ཁྲི་ཀ་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་མཐར་ཕྱིན་སློབ་མའི་ཁྱིམ་བདག་ཚོགས་འདུ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-31 08:56:00 ཀློག་གྲངས།:


ཕྱི་དྲོའི་དུས་ཚོད་བེད་སྤྱད་ནས་འཛིན་བདག་རྣམ་པས་འཛིན་གྲྭའི་ནང་དུ་
ཁྱིམ་བདག་དང་མཉམ་དུ་བསམ་བློ་བརྗེ་རེས་བྱེད་པ།


ཁྱིམ་བདག་རྣམས་ཀྱིས་སློབ་གྲྭའི་ཇ་ཁང་དུ་དྲོས་ཇ་བཞེས་བཞིན་པ།

             མི་འགྱངས་པར་འབྲིང་རྒྱུགས་ལ་ཁ་ཕྱོགས་པའི་ལོ་རིམ་དགུ་བའི་མཐར་ཐུག་གི་དམིགས་ཚད་ལ་གཞི་བཅོལ་ནས་ཟླ3པའི་ཚེས24ཉིན་སློབ་སྟོན་ཁང་གི་བཀོད་འདོམས་འོག་ཏུ་ལོ་རིམ་དགུ་བའི་དགེ་སློབ་ཡོངས་དང་ཁྱིམ་བདག་འཐུས་མི་བཅས་བསྡོམས་པས་མི435ལྷག་ཐེངས་འདིའི་ཚོགས་ཐོག་ལ་ཞུགས།


སློབ་རའི་གསར་འགོད་པས་གསོལ་ཇ་བཞེས་པའི་བར་གསེང་བརྒྱུད་ནས་ཁྱིམ་བདག་ལ་
འཚོ་བའི་ཕྱོགས་ཀྱི་གནས་ཚུལ་བཅར་འདྲི་བྱེད་བཞིན་པའི་ཚུལ།


སློབ་སྟོན་ཀྲུའུ་རིན་གཞོན་པ་རྒན་ཚེ་རིང་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

             ཐེངས་འདིའི་ཁྱིམ་བདག་ཚོགས་འདུ་རིམ་པ་གསུམ་དུ་བགར་ནས་བསྡུས་པ་སྟེ།
             སྔ་དྲོར་སྐས་རིམ་ཐོག་ཁང་ནང་དུ་སློབ་སྟོན་ཀྲུའུ་རིན་རྒན་དཔལ་མགོན་ལགས་ཀྱིས་སློབ་གྲྭའི་སློབ་སྟོན་ཕྱོགས་ཀྱི་བྱ་བ་སྤྱི་སྡོམ་ཡར་ཞུ་ཞུས་པ་མ་ཟད་ཁྱིམ་བདག་ཚོགས་འདུ་བསྡུས་བའི་དམིགས་འབེན་ཐད་ལ་གསུང་བཤད་གལ་ཆེན་གནང་བ་དང་སློབ་མའི་མགྲིན་ཚབ་པ་སྒྲོལ་མ་རྒྱ་མཚོ་ལགས་ཀྱིས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ཐད་ནས་ཁ་གསལ་ཞིང་གོ་བདེ་བའི་སྙན་འབུལ། འཛིན་བདག་འཐུས་ཚབ་རྒན་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་ཀྱང་འཛིན་གྲྭའི་དོ་དམ་ཐད་ནས་གཏམ་བཤད་གནང་ཞིང་། བསླབ་ཁག་དགེ་རྒན་རིན་ཆེན་ཕུན་ཚོགས་ལགས་ཀྱིས་སློབ་གསོའི་འཛིན་སྟངས་ཐད་ནས་ལུང་དང་རིགས་པས་བསྒྲུབས་ཏེ་གནས་ཚུལ་དྲང་བོར་བརྗོད་པར་ཁྱིམ་བདག་རྣམ་པས་མཐེབ་མོའི་རྡེབ་སྒྲ་ཡུན་རིང་ལ་མ་ཞུ་བ་རེད།   མ་ཟད་ཀྲུའུ་རིན་གཞོན་པ་རྒན་ཚེ་རིང་རྡོ་རྗེ་ལགས་ཀྱིས་༢༠༡༠ལོའི་འབྲིང་རྒྱུགས་ཁྲོད་གཡུར་ཟའི་འབྲས་བུ་བླངས་པའི་དགེ་སློབ་ཚོའི་དཀའ་སྡུག་གི་བརྩོན་པའི་གོ་རིམ་གསལ་བོར་བཤད་དེ་རྗེས་ཕྱོགས་ཁྱིམ་བདག་རྣམ་པས་ཁྱིམ་ཚང་སློབ་གསོ་གཙིགས་སུ་བཟུང་ནས་འབྲེལ་ཡོད་འབྲིང་རྒྱུགས་ལ་དགོས་མཁོའི་མཐུན་རྐྱེན་སྦྱར་དགོས་པའི་རྒྱུ་མཚན་སོགས་གསུང་བཤད་གལ་ཆེན་གནང་།


དགེ་རྒན་འཐུས་ཚབ་པ་རིན་ཆེན་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


ཚོགས་རའི་ཟུར་ཞིག

             ཉིན་གུང་གི་དྲོས་ཇའི་སྐབས་སུ་ཁྱིམ་བདག་ཡོད་ཚད་ཟ་ཁང་ནང་དུ་ཁྲིད་ནས་སློབ་མའི་འཚོ་བའི་ཐད་ལ་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག 


སློབ་མའི་འཐུས་ཚབ་པ་སྒྲོལ་མ་རྒྱ་མཚོས་གཏམ་བཤད་གནང་བཞིན་པ།


སློབ་སྟོན་ཀྲུའུ་རིན་རྒན་དཔལ་མགོན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

             ཕྱི་དྲོར་སློབ་སྟོན་ཁྲུའུ་ཡི་ཀྲུའུ་རིན་རྒན་དཔལ་མགོན་དང་རྒན་ཚེ་རིང་རྡོ་རྗེ་གཉིས་ཀྱིས་མགོ་འཛིན་མཛད་དེ་ཁྱིམ་བདག་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་དྲན་ཚུལ་དང་བསམ་འཆར་ལྷུག་བརྗོད་གནང་བ་སྟེ།
དང་པོ།  སློབ་མས་ཟ་མ་ཆུད་ཟོས་བྱེད་པའི་སྣང་ཚུལ་ངོ་མའི་ཚབས་ཆེན་ཡིན་པ།
གཉིས་པ།   སློབ་གྲྭས་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་འཚོ་བར་མཐུན་རྐྱེན་བཟང་བོ་བསྐྲུན་ཡོད་པས།  འཚོ་བའི་ཆུ་ཚད་ཐད་ནས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལས་ལྡབ་འགྱུར་གྱིས་བཟང་ན་ཡང་། ད་དུང་སློབ་མ་ལ་ལས་ཁྱིམ་བདག་དང་དགེ་རྒན་གྱི་རེ་བ་སྟོང་ཟད་དུ་གཏོང་བའི་སྣང་ཚུལ་ཡོད་པ།
གསུམ་པ། རྗེས་ཕྱོགས་མུ་མཐུད་དུ་ཞོར་ཟས་ཀྱི་རིགས་གཏན་འགོག་བྱས་ན་བཟང་བ།
བཞི་བ།   དགེ་རྒན་དང་ཁྱིམ་བདག་བར་འབྲེལ་འདྲིས་ཉུང་བ།
ལྔ་བ།  ཁྱིམ་བདག་གིས་རང་གི་བུ་ལ་ལྟ་སྐྱོང་གང་ལེགས་བྱེད་པ་དང་བུ་དང་བུ་མོས་དགེ་རྒན་གྱི་ཁ་ལ་སློབ་གསོ་ལ་ཉན་པ། དགེ་རྒན་གྱིས་སློབ་མར་ཐུགས་ཁུར་དང་སྣེ་སྟོན་ལེགས་པོ་བྱས་ཏེ་བུམ་པ་གང་བྱོའི་ཚུལ་དུ་རིག་གནས་ཤེས་བྱ་སྦྱིན་པ།
དྲུག་པ། དགེ་སློབ་ཀྱི་འབྲེལ་བ་ཆུ་དང་འོ་མ་བཞིན་དུ་གཏིང་ཇེ་ཟབ་ཏུ་གཏོང་བ།
བདུན་པ།  སློབ་གྲྭའི་སྨན་པ་རྣམ་པས་གཙང་སྦྲ་འཕྲོད་བསྟེན་ཕྱོགས་ནས་ད་དུང་མུ་མཐུད་དུ་ཤུགས་སྣོན་རྒྱག་པ།
བརྒྱད་པ།  སློབ་མའི་ཁྲོད་དུ་ད་དུང་ཁ་འཛིང་ལག་འཛིང་བྱེད་པའི་གནད་དོན་རེ་གཉིས་ཡོད་པས་།ཚོད་འཛིན་གང་ལེགས་བྱེད་པ།
དགུ་བ།  སློབ་གྲྭས་གནང་བ་གཏོང་སྐབས་ངེས་པར་དུ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ནས་ཁྱིམ་བདག་དང་དགེ་རྒན་སློབ་མ་བཅས་ཕྱོགས་གསུམ་པའི་ཐད་ནས་ཕར་སྐྱེལ་ཚུར་ལེན་གྱི་བྱ་བ་ནན་ཏན་དང་གཟབ་ནན་སྒོས་སྒྲུབ་པ་སོགས་ཁྱིམ་བདག་མང་པོ་ཞིག་གིས་ཕན་ཚུན་གྱི་གྲོས་བསྡུར་ཁྲོད་ནས་གཏམ་བཤད་མང་པོ་གནང་བ་རེད། མཇུག་མཐར་སློབ་གྲྭའི་མགོ་ཁྲིད་རྣམས་ཀྱིས་ཉིན་དེའི་བྱ་བ་སྤྱི་སྡོམ་བྱས་ནས2011ལོའི་འབྲིང་རྒྱུགས་ལ་ཁ་ཕྱོགས་པའི་ཁྱིམ་བདག་ཚོགས་འདུ་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མཛའ་བརྩེའི་མཉམ་འབྲེལ་ཁྲོད་ནས་བདེ་ལེགས་ངང་མཇུག་སྒྲིལ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།