས་པའི་ཉི་མ།
སྟག་ཤར་བས་གོས་ཚར་གྱོན་པའི་ཉི་མ།
སྨན་བུ་མོས་གཡུ་བྱུར་འདོགས་པའི་ཉི་མ།
དེ་རིང་ནམ་ལངས་དང་བོ།
ཉི་ཤར་གྱི་རྩེ་མོ།
རྟེན་འབྲེལ་གྱི་མགོ་མ་འདིར།
སྐྱིད་ཀྱི་ལྷ་ཁྱིམ་གུར་ཁྱིམ་ནང་ནས།
ལུས་སྨྱུག་མ་འདྲ་བའི་མག་པ་ལ།
ལིང་དར་ཚོན་སྣ་ལྔའི་སྐ་རགས་བཅིངས། 
གནམ་སྔོན་པོ་འདྲ་བའི་ཨ་ཞང་གིས། །
འབྲུག་ལྗང་ལོ་འདྲ་བའི་མག་པ་ལ། །
འཇའ་སྣ་ལྔ་འདྲ་བའི་སྐ་རགས་བཅིང་། ། 
ས་དོག་མོ་འདྲ་བའི་ཨ་ཞང་གིས། །
སྟོད་རི་རབ་འདྲ་བའི་མག་པ་ལ། །
སྤྲིན་དཀར་བོ་འདྲ་བའི་སྐ་རགས་བཅིང་། ། 
རྫ་ཁྲ་ཡག་འདྲ་བའི་ཨ་ཞང་གིས། །
འབྲོང་བྲེ་སེར་འདྲ་བའི་མག་པ་ལ། །
སྤང་མེ་ཏོག་འདྲ་བའི་སྐ་རགས་བཅིང་། ། 
མཚོ་སྔོན་པོ་འདྲ་བའི་ཨ་ཞང་གིས། །
ཉ་གསེར་མིག་འདྲ་བའི་མག་པ་ལ། །
ཆབ་སྔོན་མོ་འདྲ་བའི་སྐ་རགས་བཅིང་། ། 
ནགས་རྒྱ་རྫོང་འདྲ་བའི་ཨ་ཞང་གིས། །
སྟག་དམར་ཡག་འདྲ་བའི་མག་པ་ལ། །
ཤིང་ཙན་དན་འདྲ་བའི་སྐ་རགས་བཅིང་། ། 
ཆུ་རྨ་ཆུ་འདྲ་བའི་ཨ་ཞང་གིས། །
བྱ་རྨ་བྱ་འདྲ་བའི་མག་པ་ལ། །
སྒྲོ་གུར་ཁྱིམ་འདྲ་བའི་སྐ་རགས་བཅིང་། ། 
སྐ་རགས་འདི་གཡས་ནས་གཡོན་ན་མདུད་ན།
སྟོད་རྒྱ་གར་རྒྱལ་བོའི་ཆོས་མདུད་ཡིན་ཟེར་གི །
བན་སེར་བོ་ཆོས་རྭ་འཚོགས་སྲོལ་ཡིན་ཟེར་གི །
འདི་གཡོན་ནས་བླངས་ཏེ་གཡས་ནས་མདུད་ན། །
སྨད་རྒྱ་ནག་རྒྱལ་བོའི་ཁྲིམས་མདུད་ཡིན་ཟེར་གི །
བུ་དཔའ་བོས་རལ་གྲི་འདོགས་སྲོལ་ཡིན་ཟེར་གི །
འདི་རྒྱབ་ནས་བླངས་ནས་སྔུན་ནས་མདུད་ནོ། །
ལྷ་སྒྲོལ་མ་སྔོན་མའི་ཚེ་མདུད་ཡིན་ཟེར་གི །
སྨན་བུ་མོའི་བྱུ་རུ་འདོགས་སྲོལ་ཡིན་ཟེར་གི །
འདི་སྔུན་ནས་བླངས་ནས་གཞུག་ནས་མདུད་ནོ། །
དར་སྲོལ་དར་གྱི་མདུད་པ་ཡིན་ཟེར་གི །
བོད་ཁ་བ་ཅན་གྱི་བཅིངས་སྲོལ་ཡིན་ནས་ཟེར་གི །
ངས་སྐ་རགས་འདི་ལ་བསྟོད་པ་ཞིག་བྱས་ན། །
འདི་རང་གའི་གོས་དང་འདྲ་ནི་མ་རེད། །
ལྷ་ཆེན་ཚངས་པ་དཀར་བོའི་ལྷ་དར་ཡིན། །
ཀླུ་རྒྱལ་གཙུག་ན་རིན་ཆེན་ཀླུ་དར་ཡིན། །
བོད་ཁ་བ་ཅན་གྱི་མཇལ་དར་ཡིན། །
དང་བོ་ལྷ་ཡུལ་ཁམས་ནས་འཐག་དུས། །
ཐགས་དཔོན་ཚངས་པ་དཀར་བོ་བྱས་ཟིག །
འཐག་མཁན་རྗེ་བཙུན་སྒྲོལ་མ་བྱས་ཟིག །
འཐག་རོགས་ལྷ་མོ་ཁྲི་འབུམ་བྱས་ཟིག །
འཐག་པ་གཡག་རྒོད་ངུར་ངུར་བྱས་ཟིག །
སྟེགས་མ་གློག་རྒོད་འཁྱུག་འཁྱུག་བྱས་ཟིག །
རྒྱུ་སྤུན་ལུ་གུ་རྩེད་རྩེད་བྱས་ཟིག །
ལྷ་མོ་བརྒྱ་ཡིས་འཁེལ་སྲོལ་ཡག་ཀི །
ཀླུ་མོ་བརྒྱ་ཡིས་བཀྲམ་སྲོལ་ཡག་ཀི །
དྲི་ཟ་བུ་མོས་འཐག་སྲོལ་ཡག་ཀི །
ཤིང་ཕང་ཙན་དན་དམར་བོ་བྱས་ཟིག །
ཕང་ལོ་གསེར་རྡོ་སེར་བོ་བྱས་ཟིག །
འཐག་ཆ་ཉི་ཟླ་ཁ་སྤྲོད་བྱས་ཟིག །
རྒྱུད་གསུམ་བལ་དཀར་ཁ་གྲིམ་ཡིན། །
འབྲི་ཐུལ་མ་བརྒྱ་ཡི་མཁལ་བལ་ཡིན། །
ལུག་འཚེར་དཀར་བརྒྱ་ཡི་སྐེ་བལ་ཡིན། །
འཇའ་ཚོན་སྣ་ལྔའི་ཐིག་ལེ་ཡོད། །
སྟོད་རྒྱ་གར་ཡུལ་གྱི་ནོམ་ཆེན་ཡིན། །
སྨད་རྒྱ་ནག་ཡུལ་གྱི་གོང་ཆེན་ཡིན། །
གངས་ཅན་བོད་ཀྱི་མིང་ཆེན་ཡིན། །
མ་བཅིངས་གོང་ལ་འོད་ཆེན་ཡིན། །
བཅིངས་གི་ནངས་མོ་མདོག་ཆེན་ཡིན། །
འདི་དེ་རིང་མག་ལོ་ཁྱོད་ལ་བཅིང་། ། 
བཅིངས་གའི་ཉིན་ནས་བཟུང་བ་ཡི། །
གཏམ་ཁ་ལྕེ་གློག་དམར་འཁྱུག་འཁྱུག་ཡིན། །
བློ་རིག་པ་རི་བོང་ལྡིང་ལྡིང་ཡིན། །
མཚན་སྙན་གྲགས་འབྲུག་སྒྲ་ལྡིར་ལྡིར་ཡིན། །
དཔའ་སྙིང་སྟོབས་རྒྱ་སྟག་ངར་ངར་ཡིན། །
ལས་བསོད་ནམས་ཆར་བ་འབབ་འབབ་ཡིན། །
ཁ་ལས་རླུང་རྟ་རྟ་རྒོད་རྒྱུག་རྒྱུག་ཡིན། །
རྒྱུ་ལོངས་སྤྱོད་ཁ་བ་འབབ་འབབ་ཡིན། །
དེ་རིང་གྲལ་མགོ་ཨ་ཁུ་སྨ་ར་ཅན་ཚོས། །
ཁྱོད་ལ་གཡང་ར་དང་ཚེ་ར་བྱིན་ནེ། །
གྲལ་སྐེད་སྟག་ཤར་གཞོན་ནུ་ཅན་ཚོས། །
ཁྱོད་ལ་དཔའ་སྟོབས་དང་སྙིང་སྟོབས་བྱིན་ནེ། །
གྲལ་རྔའི་མ་སྲུ་དུང་རལ་ཅན་ཚོས། །
ཁྱོད་ལ་ཁ་རྗེ་དང་དབང་ཐང་བྱིན་ནེ། །
     འོ།  བཀྲ་ཤིས།  བདེ་ལེགས།  ཁ་དྲོ། ཞེས་བདག་གཞི་མགྲོན་གཉིས་ཀ་དགའ་བ་འབུམ་གྱིས་མྱོས་ཏེ་གསོལ་ཚིགས་དང་གསོལ་ཆང་ཡིད་ཚིམ་པར་རོལ།  སྤྱིར་ཨ་ཞང་དང་གཉེན་ཚང་གཉིས་ཀས་མག་སྐག་བཅིངས་སྲོལ་འདུག་ཀྱང་མང་ཡུལ་ན་ཨ་ཞང་ཚང་ཁོ་ ན་མ་གཏོགས་གཉེན་ཚང་གིས་བཅིངས་སྲོལ་མི་འདུག  ཉིན་གཅིག་ལ་བརྩི་དགོས་ནོ་ཨ་ཞང་དང་ཚེ་གང་ལ་བརྩི་དགོས་ནོ་ཕ་མ་ཡིན་ཞེས་དཔེ་ལྟར་གཉེན་ཚང་གིས་ཉྭ་ཞུམ་ཞུམ་དང་མགོ་སྒུར་སྒུར་གྱིས་གུས་པ་ལྡན་པའི་ངང་ནས་ཨ་ཞང་རྣམས་ལ་འདྲེན་པ་བྱེད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།