2012ལོའི་བོད་ཆུ་ཕོ་འབྲུག་ལོའི་ན་ཆུང་བྱིས་པའི་ལོ་སར་རིག་རྩལ་དགོང་ཚོགས་རྨ་ཆེན་རྫོང་དུ་ཕབ་སྐྲུན་བྱས་ཚར།
དགོང་ཚོགས་ཀྱི་མདོ་འཛིན་པ་རྣམ་གཉིས་ཀྱིས་མདོ་འཛིན་བྱེད་བཞིན་པ།
ཟླ10བའི་ཚེས30ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཉིས་སྟོང་བཅུ་གཉིས་ལོའི་བོད་ཆུ་ཕོ་འབྲུག་ལོའི་ན་ཆུང་བྱིས་པའི་ལོ་སར་རིག་རྩལ་དགོང་ཚོགས«རྨ་ཆེན་གངས་རིའི་གཟི་བྱིན»ཞེས་པ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་།
བྱིས་པས་འཁྲབ་སྟོན་བྱེད་བཞིན་པ།
ཐེངས་འདིའི་དགོང་ཚོགས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཁོར་སྐར་འཕྲིན་ལམ་གཉིས་ཀྱིས་མཉམ་སྒྲུབ་སྒོས་སྒྲུབ་པ་ཞིག་ཡིན། རྨ་ཆེན་རྫོང་གི་རིམ་པ་སོ་སོའི་སློབ་གྲྭ་བཅུ་བདུན་གྱི་སློབ་མ་བཞི་བརྒྱ་ལྔ་བཅུ་དགོང་ཚོགས་སྟེང་ཞུགས་ནས་སྒྱུ་རྩལ་གྱི་འཇོན་ཐང་མངོན། ཐེངས་འདིའི་དགོང་ཚོགས་སུ་ད་དུང་ལོ་འདི་དག་གི་རིང་ལ་རིག་རྩལ་གར་སྟེགས་སྟེང་འབྲས་བུ་བླངས་ཡོད་པ་དང་སྒྱུ་རྩལ་གྱི་སྟེགས་བུའི་སྟེང་རང་ཉིད་ཀྱི་འཇོན་ཐང་མངོན་མེད་པའི་ཞིང་ཆེན་ཕྱི་ནང་གི་བོད་རིགས་ཀྱི་གླུ་བ་སྐད་གྲགས་ཅན་ཆུང་ཆུང་ཁ་ཤས་དགོང་ཚོགས་སུ་ཞུགས་ཡོད་པ་རེད། དགོང་ཚོགས་ཀྱི་ལེ་ཚན་སྣ་ཚོགས་སུ་གྲུབ་པ་དང་། ནང་དོན་ཕུན་སུམ་ཚོགས་ལ། བོད་རིགས་དམངས་ཁྲོད་ཀྱི་དམངས་གླུ་ཕྱོགས་བསྡུས་བྱས་ཡོད་པ་ལས་གཞན། དེང་རབས་ཀྱི་གཞས་དང་། བོད་རིགས་ཀྱི་ཞབས་བྲོ། བཞད་གར། གར་ཆུང་། གེ་སར་སྒྲུང་། རྡུང་ལེན། དམངས་ཁྲོད་བྱིས་པའི་རོལ་རྩེད་སོགས་ལེ་ཚན་སོ་གསུམ་ཡོད་པ་དང་། ཚོགས་ཡུན་ལ་ཆུ་ཚོད་གསུམ་ཡོད། དགོང་ཚོགས་ཀྱིས་འཆམ་མཐུན་མགོ་ལོག་བརྗོད་བྱ་རུ་བཟུང་ཞིང་། ཕུན་སུམ་ཚོགས་པའི་སྒོ་ནས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས། མི་རིགས་སློབ་གསོའི་ལས་དོན་ཡར་རྒྱས་སུ་འགྲོ་བའི་རྒྱབ་ལྗོངས་འོག་དེང་སྐབས་ཀྱི་བོད་རིགས་ལོ་ཆུང་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་བྱུང་བ་དང་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློ་མངོན་པར་མཚོན། དེའི་མཚུངས་སུ་རྨང་གཞི་གཉིས་ཀྱི་བྱ་བའི་སྒྲུབ་རིམ་ཁྲོད་རང་ཞིང་ཆེན་གྱི་སློབ་གསོའི་ཐད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་མངོན་པ་རེད། དགོང་ཚོགས་ཀྱི་ལེ་ཚན་ཧྲིལ་བོར་འཁྲུགས་ཆ་དོད་པོ་ལྡན་ལ། ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་དགའ་བསུ་ཆེན་པོ་ཐོབ། མགོ་ལོག་ཁུལ་དང་། རྨ་ཆེན་རྫོང་གི་ཏང་སྲིད་འགོ་ཁྲིད། ལས་བྱེད་མི་སྣ། སློབ་གྲྭའི་དགེ་སློབ་དང་ཁྱིམ་བདག་སོགས་མི་ཉིས་སྟོང་ལྷག་གིས་དགོང་ཚོགས་ལ་བལྟས།
བྱིས་པས་འཁྲབ་སྟོན་བྱེད་བཞིན་པ།
ཐེངས་འདིའི་དགོང་ཚོགས་ལེགས་པོ་ཞིག་ཕབ་སྐྲུན་བྱེད་ཆེད། བོད་སྐད་ལྟེ་གནས་ཀྱི་འགོ་ཁྲིད་དང་སྒྲིག་ཁྲིད་པ་སྔ་གཞུག་ཏུ་ཐེངས་བཞིར་མགོ་ལོག་ཏུ་སོང་ནས་ལེ་ཚན་ལེགས་འདེམ་བྱེད་པ། ཕྱོགས་བསྡུས་ནང་སྦྱོང་དང་སྟ་གོན་བྱེད་པ། ཕབ་སྐྲུན་གྱི་བྱ་བ་སོགས་ཀྱི་བྱ་བའི་སྒྲིག་གཞི་འཆར་འགོད་བྱས་ལ། དགོང་ཚོགས་ཧྲིལ་བོའི་སྔོན་མའི་འཆར་བཀོད་ནས་མཇུག་གི་ཕབ་སྐྲུན་ལེགས་འགྲུབ་བྱུང་བར་ཁྱོན་བསྡོམས་ཉིན་ལྔ་བཅུ་འགོར། ཐེངས་འདིའི་དགོང་ཚོགས་བདེ་ལེགས་ངང་བསྒྲུབས་པ་དེས་རང་ཞིང་གི་རོང་འབྲོག་ཁུལ་གྱི་བྱིས་པའི་རིག་རྩལ་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ན་ཆུང་བྱིས་པའི་རིག་རྩལ་གྱི་འཇོན་ཐང་མི་སྣ་གསོ་སྤེལ་བྱེད་པ། ན་ཆུང་བྱིས་པའི་བདེ་ཐང་ལ་དོ་འཁུར་བྱེད་པ། བྱིས་པ་ཚོར་བརྙན་ཡོལ་སྟེང་ནས་འཇོན་ཐང་ངོམས་པའི་གོ་སྐབས་ཤིག་བྱིན་ནས་ན་ཆུང་བྱིས་པ་ཚོར་ཕན་ཚུན་བརྗེ་རེས་དང་སློབ་སྦྱོང་བྱེད་པའི་སྒྱུ་རྩལ་གྱི་སྟེགས་བུ་ཞིག་བསྐྲུན་པར་ཕན་ནུས་ཆེན་པོ་ཐོབ་ཡོད།
ཐེངས་འདིའི་དགོང་ཚོགས་དེ་སྐབས་སྔོན་མ་དག་དང་བསྡུར་ན་གཞི་ཁྱོན་ཆེ་བ་དང་། ནང་དོན་མང་བ། ལེ་ཚན་གསར་བ་ཡིན་པ། འཁྲབ་སྟོན་མི་སྣ་མང་བ་སོགས་ཀྱི་ཁྱད་ཆོས་ལྡན། ཐེངས་འདིའི་དགོང་ཚོགས་རྒྱ་ལོའི་ལོ་སར་དང་བོད་ལོའི་ལོ་སར་སྐབས་སུ་མཚོ་སྔོན་བོད་སྐད་འཕྲིན་ལམ་ནས་གཏོང་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com