རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་བཞི་བ་དངོས་སུ་མགོ་བརྩམས།
རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་བཞི་བ་དངོས་སུ་མགོ་བརྩམས།
སྤྱི་ཟླ7པའི་ཚེས4ཉིན་གྱི་སྔ་དྲོའི་དུས་ཚོད10:00ཡི་སྟེང་། རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་བཞི་བ་དེ་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ལིག་ཧོས་དང་ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཞྭ་ཧུང་མེན་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་འཐུས་ཚབ་པ་ཝང་ཝེ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་འཐུས་ཚབ་པ་ཝུའུ་པའོ་ཨན། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཝང་ཙི་ཡུན། ཀྲུང་གོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས་ཀྱི་འཐུས་ཚབ་པ་ལིས་ཆིན་ཝུན། ཀྲུང་གོ་ལྗང་སྒྱུར་ཐེབས་རྩ་ཚོགས་པའི་འཐུས་ཚབ་པ་གཞོན་པ་ཁྲིན་ཕིན་སོགས་ཐེངས་འདིའི་མགོ་རྩོམ་མཛད་སྒོའི་སྟེང་ཞུགས། ཧའོ་ཕིན་དང་ཝང་ཅན་ཅོན། ཝང་ཞའོ། ཀྲང་ཞི་མེན། ཝང་ཡུས་པོ། སུའུ་ཉིན། ཀའོ་ཧྭ། ཧན་ཅན་ཧྭ། ཝང་ཞའོ་ཆིན། ངག་དབང་བསོད་ནམས། ཡང་ཞུང་ཨེ་སོགས་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཀྱང་ཐེངས་འདིའི་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་པར་མ་ཟད། ཧའོ་ཕིན་དང་ཝང་ཝེ། ཝུའུ་པའོ་ཨན་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ།
རྒྱལ་སྤྱིའི་ལྕགས་རྟ་ལས་འགུལ་མནའ་འབྲེལ་གྱི་ཀྲུའུ་ཞི་པུའུ་ལེ་ཨིན•ཁུའུ་ཁུ་སིན་གྱིས་ཐེངས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་མགོ་རྩོམ་མཛད་སྒོར་ཤིས་ཚིག་བསྐུར།
ཚེས་ལྔ་ཉིན་ནས་བཟུང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་ལྕགས་རྟ་རུ་ཁག་ཉེར་གཉིས་ཀྱི་ལུས་རྩལ་པ་བརྒྱ་དང་ལྔ་བཅུ་ང་གསུམ་གྱིས་འགྲན་རིམ་མི་འདྲ་བ་ཁག་བཅུ་གསུམ་ནས་འགྲན་སྡུར་བྱེད་རྒྱུ་རེད།
མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་རྩོམ་མཛད་སྒོའི་སྟེང་དུ་ཤིས་ཚིག་ཕུལ། ཧའོ་ཕིན་གྱིས་བཤད་རྒྱུར། དུས་ཡུན་ལོ་ངོ་བཅུ་བཞིའི་རིང་ལ་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྤེལ་བ་བརྒྱུད་དེ། མཚོ་སྔོན་གྱི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་རྒྱལ་སྤྱི་ཅན་ལ་ཕྱོགས་བཞིན་ཡོད་པ་དང་། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་མཚོན་ཐུབ་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱ་ལམ་ལྕགས་རྟ་འགྲན་རྒྱུག་གི་བྱ་འགུལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ལྕགས་རྟ་འགྲན་རྒྱུག་ལ་དགའ་བའི་ལུས་རྩལ་པ་རྣམས་ཀྱིས་དགའ་གུས་ཚད་མེད་བྱེད་པའི་མཛའ་མཐུན་གྱི་ཟམ་པ་ལྟ་བུར་གྱུར་ཡོད་ལ། ད་ཆ་མཚོ་སྔོན་ལྕགས་རྟ་འགྲན་རྒྱུག་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་རེ་འདུན་དྲོན་མོ་ཅིག་ཅར་མཚོན་ཐུབ་པའི་དུས་ཆེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁྱད་པར་དུ་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་བ་སྤེལ་བ་ནས་བཟུང་། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་ལས་འགུལ་ནི་མཚོ་སྔོན་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ལྗོངས་གསུམ་ཀའི་ཐུན་མོང་གི་བྱ་འགུལ་ཆེ་གྲས་ཤིག་ཏུ་གྱུར་ཡོད། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་འཐབ་ཇུས་སྔར་ལས་ལག་བསྟར་གཏིང་ཟབ་བྱས་པའི་གོམ་འགྲོས་དང་བསྟུན་ནས། རྒྱལ་ཁབ་ལུས་རྩལ་ལས་དོན་བཅོས་སྒྱུར་བྱ་བ་ཤུགས་ཆེར་སྤེལ་བར་བརྟེན། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ལ་སྔར་མེད་ཀྱི་གསོན་ཤུགས་གསར་བ་རྒྱས་ཡོད་ཟེར།
ཧའོ་ཕིན་གྱིས་མུ་མཐུད་ནས་བཤད་རྒྱུར། ཐེངས་འདིའི་འགྲན་སྡུར་ལ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་ལྕགས་རྟ་རུ་ཁག་ཉེར་གཉིས་ཀྱི་ལུས་རྩལ་པ་བརྒྱ་དང་ལྔ་བཅུ་ང་གསུམ་གྱིས་ཞི་བདེ་དང་མཛའ་བརྩེ། འཕེལ་རྒྱས་བཅས་ཀྱི་རེ་སྨོན་སྙིང་ལ་དམ་པོར་ཉར་བ་དང་། མགྱོགས་དྲག་མཐོ་གསུམ་གྱི་ཨོ་ལིན་ཕིས་ཁིའི་སྙིང་སྟོབས་ཡིད་ལ་བཅངས་ནས། འཛམ་གླིང་མི་དམངས་ལ་འགྲན་རྒྱུག་གི་ལྟད་མོ་ངོ་མཚར་དང་ལྡན་པ་ཞིག་སྟོན་རྒྱུ་ཡིན་པས། ང་ཚོས་ན་གཞོན་གྱི་གསོན་ཤུགས་ཀྱིས་བཏེགས་པའི་ལྕགས་རྟ་འགྲན་རྒྱུག་ལ་རེ་སྒུག་བྱེད་ངེས་ཡིན་ཟེར།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ལྕགས་རྟ་འགྲན་རྒྱུག་ལས་འགུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ཝེ་ཡིས་བཤད་རྒྱུར། ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དེ། ཞིང་ལྗོངས་གསུམ་གྱི་མངའ་ཁོངས་ནས་སྤེལ་བ་མངོན་དུ་གྱུར་ལ། ལྕགས་རྟ་འགྲན་རིམ་སོ་སོའི་ས་ཁོངས་ཀྱི་རི་ཆུ་ནགས་གསུམ་མཛེས་ཤིང་། རིག་གནས་ཀྱི་ནང་རྫོངས་མཐུག་པ། འགྲན་རིམ་ཁག་གི་རྒྱ་ལམ་ཇུས་འགོད་བྱ་བ་ཚགས་སུ་ཆུད་ཡོད་པས། འགྲན་རིམ་ཧྲིལ་བོར་ས་བབ་མཐོ་ལ་བར་ཐག་རིང་བ། ཤུགས་རྐྱེན་ཆེ་བ། འགྲན་རྩོད་ཤུགས་དྲག་པ། གནམ་གཤིས་ཀྱི་འགྱུར་བག་རྒོད་པ་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་ཡོད། ལྗང་སྒྱུར་དང་མི་ཆོས། འཆམ་མཐུན་བཅས་ཀྱི་བརྗོད་དོན་གཙོར་བཟུང་ནས་སྤེལ་བ་ཡིན་པས། ས་ཁོངས་ཁག་ཕན་ཚུན་བར་རོགས་རེས་མཉམ་ལས་དང་། མཐུན་སྦྱོར་འཕེལ་རྒྱས་ཡོང་བར་བྱེད་ནུས་མི་དམན་པ་བཏོན་དང་འདོན་བཞིན་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལྕགས་རྟ་འགྲན་རྒྱུག་ནི་ཟླ7པའི་ཚེས5ཉིན་ནས་བཟུང་ཚེས18ཉིན་བར་སྤེལ་རྒྱུ་ཡིན་པ་དང་། མཚོ་སྔོན་དང་ཀན་སུའུ། ཉིན་ཞྭ་བཅས་ཞིང་ལྗོངས་གསུམ་གྱི་མངའ་ཁོངས་ནས་སྤེལ་རྒྱུ་རེད། ཁྱོན་བསྡོམས་དུས་ཡུན་ཉིན་བཅུ་བཞིའི་རིང་ལ་འགྲན་སྡུར་སྤེལ་རྒྱུ་ཡིན་པ་དང་། འགྲན་རིམ་ཁག་བཅུ་གསུམ་ལ་བགོས་ཡོད་ཅིང་། འགྲན་རྒྱུག་ལམ་ཐག་སྤྱིའི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་དགུ་བརྒྱ་གྱ་བདུན་ཡོད་ལ། དེའི་ཁྲོད་འགྲན་རྒྱུག་ལམ་ཐག་དངོས་ཀྱི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་ཞེ་དྲུག་ཡོད་པར་མ་ཟད། གྲོང་ཁྱེར་བདུན་དང་ཁུལ་གསུམ། རྫོང་བཅོ་ལྔ་བཅས་ཀྱི་ལམ་ཐིག་བརྒྱུད་དེ་འགྲན་སྡུར་བྱེད་རྒྱུ་རེད།
འགྲན་རིམ་ཁག་བཅུ་གསུམ་ནི་སོ་སོར། ཟི་ལིང་ལ་སྐོར་བ་ཧྲིལ་བོ་གཅིག་རྒྱག་པ་དང་། སྟོད་པ་ནས་ཏ་ཐུང་བར་དང་། ཟི་ལིང་ནས་མཚོ་སྔོན་པོ་བར་། མཚོ་སྔོན་པོ་ནས་རྐང་ཚ་བར། ནུབ་མཚོ་གྲོང་རྡལ་ནས་གུང་ཧོ་བར། གུང་ཧོ་ནས་ཁྲི་ཀའི་བར། ཁྲི་ཀ་ནས་ཞོན་ཧྭ་བར། ཞོན་ཧྭ་ནས་ཀ་ཆུ་བར། ཀ་ཆུ་ནས་ཏེན་ཞི་བར། ཐེན་ཧྲོས་ལ་སྐོར་བ་ཧྲིལ་བོ་གཅིག་རྒྱག་པ། ཐེན་ཧྲོས་ནས་ཕེན་ལེང་བར། ཀྲུང་ཝེ་ལ་སྐོར་བ་ཧྲིལ་བོ་གཅིག་རྒྱག་པ། ཡུན་ཁྲོན་འགྲན་རིམ་བཅས་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com