《བོད་རེ་བ་ཅན》ཞེས་པའི་དཔེ་དེབ་ཅིག་བཀླགས་པའི་མྱོང་ཚོར་གླེང་བ།
འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་བརྩམས་པའི《བོད་རེ་བ་ཅན》།
ཐོག་མར་ངས་དཔེ་དེབ་འདི་ནི་དེང་རབས་བོད་ཀྱི་སྤྱི་ཚོགས་གླེང་བའི་ཕུལ་བྱུང་བརྩམས་ཆོས་ཤིག་རེད་ཅེས་བཤད་རྒྱུ་ཡིན་ལ། དེ་དང་དུས་མཚུངས་སུ་རང་ཉིད་ལ་ནམ་ཡང་སྐྱོན་ཆ་མེད་པར་འདོད་མཁན་དང་ཡང་ན་རང་ཉིད་ཀྱི་སྐྱོན་ཆ་གླེང་ན་མི་དགའ་བའི་ཨ་གསར་ཅན་རྣམས་ལ་དཔེ་དེབ་འདི་ཅིས་ཀྱང་ཐེངས་གཅིག་བཀླག་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན། དེ་ཡང་ཁ་དཔེ་ལ། གཞན་སྐྱོན་ལྟ་བའི་མིག་ཡོད་ཀྱང་། རང་སྐྱོན་བལྟ་ན་མེ་ལོང་དགོས། ཞེས་པ་ལྟར《བོད་རེ་བ་ཅན》ཞེས་པའི་དཔེ་དེབ་འདི་ནི་ང་ཚོའི་བོད་མི་ཡོངས་ཀྱིས་རང་སྐྱོན་ལ་བལྟ་བྱེད་ཀྱི་མེ་ལོང་དྭངས་མོ་ཞིག་རེད། ཡང་སྤྱི་ཚོགས་ཀྱི་ཕྱོགས་ཁ་ཤས་ཤིག་ནས་དཔེ་དེབ་འདི་ལ་བལྟ་མི་རུང་ཞེས་ཐབས་བརྒྱ་ཇུས་སྟོང་གིས་འགོག་པར་བརྩོན་ངེས་ཡིན་ན་ཡང་། དེ་ནི་ཁོ་ཚོས་རང་ཉིད་ཀྱི་སྐྱོན་ཆ་གཡོ་འགེབ་བྱ་ཐབས་ཙམ་ལས་གཞན། འདི་ལ་བལྟ་མི་རུང་བའི་ཆ་གང་ཡང་མི་འདུག
ཡང་གཅིག་བཤད་ན། ངས་ཀྱང་སྔ་མོ་ཞིག་ནས《བོད་རེ་བ་ཅན》གྱི་བརྗོད་བྱ་མང་ཤོས་ཤིག་ཐེངས་ཁ་ཤས་སུ་བཤད་རྩིས་བྱས་མྱོང་ཡང་། དྲང་མོར་བཤད་ན། ང་རང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་སྐྲག་ནས་བཤད་མ་ཕོད་པ་ཡིན་མོད། ད་རེབས《བོད་རེ་བ་ཅན》གྱི་རྩོམ་པ་པོས་སྤོབས་པ་ཆེན་པོས་ཡོངས་སུ་ཡང་དག་པར་ཁ་གསལ་ཁོག་གསལ་གྱིས་བརྗོད་སོང་། ཁོ་ཡང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་མི་སྐྲག་མི་སྲིད་ཀྱང་ཁོས་ཇི་ལྟར་བྱས་ཀྱང་ཁོང་རང་གི་ཤ་དང་རུས་པའི་གསེང་ནས་རང་གི་མི་རིགས་ལ་བཅིང་བའི་ལ་རྒྱ་དང་ཤ་ཞེན་དེ་འགོག་པར་མ་ནུས་པ་རེད། དེ་མིན་ན་དེང་སང་སུ་ཞིག་གིས་ཟླ་ཕོག་མང་ཙམ་རེ་དང་གོ་ས་མཐོ་ཙམ་རེ་རེག་ནས་རང་གི་མི་རིགས་ལ་སེམས་གཏམ་བརྗོད་དམ། དོན་ངོ་མ་སུ་དང་སུ་ཡོད། མང་ཆེ་ཤས་ཀྱིས་ཕན་ཚུན་ལ་ཁ་ཡག་དང་ངོ་དགའ། སྤྲེལ་ལད་རྐྱང་བ་འཁྲབ་ནས་ཉི་མ་གཏོང་ཐབས་བྱེད་ཀྱིན་མི་འདུག་གམ།
གལ་ཏེ་བོད་འདི་ནད་ཕོག་ཀྱང་ནད་ངོས་མ་ཟིན་པའི་ནད་པ་ཞིག་ཡིན་པའི་དབང་དུ་བཏང་ན《བོད་རེ་བ་ཅན》འདི། ད་གཟོད་ཁོའི་ནད་བརྒྱ་མ་འཁྲུལ་བར་ཡོངས་སུ་ངོས་འཛིན་མཁན་གྱི་སྨན་པ་མཆོག་གྱུར་དེ་རེད་འདུག་ལ། 《བོད་རེ་བ་ཅན》གྱིས་ནད་པ་དེ་ལ་ཧ་ཅང་ཁ་གསལ་བའི་ངང་ནས་ནད་བརྒྱ་ཇི་ལྟར་བཅོས་དགོས་ལུགས་ཀྱང་བཤད་ཡོད་པ་རེད། དེ་ཡང་དཔེར་ན། ནད་པ་ཞིག་གིས་སྨན་པ་ལ་ནད་རྟགས་ངོས་འཛིན་དུ་བཅུག་རྗེས་ནད་ལས་ཐར་བར་འདོད་ན་ཅིས་ཀྱང་སྨན་པ་དེའི་ནད་བཅོས་མན་ངག་ལ་ཉན་དགོས་པ་མ་ཟད། སྨན་པས་ཅི་གསུང་ལྟར་སྨན་བསྟེན་དགོས་པ་མ་ཡིན་ནམ། དཔེ་དེ་བཞིན་དུ་དེང་སང་བོད་མི་ཤ་ཞེན་ཅན་མང་བོ་ཞིག་གིས་བོད་འདི་རྗེས་ལུས་ཡིན་ལུགས་དང་དེའི་རྩ་བ་གན་དང་འདི་ལ་ཐུག་ཡོད་ལུགས་མང་དུ་གླེང་བཞིན་འདུག་མོད། ཁོ་ཚོ་ཕལ་ཆེ་བས་ཀྱང་དཔྱད་པ་གནད་ལ་འཁེལ་ཐུབ་མེད་ལ། མང་ཤོས་ཤིག་གིས་ད་རུང་ང་དང་འདྲ་བར་སྤྱི་ཚོགས་ཀྱི་གནད་དོན་མང་བོ་ཞིག་ལ་ཁ་གཏད་གཅོག་མ་ཕོད་པར་སྐྲག་ནས་སེམས་ཀྱིས་ཤེས་རུང་ཁ་ནས་བཤད་མ་ཕོད་པར་ལུས་སོང་ཡོད་པ་རེད། འོན་ཀྱང《བོད་རེ་བ་ཅན》གྱིས་དེ་ལྟར་བྱས་མི་འདུག ཁོ་ནི་ཁ་ཁོག་མེད་པའི་དྲང་སྲོང་སྒམ་པོ་ཞིག་རེད། རང་མི་རིགས་ལ་སེམས་གཏམ་འདི་བཤད་ནས་མི་ངན་ཅོལ་ཆུང་ཞིག་གིས་གསད་སོང་རུང་འགྱོད་པ་མེད་པའི་དཔའ་བོ་ཞིག་རེད་འདུག
《བོད་རེ་བ་ཅན》གྱིས་ང་ཚོ་བརྗོད་ཡོད། ང་ཚོའི་དགའ་བ་རེ་བཞི་བརྗོད་ཡོད། ང་ཚོའི་ནད་རིགས་རེ་བཞི་ངོས་བཟུང་ནས་བརྗོད་ཡོད་པ་མ་ཟད། ཇི་ལྟར་བཅོས་ལུགས་ཀྱང་གསལ་བོར་བརྗོད་ཡོད། འོན་ཀྱང་ནད་རིགས་ལས་དྲགས་བསྐྱེད་འབྱུང་མིན་དེ་ཁོ་ལ་ཡང་གདེང་ཚོད་མེད་དེ། ནད་པས་སྨན་པའི་ཁ་ལ་ཉན་མིན་དེ་ཡང་གཙོ་བོ་ནད་པ་རང་ཉིད་ལ་ཐུག་ཡོད་པ་ལས། སྨན་པ་བཟང་བོ་སུ་ཞིག་གིས་ཀྱང་ནད་པ་ལ་བཙན་གྱིས་སྨན་བཅོས་བྱེད་པ་མི་སྲིད་པས་སོ། །
འོ། ངས་ད་རུང་བཤད་རྒྱུ་བརྗེད་འདུག་སྟེ། 《བོད་རེ་བ་ཅན》ནི་འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་བརྩམས་པ་དང་། 2010ལོའི་ཟླ་3པར་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། ཤོག་ངོས་439དང་ཡིག་འབྲུ་ཁྲི་ཚོ22ཡོད་པའི་དཔེ་ཆ་ཞིག་རེད། ངས་སྔོན་ཆད་གོ་མྱོང་ཡང་ལག་སོན་མ་བྱུང་ལ། ཉེ་དུས་ཤིག་ལ་དྲ་ཐོག་ནས་གྲོགས་པོ་ཞིག་གིས་གློག་རྡུལ་དཔེ་དེབ་ཏུ་བཅོས་པའི《བོད་རེ་བ་ཅན》ཞིག་ང་ལ་བསྐུར་ནས་འབྱོར་ཟིན་ན་ཡང་། ངས་གློག་ཀླད་ནང་མཉེན་ཆས་གང་དགོས་ཤིག་ལེན་མ་ཤེས་པའི་རྐྱེན་གྱིས་ཀློག་འདོན་བྱ་ཐབས་མ་བྱུང་། ཡིན་ཡང་ཟླ་འདིའི་ཟླ་འགོར་ངའི་ལས་གྲོགས་ཤིག་གིས་དམངས་སྒོར་28བྱིན་ཏེ་དཔེ་ཁང་གང་ཞིག་ནས་གོང་དུ་བཤད་པའི་《བོད་རེ་བ་ཅན》དེ་ཉོས་ནས་ཡོང་ཡོད་པ་མཐོང་མ་ཐག ངས་ཁོའི་ལག་ནས་གཡར་ཡོང་ནས་དེ་རིང་ཡོངས་སུ་བཀླགས་ཚར་བ་ཡིན་ནོ། །
2013.10.21ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com