བོད་མོའི་ཐོབ་ཐང་སྐོར་གྱི་ལྟ་ཚུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-13 11:08:00 ཀློག་གྲངས།:

  ཉེ་བའི་དུས་འདིར་རྒྱལ་ཁབ་དང་མི་རིགས་གང་དུའང་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་གཏམ་བརྗོད་གང་མང་སྤེལ་དང་སྤེལ་བཞིན་འདུག་ལ།  དེ་མཚུངས་རང་ཅག་བོད་ཀྱི་སྤྱི་ཚོགས་ནང་དུའང་དེ་འདྲའི་སྣང་ཚུལ་འདྲ་མིན་དང་འཁོར་ཡུག་གི་བཤད་རྒྱུན་མཚར་བོས་ཨ་མའི་ཞལ་རས་སྦག་ལ། སྲིང་མོའི་འཛུམ་མདངས་བཀབ་སྟེ། སྤྱི་ཚོགས་ལས་རིགས་སོ་སོ་དང་མི་སྣ་སོ་སོའི་དབར་ལ་འདྲ་མིན་གྱི་ལྟ་བ་དང་འགལ་འདུའི་རང་བཞིན་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད།  དེས་ན་རང་ཉིད་ལ་གཞན་ལས་ལྷག་པའི་ཤེས་རིག་དང་བློ་དཔྱོད་བླ་ལྷག་གིས་ཕྱུག་པ་མ་ཡིན་ལ། སྔར་མེད་གསར་རྟོགས་ཀྱི་གཏམ་དང་ལྟ་བ་ཞིག་གིས་ཡོངས་སུ་བཅངས་བའང་ལྷག་ཏུ་མ་ཡིན་པར།  སྤྱི་ཚོགས་སྤྱིའི་འབྲེལ་བ་དང་བདེ་འཇགས། དེ་བཞིན་མི་དང་མིའི་དབར་གྱི་མཛའ་དུངས་དང་འབྲེལ་འདྲིས། ཞི་མཐུན་བཅས་ལ་གཞིགས་ནས་ལྷག་བསམ་ཟོལ་གྱིས་མ་བཅོས་བར་དྲང་བོའི་ངག་ནས་བདེན་པའི་གཏམ་ཞིག་བརྗོད་པར་སྤྲོ་སྟེ།
  དང་པོ། ཁོད་སོ་དྲུག་ཁོངས་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་གི་གསུམ་པ་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ཀྱི་གྲས་སུ་འཁོད་པའི་མི་ཆོས་གཙང་མ་བཅུ་དྲུག་ཏུ། བུད་མེད་ཀྱི་ཁ་ལ་མི་ཉན་པ་ཞེས་བཀོད་ཡོད་པ་དེས་སྐབས་དེའི་བོད་ཀྱི་བུད་མེད་རྣམས་ཀྱི་ཐོབ་ཐང་དམའ་བ་མཚོན་ཐུབ་བམ།
  དེ་ཡང་བོད་རྒྱལ་སྲོང་བཙན་གྱིས་གཏན་ལ་ཕབ་པའི་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ལས་མི་ཆོས་གཙང་མ་བཅུ་དྲུག་ཏུ་བུད་མེད་ཀྱི་ཁ་ལ་མི་ཉན་ཞེས་བ་འདི་ལ་དོགས་གནད་ཆེན་པོ་འདུག་སྟེ། བུད་མེད་ཀྱི་ངག་ལ་ཉན་པར་འདྲེན་པ་དང་མི་ཉན་པར་འདྲེན་པ་གཉིས། དེ་ལས་གཉིས་པ་ལྟར་ན་གྲོས་ཀྱི་སྐབས་བློ་མི་འདྲི་བ་དང་སྤྱིར་ནས་ངག་ལ་མི་ཉན་པ་གཉིས། དེས་ན་གོང་གི་དོགས་གནད་དེ་གཉིས་རེ་རེ་ནས་དང་པོ་ལྟར་ན་དོན་གང་ཡང་ཐག་གཅོད་མི་ནུས་ཏེ། གྲོས་ཀྱི་སྐབས་སུ་བུད་མེད་ལ་བློ་མི་འདྲི་བ་ཙམ་ཡིན་ན་བདག་གི་བསམ་ཚུལ་ལ་དེ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལས་བུད་མེད་ཀྱི་ཐོབ་ཐང་ལ་འབྲེལ་བ་མེད་པར་སྙམ་སྟེ། སྐབས་དེར་སྲོང་བཙན་ལ་བཙུན་མོ་མང་བའི་ཁར་ཚང་མ་ཆབ་སྲིད་དམིགས་བཟུང་ནས་བོད་དུ་ཡོང་བ་དག་ཡིན་པས་ཆབ་སྲིད་ཐད་མཁྱེན་རྒྱ་ཡངས་བ་ཤ་སྟག་རེད་དེ། དེའི་ནང་དུ་རང་གི་དགྲ་ཟླའི་བུ་མོའང་ཡོད་སྲིད་པས། དེ་ནི་སྲོང་བཙན་རང་གི་དམིགས་བསལ་གྱི་མཉམ་མྱོང་སྡོམ་ཚིག་ཅིག་རེད་ཅེས་བརྗོད་ནའང་མི་འགྲིག་པ་མེད་པར་སྙམ།  དོགས་གནད་གཉིས་དེ་སོ་སོ་ནས་གཉིས་པ་ལྟར་ན། དེ་ནི་གཅིག་ནས་གནའ་བོའི་རྒྱལ་ཁབ་ཁག་ཏུ་བུད་མེད་ལ་བརྙས་བཅོས་དང་དམའ་འབེབ་བྱེད་པའི་ལུགས་སྲོལ་ཡོད་པར་གྲགས་ལ། ལྷག་པར་ནུབ་ཕྱོགས་སུ་ཅུང་ཛ་དྲག་ཆེ་སྟེ། གནའ་བོའི་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ལ་བུད་མེད་རྣམས་ཆོས་ཁང་དུ་ཡོང་མི་ཆོག་པ་དང་རྒྱ་གར་གྱི་ཡུལ་སྲོལ་ལ་ཕོ་སྐྱེས་ཤི་སོང་ན་བུད་མེད་ཕོ་སྐྱེས་ཀྱི་རོ་དང་ལྷན་དུ་གསོན་སྲེག་བྱེད་དགོས་པར་འདུག ཡང་གནའ་བོའི་ཀེ་རི་སིའི་ཡུལ་སྲོལ་ལ་བུད་མེད་རྣམས་ཟློས་གར་ལ་ལྟ་རུ་འོངས་མི་ཆོག་པ་སོགས་མང་པོ་ཞིག་འདུག་པས། དེ་ནི་སྲོང་བཙན་གྱིས་སྐབས་དེའི་བོད་ཀྱི་མཐའ་འཁོར་གྱི་རྒྱལ་ཁབ་དག་ལ་དཔེར་བླངས་ནས་གཏན་ལ་ཕབས་པའི་ཁྲིམས་ལུགས་ཤིག་ཡིན་པ་རྟོགས་དགོས། གཉིས་སུ་ཁྲིམས་ལུགས་ཞེས་པ་ནི་དམིགས་བསལ་གྱི་ཁོར་ཡུག་ཅིག་ཏུ་དམིགས་བསལ་གྱི་བྱ་བ་ཞིག་གི་ཁྲོད་དང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་དོན་དངོས་ཀྱི་རྒྱུ་རྐྱེན་གང་མང་ཞིག་ལ་བརྟེན་ནས་གཏན་ལ་ཕབ་པ་ཞིག་ཡིན་པས། བུད་མེད་ཀྱི་ངག་ལ་མི་ཉན་ཞེས་པ་དེ་སྤྱིར་ནས་བུད་མེད་ཀྱི་ངག་ལ་མི་ཉན་པའི་ངེས་བ་མེད་པ་དང་བུད་མེད་ཀྱི་ཐོབ་ཐང་དམའ་བའི་མ་ཁྱབ། ཁྱབ་ན་སྲོང་བཙན་སྒམ་པོ་ཁོང་ཡང་བོད་རང་གི་ཁྲིམས་ལུགས་དང་རྒྱབ་འགལ་བྱས་བའི་ཉེས་ཅན་གཏེ་བོ་ཞིག་ཏུ་འགྱུར་སྲིད་དེ། ཁོང་གིས་ལྷ་ཅིག་སད་མ་ཀར་གྱི་ངག་ལ་ཉན་ནས་ཞང་ཞུང་ཕམ་པར་བྱས་པ་དང་། ད་དུང་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བོད་ཀྱི་སྲིད་བསྐྱངས་ཤིང་ཞང་ཞུང་དང་འ་ཞའི་ཡུལ་གྱི་ཚོ་བ་འགས་ངོ་ལོག་བྱས་པ་བཏུལ་ཏེ་མངའ་འོག་ཏུ་བསྡུས་སྐད། སྐབས་དེའི་བོད་ཀྱི་བློན་འབངས་ཚང་མ་ཡང་ནག་ཉེས་མཁན་ཡིན་པ་ཁས་ལེན་དགོས་པའི་སྐྱོན་འབྱུང་ངོ། དེས་ན་གོང་གི་དོགས་གནད་གཉིས་པོ་རེ་རེ་ནས་གང་ཡིན་ཀྱང་སྐབས་དེའི་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་དམའ་བའི་རྟགས་ཡོངས་སུ་མ་གྲུབ།
  གཉིས་པ། སྐྲ་རིང་མ་དང་བློ་ཐུང་མ་ཞེས་བས་བོད་ཀྱི་བུད་མེད་ཚོའི་ཐོབ་ཐང་དམའ་བ་མཚོན་ནམ།
  འདི་ནི་བོད་གཅིག་པུའི་གཏམ་དཔེ་ཞིག་ཡིན་མིན་ཀྱང་གསལ་བོར་མི་ཤེས་མོད། འདིའི་ནང་གི་བློ་ཐུང་མ་ཞེས་བས་བུད་མེད་རྣམས་སྐྱེས་པ་ཚོ་དང་བསྡུར་ན་ལྷན་སྐྱེས་ཀྱི་ཤེས་རབ་དམན་པ་དང་ཚོར་རྟོག་གི་ཁྱབ་རྒྱ་ཆུང་བ། སྦྱང་སྟོབས་ཀྱི་ནུས་པ་ཞན་པ་བཅས་ལ་གོ་དགོས་ཤིང་།  དེ་ལྟའི་བུད་མེད་ཀྱང་རེ་འགའ་ཡོད་ཡོད་མོད། འོན་ཀྱང་དེ་ཙམ་གྱིས་བོད་ཀྱི་བུད་མེད་སྤྱིའི་ཐོབ་ཐང་དམན་པར་བརྩི་མི་རུང་སྟེ། རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱི་ཆབ་སྲིད་བསྐྱངས་ཚུལ་དང༌། མ་ཅིག་ལབ་གྱི་སྒྲོན་མ་ཡིས་ཟབ་མོ་གཅོད་ཀྱི་གདམས་པ་གསར་གཏོད་མཛད་ཚུལ། མི་ལ་རས་པའི་མ་ཡུམ་མྱང་ཚ་དཀར་རྒྱན་གྱིས་སྤོབས་པ་དང་ཆོད་སེམས་སོགས་ཀྱིས་བོད་མོ་ཚོའི་ལྷན་གཤིས་སུ་མངའ་བའི་བློ་གྲོས་དང༌། བརྩོན་འགྲུས། སྤོབས་པ། ད་དུང་རང་ཉིད་ཀྱི་ནུས་པར་བརྟེན་ནས་འཚོ་བ་རོལ་དགོས་པའི་རང་བཀུར་དང་ཁོག་དཔུང་ལ་རྒྱ་སོགས་ཀྱིས་བརྟས་པའི་བོད་ཀྱི་མི་མོའི་གཤིས་ཀ་ཞིག་མངོན་པར་རྟོགས་འོང་ལ། དེས་ན་ཁོ་མོ་ཚོའི་ལྷན་སྐྱེས་ཀྱི་ཤེས་རབ་དང་ཚོར་རྟོག་གི་ཁྱབ་རྒྱ། སྦྱང་སྟོབས་ཀྱི་ནུས་པ་སོགས་ཕལ་བའི་སྐྱེས་པ་ཞིག་ལས་རྡབ་འགྱུར་གྱིས་ལེགས་པ་ལྟ་བུའོ།  ཡང་ཟུར་གཞན་ཞིག་ནས་ལྡོག་སྟེ་བརྗོད་ན་མགར་སྟོང་བཙན་ལ་མནའ་མ་ཞིག་ཡོད་པ་དེ་མོའི་བཟའ་ཟླ་དང་བསྡུར་ན་ལྷན་སྐྱེས་ཀྱི་ཤེས་རབ་དང་ཚོར་རྟོག་གི་ཁྱབ་རྒྱ་སོགས་གང་ཅིའི་ཐད་ནས་ལྷག་པའི་བཤད་རྒྱུན་མང་པོ་ཡོད་ལ། ད་རེའི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁྲོད་དུའང་འདི་ལྟ་བུའི་སྣང་ཚུལ་འགའ་རེ་ང་ཚོའི་མིག་མཐོང་ལག་ཟིན་རེད་དེ། དེ་ཙམ་ནས་སྐྲ་ཐུང་ཚོ་དང་བློ་ཐུང་ཚོ་ཞེས་ཕྱིར་སྐྱེས་པ་ཚོ་དང་སྦྱར་ན་སྐྱེས་པ་་སྤྱིའི་ཐོབ་ཐང་དམའ་བ་མི་མཚོན་ཞེས་སྨྲ་བར་སྲིད།
  གསུམ་པ། ཁྱིམ་ཆུང་མ་རང་གི་དམན་ཞིག   རྟ་འདོ་བ་རང་གི་བཟང་ཞིག་ཞེས་པས་བོད་ཀྱི་བུད་མེད་ཚོས་ཐོབ་ཐང་དམའ་བ་མཚོན་ནམ།
  གཏམ་དཔེ་འདི་ལས་བོད་ཀྱི་བུད་མེད་ཚོའི་ཐོབ་ཐང་དམའ་བ་མི་མཚོན་ཏེ། སྐྱེས་པ་སུ་ཞིག་ཡིན་ཀྱང་རང་གི་ཆུང་མ་དེ་བློ་རིག་པ་ལྡན་པ་དང་ཡག་མོ་སྒོ་འཛོམས་པ། ལག་ལས་ཀ་བཟང་བ། ཕ་མར་བརྩི་བཀུར་ཆེ་ཞིང་ཁྱོ་གའི་ཁ་ལེན་པ་སོགས་ཕྱོགས་གང་ཅིའི་ཐད་ནས་གཞན་གྱིས་ཡིད་སྨོན་བྱེད་པར་མི་རེ་བ་ཞིག་ནི་ཡོད་མི་སྲིད་ལ། གནའ་ནས་ད་ལྟ་ལ་ཐུག་གི་བར་དུ་སྐྱེས་པ་ཚོས་ཕྱི་རུ་ལས་ཀ་བྱེད་པ་དང་བུད་མེད་ཚོའི་ཁྱིམ་གྱི་བྱ་བ་བསྒྲུབ་པའི་ལུགས་སྲོལ་ནི་རང་ཅག་བོད་གཅིག་པུ་མ་ཡིན་པར་རྒྱལ་ཁབ་གཞན་དང་མི་རིགས་གཞན་ཚང་མ་ལའང་ཕལ་ཆེར་ཡོད་པར་སྣང་བས། ཁྱིམ་ཆུང་མ་རང་གི་དམན་ཞིག་ཞེས་བས་ཀྱང་ཁེ་ཕན་ཆུང་ངུ་ཞིག་གི་ཆེད་དུ་བཟའ་ཟླ་དང་འཁྲུགས་རྩོད་མེད་པ།  གཡོ་དང་ལེ་ལོ་མེད་པར་འཁོར་བའི་བྱ་བར་བརྩོན་པ། མགོ་ཡངས་ཀླད་སྟོངས་མི་བྱེད་པར་ཁྱོ་གར་སེམས་གཅིག་བརྩེ་གཅིག་ཡིན་པ་བཅས་ལ་གོ་དགོས་བ་མ་ཟད་བུད་མེད་ཀྱི་ཐོབ་ཐང་ལ་དམའ་འབེབ་བྱས་པ་ཞིག་མ་ཡིན་ཏེ། ཡིན་ན། རྟ་འདོ་བ་རང་གི་ཡན་ཞིག་ཞེས་བས་རྟའི་ཐོབ་ཐང་རང་ཉིད་ལས་ལྷག་ཏུ་བཞག་སྟེ་རང་ཉིད་དུད་འགྲོ་ཞིག་ལའང་མི་དོ་བ་ཁེས་ལེན་དགོས་བས་དེ་ནི་དེ་བཞིན་མི་རིགས་སོ། 
  བཞི་བ། བོད་ཀྱི་དགོན་སྡེ་ཁག་གི་ལྷ་ཁང་དང་བརྩན་གནས་ཁ་ཅིག་ཏུ་བུད་མེད་ཚོ་འགྲོ་མི་ཆོག་པ་དེས་བོད་མོའི་ཐོབ་ཐང་དམའ་བ་མཚོན་ཐུབ་བམ།
  གནས་ཚུལ་འདི་ལྟ་བུ་ནི་དེང་སྐབས་སྤྱི་ཚོགས་ཐོག་ཏུའང་མང་པོ་འདུག་སྟེ། དཔེར་ན། མོ་ནད་ཚན་ཁག་གི་གནས་ལ་ཤས་ཤིག་དང་མོ་སྤྱོད་ཁང་དུ་སྐྱེས་པ་རྣམས་འགྲོ་མི་ཆོག་པ་ལྟ་བུ་རེད་དེ། དེ་ལྟ་བུ་ནི་གཞན་ཡུལ་གྱི་རྒྱུ་རྐྱེན་ག་གེ་མོའི་དབང་གིས་ཐག་བཅད་པ་ཞིག་ལས། སྐྱེས་པ་ཚོ་ཐོབ་ཐང་མེད་ཅེས་བརྗོད་མི་རིགས། དེས་ན་བོད་ཀྱི་དགོན་སྡེ་ཁག་གི་ལྷ་ཁང་དང་བརྩན་གནས་ཁ་ཅིག་ཏུ་བུད་མེད་འགྲོ་མི་ཆོག་པ་དེ་ཡང་གཞན་ཡུལ་གྱི་རྒྱུ་རྐྱེན་ཞིག་ལས་བུད་མེད་ཀྱི་ཐོབ་ཐང་ལ་འབྲེལ་བ་གཏན་ནས་མེད། ཡང་གཅིག་བཤད་ན། སྒོམ་པ་བ་མཚམས་ལ་འདུག་དུས་མཚམས་ཁང་དུ་མི་སུ་ཡིན་འགྲོ་མི་ཆོག་པ་དེའང་སྒོམ་པ་བ་གང་དེའི་བསྒོམ་བྱའི་དམ་བཅའ་དང་། བར་ཆད་སོགས་རྐྱེན་གང་མང་གི་དབང་གིས་ཡིན་པ་མ་གཏོགས། མི་གཞན་པའི་ཐོབ་ཐང་དམའ་བ་ཡིན་ཞེས་བརྗོད་དུ་མེད་དོ།
  ལྔ་བ།   མ་སྐྱིད་ས་ནས་མི་ཆགས། སྐྲ་མདུད་ས་ནས་མི་འདུག ཁྱི་བུ་མོ་གཉིས་ལ་བློ་གཏད་མེད། བུ་མོ་དང་བོང་བུས་སྐྱིད་མི་ཐེག་ཞེས་པའི་གཏམ་དཔེ་འདི་དག་ལས་བོད་མོའི་ཐོབ་ཐང་ལ་དམའ་འབེབ་བྱས་བ་མཚོན་ནམ།
  དེང་སྐབས་བོད་ཀྱི་ཕོ་མཆོག་མོ་དམན་གྱི་ལྟ་གྲུབ་འཛིན་པ་དག་གིས་རྒྱུན་དུ་འདྲ་མིན་གྱི་གཏམ་དཔེ་འདི་དག་གི་ཕྱོགས་རེ་བའི་སྟོབས་ཤུགས་ཙམ་ལ་བརྟེན་ནས་བོད་མོའི་ཐོབ་ཐང་དང་དབང་ཆ་ལ་དམའ་འབེབ་དང་དགག་རྒྱག་ཅིི་ནུས་བྱེད་ཀྱི་ཡོད་མོད། འོན་ཀྱང་། ཐོ་རེ་བའི་གཏམ་དཔེ་དེ་ཙམ་གྱིས་ནི་བོད་སྤྱིའི་བུད་མེད་ཀྱི་ཐོབ་ཐང་དང་དབང་ཆ་མེད་པར་གཏོང་ཐུབ་ཀྱི་མི་འདུག  གཅིག་ཏུ། གཏམ་དཔེ་དེ་དག་ནི་དམིགས་བསལ་གྱི་ཁོར་ཡུག་དང་གནས་ཚུལ་ཞིག་གི་འོག་ནས་ད་གཟོད་རང་ཡུད་ངེས་ཅན་གྱི་དོན་སྟོན་ནུས་པ་ལས།   བོད་མོ་སྤྱིའི་ངེས་ཐད་དུ་མི་ཅོར་གྱི་གཏམ་འཆལ་ཅིག་ལས་གང་ཡང་མེད་དོ། གཉིས་སུ།    གོང་གི་གཏམ་དཔེ་དེ་དག་ལས་ཀྱང་ལ་ཤས་ཤིག་ནི་རང་ལྟ་མཆོག་ཏུ་འཛིན་པའི་མི་བུ་འགས་རང་མཚང་དམར་རྗེན་དུ་འདོན་བྱེད་སྲོལ་རྒྱུན་རང་ལུགས་སུ་བསྒྱུར་བ་འབའ་ཞིག་སྟེ། དཔེར་ན།  ཁྱི་དང་གཡག་ལ་བློ་གཏད་མེད་ཞེས་པའི་གཏམ་དཔེ་དེ་གནས་བབས་དང་བསྟུན་ནས་ཁྱི་བུ་མོ་གཉིས་ལ་བློ་གཏད་མེད་ཞེས་པ་བལྟ་བུ་ཞིག་ཏུ་སྒྱུར་འདུག་པ་ནི་ཤིན་ཏུ་ནས་མི་འཐད་ལ། དེས་ན་འདིར་ཆེད་དུ་དྲང་བོའི་གཏམ་ལ་བཅོས་མས་ལྷན་པ་རྒྱག་མཁན་རང་བློ་ཉེ་མཐོང་བ་དེ་ལས་བོད་མོ་སྤྱི་ལ་རྒྱང་བལྟ་བྱེད་མཁན་འགའ་ཞིག་ལ། ཁྱེད་རང་ཚོའི་ཅོལ་ཆུང་གི་བསམ་བློ་དང་།  ཐོ་རེ་བའི་གཏམ། གཞན་གཡར་གྱི་སྨྱུ་གུ་སོགས་ཀྱིས་ནམ་ཡང་བདེན་གྱི་ཕུ་ཐག་ཆོད་མི་འདུག་པས་ད་ནི་རྦད་དེ་བསྐྱུར་ན་ལེགས་ཞེས་ཁ་ཏ་དང་བཅས་འབུལ་རྒྱུ་ཡིན།
  དྲུག་པ། ཕོ་མཆོག་མོ་དམན་གྱི་ལྟ་བ་དེ་གནས་བབས་ག་འདྲ་ཞིག་གི་འོག་བོད་ཀྱི་སྤྱི་ཚོགས་སུ་བྱུང་བ་དང་།  སྤྱིར་ནས་བོད་རང་གི་ཡུལ་སྲོལ་དང་རིག་གནས་ཀྱི་ཁོར་ཡུག་ཁྲོད་དུ་བུད་མེད་ཚོར་ལྟ་སྟངས་ག་འདྲ་ཡོད། 
  ཕོ་མཆོག་མོ་དམན་གྱི་ལྟ་བ་དེ་ནི་ཐོག་མར་ཕྱིའི་རྒྱལ་ཁབ་ཁག་ནས་དར་བར་སྣང་ལ། ལྷག་པར་དུས་རབས་བཅུ་དགུ་དང་ཉི་ཤུ་བའི་སྐབས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཧ་ཅང་རྒྱུག་ཆེ་བ་གོང་དུའང་བཀོད་ཟིན་ལ། ད་དུང་ན་ཕོ་ལུན་རབས་དང་པོས་ ‘བུད་མེད་ལ་གྲལ་རིམ་མེད་’ཅེས་དང་། སྲ་ཧྥུ་ཆི་ཕོར་གྱིས་ ‘བུད་མེད་ནི་སྐྱེས་པ་ཚོའི་ཞན་ཆ་དང་བླུན་རྨོངས་ཀྱི་དགོས་དབང་གིས་བྱུང་བ་ཡིན་ནའང་། དེ་སྐྱེས་པ་ཚོའི་རྗེས་དཔག་དང་སྒོ་ཡོངས་ནས་འབྲེལ་བ་མེད། ཕོ་མོའི་བར་དུ་ཕྱི་ཚུལ་འདྲ་མཚུངས་ཀྱི་ཚོར་བ་ཙམ་ལས་དོན་དུ་བསམ་བློ་དང་ཚོར་འདུ།གཤིས་རྒྱུད་སོགས་ཀྱི་ཐད་འདྲ་བའི་ཆ་ཤིན་ཏུ་ཉུང་།’ཅེས་པ་ནས། རྒྱ་ནག་གི་ཁུང་ཙི་ཡིས་‘ བུད་མེད་དང་མི་ངན་གསོ་དཀའ། ’ཞེས་སོགས་སྡོམ་ཚིག་ཀྱང་མང་པོ་མང་པོ་ཞིག་འཁོད་འདུག  གནས་བབས་དེ་འདྲའི་འོག་ཏུ་དུས་ཕྱིས་བོད་ཀྱི་ཤེས་མེད་བླུན་གཏམ་སྨྲ་རྒྱུར་དགའ་བ་འགའ་ཡང་ཁུངས་མེད་ལུང་མེད་ཀྱི་ལྟ་བ་དེའི་རྗེས་སུ་འབྲེངས་སྟེ་མེས་པོ་གོང་མ་དག་གི་བཀའ་གསུངས་ལོག་པར་གོ་བ་དང་ཨ་མའི་མངལ་ཁྱིམ་ལ་དམའ་འབེབ་བྱས་བས་རིམ་བཞིན་ཀོ་བ་སྣུམ་གྱིས་ཟིན་པ་ལྟར་དུས་རབས་ཉེར་གཅིག་པའི་ནང་ལ་བོད་ཀྱི་སྤྱི་ཚོགས་སུ་དར་བ་ཞིག་ཡིན་པ་ལས། བོད་རང་གི་ཡུལ་སྲོལ་དང་རིག་གནས་ཀྱི་ཁོར་ཡུག་ནང་དུ་བུད་མེད་ཀྱི་ཐོབ་ཐང་ལ་དམའ་འབེབ་བྱེད་པ་ཕར་ཞོག ད་དུང་དེ་ལས་ལྡོག་སྟེ་ཁོ་ཚོའི་ཐོབ་ཐང་དང་དབང་ཆ་ལ་དམིགས་བསལ་གྱི་གདེངས་འཇོག་བྱས་ཡོད་པར་སྙམ་སྟེ། གདགས་ཁྲི་བཙན་པོའི་བཙུན་མོ་མ་མ་གྲོ་ཞ་སྐྱིད་བརླིང་མ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་སུ་མཚན་མཁན་གྱི་མིང་བཟུང་བར་མ་ཟད། བོད་ཀྱི་ལོ་རྒྱུས་སྟེང་དུ་བུད་མེད་ཀྱི་ཐོབ་ཐང་ངེས་ཅན་འཛིན་པའི་བུད་མེད་འཇོན་ཐང་ཅན་ཞིག་གོ །དེ་བཞིན་དུ་གླུ་སྲིང་མེར་ལྕམ་དང་འབྲོ་བཟའ་ཁྲི་མ་ལོད་སོགས་ལྟ་བུའི་བུད་མེད་སྐོར་ཞིག་གིས་བོད་ཀྱི་རྒྱལ་སྲིད་དར་རྒྱས་ཡོང་བའི་ཆེད་དུ་རང་ནུས་ཡོད་རྒུ་བཏོན་ཏེ། ལོ་རྒྱུས་ཀྱི་གར་སྟེགས་སུ་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་བུད་པ་དེས་ཀྱང་བོད་ཀྱི་བུད་མེད་ལ་ཐོབ་ཐང་གི་དབང་ཆ་ཡོད་པ་ར་སྤྲོད་བྱེད་ཐུབ་ལ།    དེ་མིན་《ཧོར་གླིང་གཡུལ་འགྱེད》དུ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཧོར་གླིང་མི་ལོ་དགུ་ལ་འཁྲུག་པའི་གྱོད་ཀྱི་གཞི་མ་དང་།《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས་སྲིད་པའི་རྒྱན་གྱི་རྒྱལ་བུ་གཞོན་ནུ་ཟླ་མེད་དང་ཕོ་བྲང་སྣང་བ་འབུམ་ལྡན་གྱི་རྒྱལ་བོ་ཟླ་བའི་བློ་གྲོས་ལ་རིགས་ཀྱི་མྱུ་གུ་ལྷ་ལས་ཕུལ་བྱུང་ཞེས་པའི་རྒྱལ་བུ་གཉིས་ཀྱིས་བུད་མེད་མཛེས་མའི་ཡང་རྩེ་ཡིད་འོང་མ་འཕྲོག་རྩོད་བྱས་པའི་ངོ་མཚར་བའི་གཏམ་རྒྱུད་ལས། ང་ཚོས་སྤྱི་ཚོགས་འཚོ་བའི་ཁྲོད་བུད་མེད་ཀྱི་ཁེ་དབང་ངམ་ཐོབ་ཐང་རྡོག་བརྫིས་གཏོང་བའི་ཟུར་ཅིག་མཐོང་བར་མ་ཟད། བུད་མེད་ཀྱི་གཉེན་སྒྲིག་རང་དབང་ལ་གནོད་པ་ཐེབས་པའི་ཡ་ང་བའི་མཇུག་འབྲས་བརྒྱུད་གཡུལ་འཁྲུག་དེ་དག་གི་འབྱུང་རྐྱེན་ཡང་བུད་མེད་ཀྱི་ཁེ་དབང་དང་ཐོབ་ཐང་ལ་བརྩི་མཐོང་མ་བྱས་པ་ལས་བྱུང་བར་འདོད་དོ། 
  མདོར་ན། མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས་ རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།། རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས།། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།། མེད་དུ་མི་རུང་བ་ནི་བུད་མེད་ཡིན།། ཞེས་གསུངས་བ་བཞིན། མ་ཡུམ་ཚོའི་མངལ་ཁྱིམ་ནི་མིའི་རིགས་ཀྱི་ཚེ་སྲོག་གི་སྨྱུ་གུ་བསྐྱེད་པའི་ཞིང་ས་གཤིན་པོ་ཡིན་ལ། འགྲོ་བ་རིགས་དྲུག་གི་ཚེ་སྲོག་ཁྲི་སྟོང་མང་པོ་འཇིག་རྟེན་དཀར་ངོགས་སུ་འབྱོར་བར་རེ་ཞིང་སྒུག་པར་མདུན་བསུ་བའི་སྦྲེལ་ཟམ་ཡིན་པས།  ང་ཚོས་ངེས་པར་དུ་ཨ་མ་ཚོའི་རུས་རྐང་གཙང་མའི་མི་གཞི་ལ་བརྩི་འཇོག་དང་། རླབས་ཆེ་བའི་མ་ཡུམ་དགི་ཐོབ་ཐང་ལ་མཐོང་ཆེན་བྱ་འོས་ཏེ། དེ་ནི་མི་རིགས་ཞིག་གི་འབྱུང་འགྱུར་དང་དར་རྒུད་ལའང་ལྷག་ཏུ་ནས་འབྲེལ་བ་ཟབ་མོ་ལྡན་འདུག
 
 
 
 
 
 
 
 
 
 
 
 
 
 
 
 
    
 
 
 
 
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།