མང་རྫོང་གི་འགོ་བའི་ལབ་ཙེ་མཚམས་སྦྱོར་མདོར་ཙམ་གནང་བ།
འགོ་བའི་ལབ་ཙེ་འདི་ནི་མགོ་མང་གྲོང་རྡལ་གྱི་ཤར་ལྷོའི་མཚམས་ཏེ་མང་སྟོད་དུ་ཡོད་ལ། རུ་སྔན་བློ་ཀྱཱ་སྡེ་བས་བསྟོད། ལབ་ཙེ་འདི་ཉིད་ཀྱི་བྱུང་རིམ་ནི། སྔོན་ཡུལ་འདིར་འགོ་བ་ཟེར་བའི་ཡུལ་དཔོན་ཞིག་གི་རུ་སྡེས་ཡུལ་འདི་བཟུང་ཡོད་པར་བཤད་ལ། སྐབས་དེར་རུ་སྔན་བློ་ཀྱཱར་ཁྱིམ་ཁ་བདུན་མཆིས་སྐད། མཚམས་ཤིག་ཏུ་འགོ་བའི་རུ་སྡེ་དེ་རྐྱེན་དབང་གིས་གནས་སྤོར་བྱེད་དགོས་པར། ཡུལ་དཔོན་འགོ་བ་ཟེར་བས། རུ་སྔན་བློ་ཀྱཱའི་དཔོན་པོ་ཕྱིེས་སུ་གནས་ཡུལ་དེ་ལ་མི་མང་སར་ཆགས་ནས་འགོ་བ་ཞེས་ཟེར། དེའི་རྗེས་སུ་དུས་རབས་མང་པོ་རིམ་གྱིས་འདས་ཤིང་། རུ་སྔན་བློ་ཀྱཱའི་མི་ཕྱུགས་སོགས་ཕྱོགས་གང་ཐད་ནས་འཕོ་འགྱུར་ཆེན་པོ་བྱུང་སྟེ། དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཙམ་ལ། བློ་ཀྱཱའི་མི་ནག་དང་བློ་ཀྱཱའི་སེང་ཆེན་ཁོ་རིང་ཞེས་སྙན་གྲགས་ཀྱི་གཡུ་འབྲུག་ཀུན་ཏུ་ལྡིར་བའི་མི་སྣ་དེ་གསུམ་གཙོ་བྱས། བློ་ཀྱཱའི་རུ་སྡེ་ཡོངས་ཀྱིས་མ་འགྲོས་གཅིག་མཐུན་གྱིས་ངང་ནས་འགོ་བ་རི་བོའི་ཉག་ཁར་ལབ་ཙེ་བརྩིགས་པར་བརྟེན། དཔལ་འབྱོར་གྱི་མངའ་ཐང་དབྱར་གྱི་མཚོ་མོ་ལྟར་རྒྱས་ཤིང་སྙན་གྲགས་ཀྱི་རྔ་སྒྲ་ཕྱོགས་བཅུའི་ཕ་མཐར་ལྡིར།
སྐབས་ཤིག་ཏུ་དམ་པ་གང་ཞིག་གིས་གསུང་སྒྲོས་སུ་ཁྱེད་རུ་སྔན་བློ་ཀྱཱའི་སྐྱེས་ལྷ་ཨ་མྱེས་བལ་བོ་ཡིན་པས། འགོ་བའི་ལབ་ཙེ་དེ་ཡང་ཨ་མྱེས་བལ་བོ་མཐོང་ས་ཞིག་ཏུ་བརྩིག་ན་ཧ་ཅང་བཟང་ཞེས་པ་ལྟར་དུ། རྟེན་འབྲེལ་གྱི་གནད་དེའི་དབང་གིས་བློ་ཀྱཱའི་འབྲུག་རྩེ་ཡིས་འགོ་བའི་ཉག་ཁའི་ལབ་ཙེ་དེ་ཉིད་འགོ་བའི་རི་རྩེར་གནས་སྤར་ཞིང་། གཞོམ་བཤིག་བྲལ་བའི་རྡོ་ཞིག་སྲོག་ཤིང་བྱས་ནས་ལབ་ཙེ་བརྩིགས་པར་བཤད། ཡང་ན་ལབ་ཙེ་དེ་གནས་སྤར་སྐབས་བློ་ཀྱཱའི་མི་བུ་རྩལ་བོ་ཆེ་ཞིག་གིས་ལབ་ཙེ་དེ་ལ་ཁྱེད་འདི་ནས་མ་བཞུགས་གན་ལ་འགྲོ་ཞེས་ལབ་ཙེ་ཕོ་བྲང་དང་བཅས་བཀྱགས་ནས་འགོ་བའི་ཉག་ཁ་ནས་འགོ་བའི་རི་རྩེ་བར་སོང་ནས་བཞག་ཅེས་བཤད་སྲོལ་ཞིག་ཀྱང་མཆིས་སོ།།
གོང་གི་བློ་ཀྱཱའི་འབྲུག་རྩེ་ཡིས་ལབ་ཙེ་གནས་སྤར་བའི་སྐབས་ནི་སྤྱི་ལོ1955ཡས་མས་ཤིག་ཡིན་པར་བཤད། སྤྱི་ལོ1958ལོ་དང་རིག་གནས་གསར་བརྗེ་ཡི་སྐབས་ཀྱི་རླུང་འཚུབ་ནག་པོའི་ཁྲོད་དུ་ཀུན་དང་མཐུན་པར་ལབ་ཙེ་འདི་ཡང་རྨང་མེད་དུ་གྱུར་སོང་། བསྟན་པ་ཡང་དར་གྱི་སྒོ་དང་བསྟུན་ནས་སྤྱི་ལོ1983ལོར་རུ་སྔན་བློ་ཀྱཱ་སྡེ་བའི་དད་ལྡན་ཕོ་མོ་ཡོངས་ཀྱིས་འདོད་མོས་ལྟར། མཐུ་ནུས་གནམ་ལྕགས་ཐོག་ལས་བཙན་པའི་སྨར་ཁམས་སྔགས་མང་གི་གྲལ་མགོ་འཛིན་པ་སྔགས་འཆང་ཆོས་འཛིན་ཞུས་ཏེ། འགོ་བའི་ལབ་ཙེ་སླར་གསོ་བྱས་ཀྱང་རྐྱེན་དུ་མའི་དབང་གིས་སྐབས་དེར་སྲོག་ཤིང་འཇོག་མ་ཐུབ། ཡིན་ན་ཡང་དེ་ནས་བཟུང་ལོ་བསྟར་ཆགས་སུ་བློ་ཀྱཱས་ལབ་ཙེ་དེར་ཁ་གསོས་དང་བཅས་མུ་མཐུད་དུ་བསྟད།
སྤྱི་ལོ2001ལོར་བློ་ཀྱཱའི་དཔའ་ཡེ་ཡིས་ཁ་འཛིན་མཛད་དེ། བློ་ཀྱཱའི་ཧྲུའུ་ཅི་གུ་རུ་རྒྱལ་དང་། སྡེ་དཔོན་ཀི་བྷོའུ། དཔོན་ཕྲུག་ལྕགས་བྱམས་རྒྱལ། གཡང་ལོ་རྒྱལ། དགོ་ལེ། ཀུན་བཟང་རྒྱལ། རྒྱ་མཚོ། ཚེ་ཕག ཐུན་པོ་སོགས་སྡེ་བའི་མགོ་ཁྲིད་དང་། རྒན་གྲོས་རྣམས་ཁ་འཆམ་ནས་འགོ་བའི་ལབ་ཙེ་སྲོག་ཤིང་དང་བཅས་ཡང་བསྐྱར་བརྩིག་པའི་ལས་ལ་ཕྱོགས་ཏེ་སྨར་ཁམས་ཀྱི་སྔགས་འཆང་བློ་རྒྱམ་མམ་བན་པོ་དང་། བློ་ཀྱཱའི་ཚ་བོ་སྨར་ཁམས་ཀྱི་དགེ་སློང་བློ་བཟང་འཕྲིན་ལས་གཉིས་ཞུས་ཏེ་ལབ་ཙེ་བརྩིག་པའི་རྒྱུ་ཆ་ཚང་མ་ཚགས་སུ་ཆུད་པ་བྱས་ཏེ། ལྷ་རྟེན་བརྩིག་ཚུལ་གྱི་ཆོ་ག་དགེ་ལེགས་དཔལ་སྟེར་དང་། ལྷ་ཐོ་བརྩིག་ཚུལ་དངོས་གྲུབ་གཏེར་མཛོད། ལྷ་ཐོ་བརྩིག་ཚུལ་དངོས་གྲུབ་གཏེར་མཛོད་ཀྱི་ལྷན་ཐབས་སོགས་ལབ་ཙེ་བརྩིག་ཚུལ་གྱི་གཞུང་གཏེར་བུམ་གཏེར་རྫས། ཡང་ན་ཤིང་ལས་ཚོན་ལས་སོགས་ཚུལ་དང་ལྡན་པའི་སྒོ་ནས་ལེགས་འགྲུབ་ཡང་དག་པ་བྱུང་རྗེས། ལོ་དེའི་ཟླ6པའི་ཚེས15ཉིན་ལབ་ཙེ་བརྩིགས་ནས་ལབ་ཙེ་མཆོད་ཆོག་མདོར་བསྡུས་གཡང་འཁྱིལ་དུང་སྒྲ་ལྟར་མགོ་མཇུག་ཆ་ཚང་གིས་དཔང་བསྟོད་རབ་གནས་དང་བཅས་ལེགས་འགྲུབ་བྱུང་བའོ།།
ལབ་ཙེ་བརྩིགས་ཚུལ་གྱི་གཞུང་ལུགས་རྣམས་ལས་གསུང་བ་ཇི་བཞིན་འགོ་བའི་ལབ་ཙེ་ཡི་མཚན་ལ་འགོ་བའི་ལབ་ཙེ་བཀྲ་ཤིས་དོན་འགྲུབ་ཅེས་མཚན་གསོལ་ཏེ་བསང་མཆོད་བྱས་པ་དང་། རླུང་རྟ་སྤུར་བ་སོགས་ཀི་སྒྲ་དང་བསྭོ་སྒྲའི་ཀློང་ནས་ཆོས་སྟོན་ཡང་གང་འཚམས་བྱས་སོ།།
དེ་ནས་བཟུང་ལོ་རྒྱུན་ཆགས་སུ་ཧོར་ཟླ6པའི་ཚེས15ཉིན་བློ་ཀྱཱ་སྡེ་ཡོངས་ནས་གཅིག་མཐུན་གྱིས་འགོ་བའི་ལབ་ཙེ་བཀྲ་ཤིས་དོན་འགྲུབ་བསྟོད་པ་དང་། བསང་གཏོང་བ། རླུང་རྟ་སྤུར་བ་སོགས་བྱས་ཏེ་བོད་གངས་ཅན་གྱིས་མཚོན་པའི་འགྲོ་བ་སེམས་ཅན་ཡོངས་ལ་ནད་མུག་འཁྲུག་རྩོད་མེད་པ། བདེ་སྐྱིད་ལེགས་ཚོགས་འབྱུང་བ་དང་། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ནང་སྒོས་ཞྭ་སེར་དྲི་མེད་ཀྱི་རང་ལུགས་འདི་དར་ཞིང་ཁྱབ་ལ་ཡུན་དུ་གནས་པ། དེ་འཛིན་སྐྱེས་བུ་དམ་པ་དག་གི་ཞབས་པད་རྟག་བརྟན་ཡུན་གནས་འགྲོ་དོན་འཕེལ་བ། ཡང་སྒོས་བློ་ཀྱཱ་སྡེ་བའི་བཙན་གྱི་རྩེ་མོ་དགུང་ལ་མཉམ་པ། ཕྱུགས་ཀྱི་འཕེལ་ཁ་ཐང་ལ་བརྡལ་བ་སོགས་རང་རང་གི་འདོད་དོན་གྱི་འཕྲིན་བཅོལ་བྱེད་ཀྱིན་ཡོད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com