ཀོང་པོའི་ལོ་གསར།
བོད་ལྗོངས་ཀོང་པོའི་ཡུལ་དུ་བོད་ཀྱི་ལོ་གསར་སྔ་གཏོང་བྱེད་སྲོལ་ཡོད་དེ། སྟོན་དགུན་གཉིས་ཀྱི་མཚམས་ཏེ་བོད་ཟླ་བཅུ་བའི་ཚེས་གཅིག་ལ་ལོ་སར་བ་ཡིན། དེ་ནི་བོད་ལྗོངས་ཀྱི་ལོ་གསར་སྔ་ཤོས་ཡིན་པ་དང་། ལོ་མང་པོའི་ཡར་སྔོན་དུ་ཀོང་པོ་ས་ཁུལ་གྱི་ལོ་གསར་ནི་བོད་ལྗོངས་ཀྱི་ས་ཆ་གཞན་པ་དང་གཅིག་མཚུངས་སུ་བོད་ཟླ་དང་པོའི་ཚེས་གཅིག་ཉིན་གཏོང་བ་རེད། ཀོང་པོའི་ལོ་སར་སྐབས་སུ་ཁྱི་ལ་གསོལ་སྟོན་བཤམས་པ་དང་འདྲེ་བདའ་བ། ཞིང་ལྷ་གསོལ་བ་དང་བསང་མཆོད་འབུལ་བ། རྟ་རྒྱུག་མདའ་འཕེན། འཇུ་རེས་སྦེ་ག གྲིའི་རྣོ་ཆོད་དང་ཤེད་རྡོ་འགྲན་པ། གླུ་གཞས་གཏོང་བ་སོགས་སྲོལ་ལུགས་དང་རྩེད་མོ་སྣ་ཚོགས་ཡོད།
བཤད་རྒྱུན་དུ་སྔོན་ཆད་ཀོང་པོའི་ཡུལ་ནས་ཀྱང་བོད་རིགས་ས་ཁུལ་སྤྱི་དང་འདྲ་བར་བོད་ཟླ་དང་བོའི་ཚེས་གཅིག་ལ་ལོ་གསར་མཉམ་དུ་རོལ་བ་ཡིན་མོད། ཧོར་གྱི་དམག་དཔུང་གི་བཙན་འཛུལ་བཟློག་ཆེད་ཀོང་པོ་ཨ་རྒྱལ་རྒྱལ་པོའི་སྐབས་སུ། ས་དེའི་མང་ཚོགས་ཀྱི་འདོད་བློ་དང་བསྟུན་ནས་བོད་ཟླ་བཅུ་བའི་ཚེས་གཅིག་ལ་དགོས་དབང་གིས་ལོ་གསར་སྔ་སྣུར་གྱིས་རོལ་བ་ལ་ད་ལྟ་ཡང་དེར་དྲན་གསོ་བྱས་ནས་ལོ་རེ་བཞིན་བོད་ཟླ་བཅུ་བའི་ཚེས་གཅིག་ལ་སླེབ་དུས། ས་གནས་གཞན་དང་མི་འདྲ་བར་གནམ་ལོ་གསར་བའི་དགའ་སྟོན་ལ་རོལ་བའི་གོམས་སྲོལ་འདི་བྱུང་བ་ཡིན་ཟེར། དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན་བོད་ལྗོངས་ཀོང་པོའི་ཡུལ་དུ་བོད་ཀྱི་ལོ་གསར་སྔ་གཏོང་བྱེད་སྲོལ་བྱུང་ནས་ད་ལྟའི་བར་མི་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་བཤད།
ཀོང་པོ་ཟེར་བ་ནི་ལོ་རྒྱུས་སྨྲ་བ་ཚོས་བཤད་ན་ད་ལྟའི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཉིང་ཁྲི་རྫོང་དང་སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་བཅས་ཀྱི་ས་ཁོངས་ཏེ། མྱང་ཆུ་གཙང་བོའི་སྨད་རྒྱུད་དང་ཡར་ཀླུང་གཙང་བོའི་འདུས་མདོའི་བར་དུ་གནས་པའི་གྲོང་སྡེ་ཐམས་ཅད་དང་ཡུལ་ཁམས་སྤྱིའི་མིང་ཡིན་ལ། ས་ཕྱོགས་དེར་མི་རྣམས་ཀྱི་ལོ་གསར་རོལ་སྟངས་དང་རྒྱན་གོས་ཆ་ལུགས། ཐོན་སྐྱེད་འཚོ་བའི་གོམས་གཤིས་སོགས་བོད་ཁུལ་སྤྱི་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ངོ་མཚར་བ་མང་བོ་མཆིས།
ཀོང་པོའི་ལོ་གསར་གྱི་སྔ་གཞུག་ཏུ་ཁྱི་ལ་གསོལ་སྟོན་བཤམས་པ་དང་འདྲེ་བདའ་བ། ཞིང་ལྷ་གསོལ་བ་དང་བསང་མཆོད་འབུལ་བ་སོགས་ཀྱི་དཔེ་སྲོལ་ཐུན་མོང་མ་ཡིན་པ་ཡོད་པར་མ་ཟད། བཅུ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་རིག་གནས་རོལ་རྩེད་ཀྱི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་བསྟན་རྒྱུ་ཡོད་དེ། ཉིན་དཀར་སྐྱེས་པ་རྣམས་རྟ་རྒྱུག་མདའ་འཕེན་དང་འཇུ་རེས་སྦེ་ག གྲིའི་རྣོ་ཆོད་དང་ཤེད་རྡོ་འགྲན་པ་སོགས་འགྲན་བསྡུར་སྣ་ཚོགས་ལ་ཞུགས་པ་དང་། བུད་མེད་རྣམས་ཀྱིས་རྟེན་འབྲེལ་གྱི་མཆོད་ཆང་འགྱོགས་པ་དང་གླུ་གཞས་གཏོང་བ། ཁ་བཏགས་སྒྲོན་པ་སོགས་ཀྱི་ཞབས་ཞུའི་ལས་ཀ་བྱེད་པའི་དུས་མཚུངས་སུ་མཉམ་འཛོམས་ཀྱིས་དགའ་སྟོན་རྩེད་འཇོར་རོལ་བ་ཡིན། མཚན་མོར་རྒྱུན་ལྡན་གྱི་སྤྱི་པའི་འདུ་འཛོམས་ར་བའམ་ཐང་ཆེན་དུ་མེ་སྒོང་བརྒྱབ་སྟེ་ཡིད་དབང་འཕྲོག་པའི་སྐོར་བྲོ་འཁྲབ་སྲོལ་ཡོད་ཅིང་། བྲོ་འཁྲབ་པར་ཡོང་མཁན་ཚོས་ཟངས་མདོང་ནས་ཆང་འཐུང་ཞོར་མེ་ཕུང་ལ་སྐོར་བ་རྒྱག་བཞིན་ནམ་གུང་བར་དུ་རྩེད་འཇོར་གཡེང་བ་དང་། སྐབས་འགར་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་ཏེ་ཕྱི་ཉིན་ནམ་གསལ་རག་བར་དུ་རྩེ་བ་དང་། ཐ་ན་ཉིན་མཚན་ཁ་ཤས་ལ་མུ་སྦྲེལ་ནས་འཁྲབ་སྲོལ་ཡང་ཡོད་ཟེར། ལོ་གསར་མཇུག་འགྲིལ་མཚམས་སུ་ལོ་གསར་གྱི་བྲོ་འཁྲབ་པ་ཕུལ་དུ་བྱུང་བའི་བྲོ་རྩེ་བ་རྣམས་ལ་ཁྱིམ་ཚང་སོ་སོས་རང་འགུལ་གྱིས་ཤ་མར་འབྲུ་ཆུར་སོགས་ཀྱི་གསོལ་རས་དགའ་རྟགས་གནང་བ་དང་། ཁ་བཏགས་ཨ་ཤེ་བསྒྲོན་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ལོ་རྗེས་མར་མུ་མཐུད་དུ་བཟང་ཐོག་བཟང་བརྩེགས་བྱ་བའི་སྨོན་འདུན་དང་བཅས་ལོ་གསར་གྱི་བྱེད་སྒོ་ཡོངས་སུ་མཇུག་རྫོགས་པའི་ཁྱབ་བསྒྲགས་བྱེད་སྲོལ་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com