ཐེམ་ཆེན་རྫོང་གིས་འབྲོག་པའི་ལུས་རྩལ་འགྲན་བསྡུར་སྐབས་གཉིས་པ་བསྡུས་པ།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-04-22 10:18:00 ཀློག་གྲངས།:

     ཀྲུང་གོ་གསར་བ་དབུས་བརྙེས་ནས་ལོ་འཁོར70དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ་འཁོར70ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་དུ། ཟླ4བའི་ཚེས16ཉིན་ནས་ཚེས18བར། ཐེམ་ཆེན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུའུ་དང་རྫོང་ལུས་རྩལ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་ཐེམ་ཆེན་རྫོང་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མའི་འབྲོག་པའི་ལུས་རྩལ་འགྲན་ཚོགས་བསྡུས། མཛད་སྒོའི་སྟེང་རྫོང་ཨུ་དང་རྫོང་དམངས་ཆེན། རྫོང་སྲིད་གྲོས། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུའུ་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རྫོང་ལུས་རྩལ་ལྷན་ཚོགས་པའི་འགན་ཁུར་པ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་ལུས་རྩལ་པ་སོགས་ཞུགས།

     ཐེངས་འདིའི་ལུས་རྩལ་འགྲན་བསྡུར་ལ་གླང་ཆེན་ས་གཤགས་དང་ཐག་འཐེན། ས་འཇོག བོད་འཇུ་བཅས་ཀྱི་རྣམ་གྲངས་འདུ་ལ་ཤན་འབྱེད་མཁན་པས་དྲང་མོ་དྲང་བཞག་ཤན་འབྱེད་བྱས་ལ་ལུས་རྩལ་པ་ཡོངས་ཀྱིས་མཐུན་སྒྲིལ་གཙོ་བོ་དང་འགྲན་བསྡུར་ཕལ་བ་ཡིན་པའི་ལུས་རྩལ་གྱི་འདུ་ཤེས་བཟུང་དེ་འགྲན་བསྡུར་བྱས་པས་ཉིན་གསུམ་རིང་གི་འགྲན་བསྡུར་རྒྱལ་ཁའི་ངང་མཇུག་བསྡུས་ལ་འགྲན་ཞུགས་པ་མི་བརྒྱ་དང་སུམ་ཅུ་ལྷག་ལ་རྒྱལ་ཁའི་བྱ་དགའ་ཐོབ།

     ཐེངས་འདིའི་འགན་སྒྲུབ་ལས་ཁུངས་རྫོང་ལུས་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱ་མཚོ་ཡིས་བཤད་རྒྱུར། "ཐེངས་འདིའི་བྱ་འགུལ་འདི་ནི་ཀྲུང་གོ་གསར་བ་དབུས་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་བརྗོད་བྱ་བྱས་པ་ཞིག་ཡིན་ལ་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་རིག་གནས་ལུས་རྩལ་ཅུའུ་དང་ངེད་ལྷན་ཚོགས་གཉིས་ཀྱིས་སྒོར་ཁྲི4ལྷག་བཏང་ནས་བསྒྲུབས་པ་ཞིག་ཡིན། གྲ་སྒྲིག་གི་ཕྱོགས་ནས་ཀྱང་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་ལ་བརྡ་བཏང་ནས་འགྲན་ཞུགས་པ་རྩ་འཛུགས་ཀྱིས་ཞུགས་སུ་བཅུག་ཡོད་ལ་ངེད་ལྷན་ཚོགས་ཀྱིས་འགྲན་བསྡུར་འདིའི་མགོ་མཇུག་བར་གསུམ་ལ་འགན་འཁུར་བྱས་ཡོད། རྗེས་མར་ཡང་ང་ཚོའི་མུ་མཐུད་དུ་ཏང་གི་འགོ་ཁྲིད་འོག་འདི་ལྟ་བུའི་ལུས་རྩལ་འགྲན་བསྡུར་རབ་དང་རིམ་པ་སྤེལ་ནས་རང་ས་གནས་ཀྱི་མང་ཚོགས་ཡོངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་དམིགས་འབེན་ཡོད་ཟེར།"

     སེང་གེ་ཞང་ལུས་རྩལ་རུ་ཁག་གི་འགན་ཁུར་པ་དཔལ་ཆེན་རྒྱལ་གྱིས་བཤད་རྒྱུར། " ཐེངས་འདིར་ང་ཚོ་ཞང་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་རུ་ཁག་གི་འགོ་ཁྲིད་ཀྱིས་རྩ་འཛུགས་བྱས་ནས་ཡོང་བ་ཡིན་ལ་རང་འགྲན་བསྡུར་རུ་ཁག་ལ་མཚོན་ན་འགྲན་བསྡུར་ཁྲོད་གྲུབ་འབྲས་དེ་འདྲ་བཟང་བོ་མིན་ཡང་ཐེངས་འདིའི་བྱ་འགུལ་གྱི་འགན་སྒྲུབ་ལས་ཁུངས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་དམངས་སྲོལ་ལུས་རྩལ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བཞིན་ཡོད་པས་ཧ་ཅང་དགའ་ཡོད། ང་ཚོ་འགྲན་བསྡུར་རུ་ཁག་གིས་ཐེངས་འདིའི་འགྲན་བསྡུར་བྱས་པ་བརྒྱུད་ཉམས་མྱོང་མི་ཉུང་བ་ཞིག་ལོན་སོང་བ་མ་ཟད་རྗེས་ཕྱོགས་འགྲན་བསྡུར་འདི་འདྲ་ཞུགས་པར་སྙིང་སྟོབས་དང་སྤོབས་པ་བསྩལ་སོང་བས་ད་དུང་མུ་མཐུད་དུ་ཤུ་རེ་བགྱི་རྒྱུ་ཡིན་ཟེར། "

     འགྲན་ཞུགས་པ་མ་ཎི་འབུམ་གྱིས་བཤད་རྒྱུར། " ཐེངས་འདིར་ང་རང་ལ་མཚོན་ན་གླང་ཆེན་ས་གཤགས་ཀྱི་འགྲན་བསྡུར་ལས་ཨང་དང་པོ་ཐོབ་པས་ཧ་ཅང་དགའ་ཡོད། ང་རང་ལ་མཚོན་ན་ཞིང་ཆེན་དང་ཁུལ་རིམ་པ་ཡི་འགྲན་བསྡུར་ལ་ཐེངས་གང་མང་ཞུགས་མྱོང་ལ་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་དོན་ནི་གཅིག་ནས་རང་ཉིད་ཀྱི་དགའ་ཕྱོགས་ཡིན་ལ་གཉིས་ནས་བོད་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་འདི་མ་ཉམས་དར་སྤེལ་དང་ཕྱི་རབས་པར་བག་ཆགས་རེ་འཇོག་ཨེ་ཐུབ་འདོད་པ་ཡིན། དེ་བས། རང་རྫོང་གིས་ཀྱང་མུ་མཐུད་དུ་དམངས་སྲོལ་ལུས་རྩལ་འགྲན་བསྡུར་འདི་འདྲ་སྤེལ་ནས་ཚང་མས་ཕན་ཚུན་ལ་སློབ་སྦྱོང་དང་སྲོལ་རྒྱུན་ལུས་རྩལ་ཕྱོགས་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་ན་ཧ་ཅང་ལེགས་པར་སྙམ་ཟེར། "

     ཐེམ་ཆེན་རྫོང་གི་ཁྱིམ་མཚེས་མདོ་ལ་རྫོང་གི་འགྲན་ཞུགས་པ་གསང་བདག་རྡོ་རྗེ་ཡིས་བཤད་རྒྱུར། " ང་རང་ཆེད་དུ་མདོ་ལ་ནས་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པར་ཡོང་བ་ཡིན་ལ། འགྲན་བསྡུར་ལ་ཞུགས་ནས་བག་ཆགས་ཞིག་ཡོད་པ་ནི་འགྲན་བསྡུར་གྱི་རྣམ་གྲངས་ཧ་ཅང་ཕུན་སུམ་ཚོགས་ལ་འགྲན་བསྡུར་གྱི་ཕྱོགས་ནས་ཚད་ལྡན་དང་དྲང་བདེན་རེད། རང་ཉིད་ལའང་མཚོན་ན་སྔོན་ཆད་ཡང་འགྲན་བསྡུར་འདི་འདྲ་མང་པོར་ཞུགས་མྱོང་ལ་ཐེངས་འདིར་གཅིག་ནས་རྒྱབ་སྐྱོར་ཞིག་གི་ཚུལ་དང་གཉིས་ནས་སློབ་སྦྱོང་གི་ཚུལ་དུ་ཞུགས་པ་ཡིན་ཟེར།"

     ཐེམ་ཆེན་རྫོང་གིས་ཀྲུང་གོ་གསར་བ་དབུས་བརྙེས་ནས་ལོ་འཁོར70དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ་འཁོར70ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བའི་ཕྲེང་བསྟར་བྱ་འགུལ་འདི་འདྲ་མང་པོ་སྤེལ་བ་བརྒྱུད་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཡོངས་ཀྱི་བསམ་བློ་བཅིངས་གྲོལ་དང་ལངས་ཕྱོགས་བརྟན་པོར་གྱུར་ལ་རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་རླབས་ཆེན་དུས་རབས་ཀྱི་འཕོངས་འགྱུར་དང་གྲུབ་འབྲས་ཆེན་པོ་ལོངས་སུ་སྤྱད་པ་རེད་ལ། མུ་མཐུད་དུ་མང་ཚོགས་ཀྱི་བདེ་སྐྱིད་དང་བདེ་འཇགས་ཚོར་སྣང་ལ་ཤུགས་བསྣན་ཏེ་རྫོང་གི་ལས་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོ་གསར་བར་བསྟོད་གླུ་བླངས་ནས་དུས་རབས་གསར་བའི་ལམ་དུ་ཞུགས་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།