ཡིག་ནོར་སྤོངས། ད་ལྟ་ནས་སྤོངས། མ་འོངས་པར་སྤོངས། དུས་གཏན་དུ་སྤོངས།

རྩོམ་པ་པོ།:བསེ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-18 11:58:00 ཀློག་གྲངས།:

      ངས་ནམ་ཡང་མཐོང་མི་ཐུབ་པའི་ཡིག་ནོར།
      ཡིག་ནོར།
      ངས་ནམ་ཡང་མཐོང་མི་འདོད་པའི་ཡིག་ནོར།
      ཡིག་ནོར།
      ང་ཆེས་འཇིགས་སྣང་སྐྱེ་སའི་མི་མངོན་པའི་ནད་ཡམས་ཤིག
      ཡིག་ནོར།
      འཇིག་རྟེན་གྱི་གད་སྙིགས་ཁྲོད་ཀྱི་གད་སྙིགས་ཤིག
      ཡིག་ནོར།
      སྐད་ཡིག་གི་བླ་སྲོག་འཕྲོག་མཁན་གྱི་གཤིན་རྗེ་གཏུམ་པོ་ཞིག
      ཡིག་ནོར།
      ངས་བྲིས་པའི་ཡིག་ནོར། ཁྱེད་ཀྱིས་བྲིས་པའི་ཡིག་ནོར། ང་ཚོ་ཚང་མས་བྲིས་པའི་ཡིག་ནོར།
      ཡིག་ནོར།
      རྒྱལ་ཁབ་ཀྱི་ཡིག་ནོར། ཁྱིམ་ཚང་གི་ཡིག་ནོར། ས་གཞིས་ཐེག་མི་བཟོད་པ་ཡིག་ནོར།
      ཡིག་ནོར།
      མིང་བྱང་གི་ཡིག་ནོར། སྒོ་བྱང་གི་ཡིག་ནོར། རྟགས་ཐམ་གྱི་ཡིག་ནོར།
      ཡིག་ནོར།
      སློབ་དེབ་ཀྱི་ཡིག་ནོར། ཚིག་མཛོད་ཀྱི་ཡིག་ནོར། གསུང་འབུམ་གྱི་ཡིག་ནོར།
      ཡིག་ནོར། ནམ་མཁའ་ནས་བབས་པའི་ཡིག་ནོར། ས་གཞི་ནས་སྐྱེས་པའི་ཡིག་ནོར།
      རྒྱ་མཚོ་ནས་ཐོན་པའི་ཡིག་ནོར།
      ཡིག་ནོར། བོད་སྐད་ཀྱིས་ཕོངས་པའི་ཡིག་ནོར། བོད་ཡིག་གིས་དབུལ་བའི་ཡིག་ནོར།
      བོད་ཀྱི་བརྡ་སྤྲོད་ལ་རྨོངས་པའི་ཡིག་ནོར།
      ཡིག་ནོར།
      ངའི་སྙིང་གི་འདབ་མ་གཅོད་པར་བྲེལ་བའི་ཡིག་ནོར།
      ངའི་ཟུངས་ཁྲག་དྲོན་མོ་འཇིབ་མཁན་གྱི་ཡིག་ནོར།
      ངའི་བླ་སྲོག་ལ་འཇབ་རྒོལ་བྱེད་མཁན་གྱི་ཡིག་ནོར།
      ཡིག་ནོར།
      གོ་ལའི་མཁའ་དབུགས་བཙོག་པོར་བཟོ་མཁན་གྱི་ཡིག་ནོར།
      ཚེ་ཚེ་རབས་རབས་ནས་རྒོལ་དགོས་པའི་ཡིག་ནོར།
      བསྐལ་པ་མ་སྟོངས་བར་དུ་རྒོལ་དགོས་པའི་ཡིག་ནོར།

      

      ཡིག་ནོར་སྤོངས། ད་ལྟ་ནས་སྤོངས། མ་འོངས་པར་སྤོངས། དུས་གཏན་དུ་སྤོངས།
      ཡིག་ནོར། ངའི་ལུས་ངག་ཡིད་གསུམ་ལ་འཇབ་རྒོལ་ནམ་ཡང་མ་བྱེད་རོགས།
      ཡིག་ནོར། ངའི་ཤ་ཁྲག་རུས་གསུམ་ལ་དུག་རླངས་ནམ་ཡང་མ་གཏོང་རོགས།
      ཡིག་ནོར། ངའི་བླ་ཚེ་སྲོག་གསུམ་ལ་བྱུར་ཁ་ནམ་ཡང་མ་འདྲེན་རོགས། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།